གནས་མཆོག་ཁའུ་བྲག་རྫོང་།

 དཔལ་ས་སྐྱ་ངོ་མཚར་སྤྲུལ་པའི་ལྷ་ཁང་ཆེན་མོ་ནས་སྤྱི་ལེ་བཅུ་གཉིས་ཙམ་ན་ཆགས་ཡོད་པའི་གནས་མཆོག་ཁའུ་བྲག་རྫོང་གསང་ཆེན་གྲུབ་པའི་ལྟེ་གནས་འདི་ནི་ལོ་ངོ་སྟོང་ཕྲག་གིས་ལོ་རྒྱུས་ལྡན་ཞིང་ལུང་གིས་བསྟན་པའི་དཔལ་ས་སྐྱ་པའི་སྒྲུབ་གནས་གཙུག་རྒྱན་ཞིག་ཡིན། གནས་འདི་ནས་བླ་མ་གནམ་ཁའུ་པ་ནས་བཟུང་རྗེ་བཙུན་གོང་མ་ལྔའི་གཙོས་ངོར་རྫོང་ཚར་གསུམ་དང་གྲུབ་མཐའ་རིས་སུ་མ་ཆད་པའི་གྲུབ་པའི་ཁྱུ་མཆོག་བསམ་གྱིས་མི་ཁྱབ་པ་བྱོན། ལྷག་པར་གོང་མ་ཞལ་ངོ་ནང་བརྒྱུད་ཀྱི་སྙན་བརྒྱུད་ཚོགས་སློབ་མཐའ་དག་ཀྱང་གནས་འདི་ནས་དར་ཁྱབ་ཏུ་ཕྱིན་ཡོད། འདིར་མགོན་པོ་ཞལ་བཞི་པ་དངོས་སུ་བཞུགས་པར་རྟེན་གཙུག་ལག་ཁང་ནས་རང་བྱུང་གི་མེ་རླབས་དངོས་སུ་བྱུང་བས་མེ་འབར་གྱི་གཙུག་ལག་ཁང་ཞེས་ཀྱང་གྲགས། སྔོན་བླ་མ་གནམ་ཁའུ་པ་ཆོས་ཀྱི་རྒྱལ་མཚན་བསྙེན་སྒྲུབ་མཛད་སྐབས་གཉན་ལོ་ཙཱ་བས་མགོན་པོ་ཞལ་བཞིའི་རྣམ་སྤྲུལ་ཕྱག་ཕྱིར་བོད་དུ་གདན་དྲངས་པ་བན་ཆུང་གི་གཟུགས་སུ་སྤྲུལ། བན་ཆུང་གཉན་ལོས་བླ་ཆེན་གནམ་ཁའུ་པ་ལ་ཕུལ་བས་ཉེ་གནས་མཛད་དེ་བཞུགས། ཉིན་ཞིག་ཁ་བ་ཆེན་པོ་བབས་པས་བྲག་ཕུག་གི་ཕྱིར་འགྲོ་བསྐྱོད་དཀའ་བས་བན་ཆུང་གིས་བྲག་ཕུག་གི་སྒེའུ་ཁུང་ནས་ཕྱག་རིང་བསྐྱངས་ཏེ་ཁའུ་གཙང་པོ་ནས་ཆུ་ལེན་པ་གནམ་ཁའུ་པས་གཟིགས་ཏེ་ཁྱོད་ལ་སྤྲུལ་པ་སྟོན་རྒྱུ་འདུག་པས་སྤྲུལ་པ་སྟོན་ཅིག་གསུངས་པས་བན་ཆུང་གིས་དཔལ་མགོན་ཞལ་བཞི་པའི་སྐུ་དངོས་སུ་བསྟན་ཞིང་བྲག་རི་མེ་ཕུང་གི་རྒྱན་ཡོལ་མཛད་དེ་དཔལ་མགོན་ཞལ་བཞི་པས་ང་གང་ལ་འཐིམ་ཞེས་གསུངས་པར་བླ་ཆེན་གྱི་བྲག་ངོས་ལ་ཕྱག་མཛུབ་བསྟན་ཏེ་འདིར་འཐིམ་ཞེས་གསུངས་པས་བྲག་ངོས་ལ་འཐིམ་པས་བྲག་རི་མེ་རླབས་ཀྱི་ཚུལ་དུ་གནས་པ་ད་ལྟའང་མཇལ་རྒྱུ་ཡོད། གནས་འདིར་མེ་འབར་གྱི་མགོན་ཁང་གི་གཙོས་རྗེ་བཙུན་གོང་མ་རྣམ་ལྔ་སོགས་ཀྱི་བྱིན་རླབས་ཀྱི་གཟི་བྱིན་འབར་བའི་སྒྲུབ་ཕུག་སྣ་ཚོགས་བཞུགས། གཞན་ཡང་བསྟན་སྲུང་དབང་པོ་གནས་འདི་ནས་སྤྱན་འདྲེན་ཞུ་ཞིང་། ཡོངས་གྲགས་སུ་གནས་འདི་ནི་མེ་འབར་གྱི་གཙུག་ལག་ཁང་བཞིའི་ཡ་གྱལ་དཔལ་མགོན་ཞལ་བཞི་པའི་མེ་འབར་གྱི་གཙུག་ལག་ཁང་དུའང་གྲགས་ཤིང་གྲུབ། དུས་འགྱུར་ལོ་བཅུའི་གོད་ཆགས་ཆེན་མོའི་སྐབས་འདུ་ཁང་དང་སྒྲུབ་ཁང་ཕལ་ཆེར་རྩ་མེད་དུ་སོང་མོད། སླར་ཡང་རྟེན་དང་བརྟེན་པར་བཅས་པ་ཉམས་གསོ་ལེགས་པར་མཛད་དེ་ད་ལྟ་བྱིན་རླབས་ཆེ་ཞིང་གཟི་བྱིན་འབར་བ་བཞུགས་པ་འདི་ག་ལགས།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*