གནས་མཆོག་ཁའུ་བྲག་རྫོང་གི་སེམས་ཀྱི་འཆར་སྒོའི་གདུང་དབྱངས།

རྩོམ་པ་པོ། དཔལ་ས་སྐྱ་དགོན་མཁན་ཆེན་ཀུན་བཟང་རྒྱལ་མཚན།

ཕ་བླ་མ་འཇམ་དཔའི་དབྱངས་ལ་འདུད། །སྤྲང་རི་ཁྲོད་ཟིན་པར་བྱིན་གྱིས་རློབས། །ངས་གནས་མཆོག་ཁའུའི་བྲག་རྩེ་རུ། །ཡིད་སྐྱོ་བསང་ངང་ལ་ལྷོད་ཅིག་བཞག ༢།ཡའི་ཨ་སྔོན་ཆུ་འཛིན་གཞོན་ནུའི་ཁྱུ། །རང་སེམས་ལས་ལོག་པ་མིན་འདུག་ཀྱང་། །ཁོང་སྣ་ཚོགས་སྤྲོས་པའི་རོལ་གར་སྟོན། །ཡ་ལོག་སུ་འཆར་བ་ངོ་མཚར་ཆེ། ༣།ཡའི་རྟགས་མཚེར་གངས་དཀར་ཇོ་མོ་དེ། །རང་སེམས་ལས་ལོགས་པ་མིན་འདུག་ཀྱང་། །ཁོང་མཐོ་གཟར་དཀར་ལ་དངས་ཞིང་མཛེས། །ཡ་རྒྱང་ནས་འཆར་བ་ངོ་མཚར་ཆེ། ༤།ཕའི་སྤང་རི་སྔོན་མོ་ཡངས་ཤིང་ཆེ། །རང་སེམས་ལས་ལོག་པ་མིན་འདུག་ཀྱང་། །ཁོང་མེ་ཏོག་མཚེའུ་སྣ་ཚོགས་ངོམ། །ཡ་ཡུལ་དུ་འཆར་བ་ངོ་མཚར་ཆེ། ༥།ཕའི་གཡའ་རི་སྔོན་མོ་མཐོ་ཞིང་གཟར། །རང་སེམས་ལས་ལོག་པ་མིན་འདུག་ཀྱང་། ཁོང་དྭངས་གཙང་ཆུ་རྒྱུན་སྣ་ཚོགས་འབེབ། ཡ་ཐ་དད་འཆར་བ་ངོ་མཚར་ཆེ། ༦།མའི་གཡང་ས་མཐོ་གཟར་སྐྱི་གཡའ་བ། དེ་བདེན་པ་སྤུ་ཙམ་མིན་འདུག་ཀྱང་། ཁོང་བྱ་ཆེན་སྣ་ཚོགས་གཤོག་རྩལ་ངོམས། །ཡ་རྣལ་འབྱོར་སྡང་སྐྲག་ངོ་མཚར་ཆེ། ༧།མའི་རི་ལྡེབ་མཐོ་དམན་སྒང་མ་གཞོང་། །རང་བདེན་པ་སྤུ་ཙམ་མིན་འདུག་ཀྱང་། །སྨན་སྣ་ཚོགས་འབྲས་ཤིང་མང་པོས་མཛེས། །ཡ་རྣལ་འབྱོར་ཉམས་དགའ་ངོ་མཚར་ཆེ། ༨།མའི་སྤང་གཞོང་སྔོན་མོ་གཡུ་གཞོང་མ། །རང་བདེན་པ་སྤུ་ཙམ་མིན་འདུག་མོད། །མཛེས་མེ་ཏོག་སྣ་ཚོགས་བཅལ་དུ་བཀྲམ། ཡ་རྣལ་འབྱོར་ཡིད་འཕྲོག་ངོ་མཚར་ཆེ། ༩།མའི་གྲོམ་ཆུ་དངས་མ་ཁྱ་གེ་ཁྱོག །རང་བདེན་པ་སྤུ་ཙམ་མིན་འདུག་ཀྱང་། །དབྱངས་སྙན་མོའི་གླུ་དབྱངས་ཆད་པ་མེད། །ཡ་རྣལ་འབྱོར་བརྒལ་འདོད་ངོ་མཚར་ཆེ། ༡༠།ཨོ་མེ་འབར་མགོན་ཁང་སྒྲ་བོ་ཆེ། །རང་སྐྱེ་བ་སྤུ་ཙམ་མིན་འདུག་ཀྱང་། །ཁོང་བྱིན་རླབས་ལོ་རྒྱུས་འགག་མེད་འཆར། །ཡ་རྟེན་འབྱུང་ལོ་རྒྱུས་ངོ་མཚར་ཆེ། ༡༡།ཨོ་གོང་མ་ཚར་ཆེན་སྒྲུབ་ཕུག་རྣམས། །རང་སྐྱེ་བ་སྤུ་ཙམ་མིན་འདུག་མོད། །ངད་སྐལ་བཟང་རྟེན་དུ་འགག་མེད་འཆར། །ཡ་རྟེན་བྱུང་ཡ་མཚན་ངོ་མཚར་ཆེ། ༡༢།ཨོ་དཔལ་མགོན་བན་ཆུང་ཆོ་འཕྲུལ་ཆེ། །རང་བདེན་པ་སྤུ་ཙམ་མིན་འདུག་མོད། །ཁོང་ཞལ་བཞིའི་རྣམ་འཕྲུལ་འགག་མེད་ངོམ། །ཡ་རྟེན་འབྱུང་ཡ་མཚན་ངོ་མཚར་ཆེ། ༡༣།ཨོ་གྲུབ་པའི་དབང་ཕྱུག་ཁའུ་པ། །རང་བདེན་པ་སྤུ་ཙམ་མིན་འདུག་མོད། །ཁོང་གདུང་རྒྱུད་འགག་མེད་ཆུ་བཞིན་མཛད། །ཡ་རྟེན་འབྱུང་ཕན་བདེ་ངོ་མཚར་ཆེ། ༡༤།ཁོང་རྣལ་འབྱོར་དབང་ཕྱུག་ཚར་པ་རྗེ། །ཁྱེད་གོང་མའི་སྙན་བརྒྱུད་ཡོངས་ལ་དབང་། །དེ་ལོ་རྒྱུས་ཚད་མས་གྲུབ་གྲུབ་མོད། །དེ་བསམ་དུ་མེད་པ་ངོ་མཚར་ཆེ། ༡༥།ཁོང་བྲམ་ཟེ་མཆོག་སྲེད་རྡོར་རིང་པ། །མགོན་ནག་པོ་འཁོར་བཅས་འདིར་བསུས་ནས། །ཁྱེད་བསྐལ་བཟང་རྩེ་མོར་དབང་བསྐུར་མོད། །ཡ་བློ་ཡུལ་མིན་པ་ངོ་མཚར་ཆེ། ༡༦།ཁོང་བརྒྱུད་སྲོལ་ཀུན་འདུས་བདག་ཆེན་པ། །ཆོས་ཚོགས་སློབ་ཟབ་མོའི་དགའ་སྟོན་འབྱེད། །དེ་ཡིད་ཆེས་ཚད་མས་གྲུབ་གྲུབ་མོད། །ཡ་བསྟན་དུ་མེད་པ་ངོ་མཚར་ཆེ། ༡༧།ཁོང་ས་སྐྱའི་རྗེ་བཙུན་གོང་མ་ལྔ། །འདིར་འཆད་ཉན་སྒྲུབ་པ་ཡུན་རིང་མཛད། །དེ་བྱིན་ཅན་ཕུག་པས་གྲུབ་གྲུབ་མོད། །ཡ་བརྗོད་དུ་མེད་པ་ངོ་མཚར་ཆེ། ༡༨ངས་ཟང་ཟིང་ངང་ནས་ཆོས་སྒོར་ཞུགས། །སེམས་དག་ལ་མ་དག་འབད་རྩོལ་བྱས། །ད་ལྐུགས་པའི་ངང་ཚུལ་ཇེ་ཉེར་འདའ། །ང་རྣལ་འབྱོར་སྒོམ་ཚུལ་མ་ནོར་དྲང་། ༡༩།སེམས་དག་པས་བྲིས་པར་དགེ་སྲིད་ན། །ཁོང་ཐོབ་རྒྱུ་མེད་པའི་སངས་རྒྱས་ཐོབ། །དོན་བསྒྲུབ་རྒྱུ་མེད་པའི་གཞན་དོན་སྒྲུབ། །ཁོང་ཕ་རྒོད་བླ་མ་དགྱེས་བྱེད་ཤོག།
ཅེས་པའང་ཉིན་ཞིག་བྲག་རྩེར་སྐྱོ་བསང་ལ་འགྲོ་སྐབས་ཉེ་གནས་ལ་ཅ་ཅོ་སྨྲ་རྒྱུ་མི་འདུག ཕར་བལྟ་དུས་ལྷོ་རི་རྣམས་ལམ་མེར་འཆར་ཀྱང་འཛིན་མེད་དུ་ཡེ་རེ་གནས་པ་ལས་ལངས་སྐབས་ཤུགས་བྱུང་དུ་མདོ་མེད་པ་སྤྲང་བན་ཀུན་བཟང་རྒྱལ་མཚན་དུ་འབོད་པས་བྲིས་པའོ། །

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*