ནཱ་ལེནྜ་དང་ནཱ་ལེནྜའི་དཔེ་མཛོད་ཀྱི་གོད་ཆག

རྩོམ་པ་པོ།  འཇམ་དབྱངས་དཀར་པོ།

སྤྱི་ལོ་ ༢༠༡༨ ཟླ་ ༦ ཚེས་ ༢༢ ཉིན།
ནཱ་ལེནྜ་གཙུག་ལག་སློབ་གཉེར་ཁང་ནི་བྷི་ཧར་(Bihar)ནང་གི་སྲོལ་རྒྱུན་མཐོ་རིམ་སློབ་གཉེར་གྱི་ལྟེ་གནས་ཤིག་ཡིན་ལ། རྒྱ་གར་ནང་ཏཱཀ་ཤི་ལ་(Takshila)ཡི་རྗེས་ཀྱི་སློབ་གཙུག་ལག་སློབ་གཉེར་ཁང་ཆེ་ཤོས་ཀྱང་ཡིན་པ་རེད།

གནའ་བོའི་ནཱ་ལེནྜ་གཙུག་ལག་སློབ་གཉེར་ཁང་གི་ས་ཁྱོན་ལ་ཨེ་ཀར་(hectares. 公顷) ༡༤ ཡོད་པ་དང་། སྤྱི་ལོའི་དུས་རབས་ལྔ་པ་ནས་སྤྱི་ལོ་ ༡༡༩༣ ལོར་ཏུར་ཀེ་པ་(Turkish) ཡིས་བཙན་འཛུལ་མ་བྱས་པར། ཐག་རིང་བོད་དང་རྒྱ་ནག གྷི་རི་སི། པཱར་ཤི་ཡ་སོགས་ཀྱི་སློབ་གཉེར་བའི་ཡིད་དབང་འཕྲོག་པའི་བསྟི་གནས་ཤིག་ཡིན།

ནཱ་ལེནྜ་ནི་སྤྱི་ལོ་ ༡༡༩༣ ལོར་ཏུར་ཀེའི་ཁ་ཆེ་དམག་སྤྱི་ཆེན་མོ་བྷ་ཁཱ་ཌི་ཡར་ ཁཱལ་རྗི་(Bakhtiyar Khilji)[གནའ་དུས་ཏུར་ཀེ་དང་དེང་སང་ཨ་ཧྥུ་གྷ་ནི་སི་ཋིན་དུ་སྤྱི་ལོ་ ?-༡༢༠༦ གྲོངས།] བཙན་འཛུལ་འོག་ནས་ཇག་བཅོམ་དང་གཏོར་བཅོམ་བྱས།

ནཱ་ལེནྜ་གཙུག་ལག་སློབ་གཉེར་ཁང་གི་དཔེ་མཛོད་ཁང་ཧ་ཅང་གཞི་རྒྱ་ཆེ་ཞིང་། ཡིག་ཚགས་ནང་བཀོད་པ་ལྟར་ན་ནཱ་ལེནྜའི་དཔེ་མཛོད་ནང་དཔེ་ཆ་ས་ཡ་ ༩ ལྷག་ཡོད་པ་དང་། ཏུར་ཀེའི་བཙན་འཛུལ་བས་དཔེ་ཆ་རྣམས་ཟླ་བ་གསུམ་ལྷག་ལ་མེར་སྲེག་བཏང་མཐར་དཔེ་མཛོད་ཁང་ཡང་མེར་སྲེག ནཱ་ལེནྜ་གཏོར་བཅོམ་དང་གྲྭ་པ་རྣམས་ལ་རྡུང་གསོད་སྤྱུགས་གསུམ་བྱས།

ཁ་ཆེ་དམག་སྤྱི་ཆེན་མོ་བྷ་ཁཱ་ཌི་ཡར་ ཁཱལ་རྗིས་ནཱ་ལེནྜ་ཇི་ལྟར་གཏོར་བཅོམ་བྱས་པའི་སྐོར་པཱར་ཤི་ཡའི་ལོ་རྒྱུས་སྨྲ་བ་དང་། ལྷག་པར་ཁ་ཆེའི་ལོ་རྒྱུས་རྩོམ་པ་པོ་མཱན་ཧཱ་རྗི་-ཨ་ཡེ་-སེ་ར་རྗི་(Minhaj-i-Siraj)[སྤྱི་ལོ་ ༡༡༩༣-?] ཡིས་བྲིས་པའི་ལོ་རྒྱུས་ཀྱི་ནང་དུ། ཁཱལ་རྗི་ལ་བྷི་ཧར་ས་མཚམས་སུ་སྲིད་དབང་གཞན་གྱི་མངའ་འོག་ཏུ་མེད་པའི་སྒེར་བདག་གྲོང་ཚོ་གཉིས་ཡོད་པ་དང་། ཁོས་དེ་ནི་བྷི་ཧར་གཏོར་བཅོམ་ལམ་ལྷོང་ཡོང་བའི་གོ་སྐབས་ཡག་ཤོས་ཤིག་ཡིན་པ་དྲན་ཡོད་པར་མ་ཟད། གཞན་ལས་ལྷག་པའི་འབད་བརྩོན་བྱེད་དགོས་པའི་ངོས་འཛིན་ཐོབ།

ཁཱལ་རྗི་ལ་དཔའ་ངར་སྐྱེས་ཏེ། བྷི་ཧར་ལ་བཙན་རྒོལ་བྱ་རྒྱུ་ཐག་བཅད་ནས། བྷི་ཧར་ལམ་ལྷོང་ངང་དབང་བསྒྱུར་ཐུབ་པ་དང་། འཕྲོག་བཅོམ་བྱས་པའི་ནོར་རྫས་རྣམས་སྤྱི་རྒྱུ་གལ་ཆེན་ཞིག་ཡིན་པའི་རྩིས་བརྒྱབ།

མཱན་ཧཱ་རྗི་-ཨ་ཡེ་-སེ་ར་རྗིས་བཙན་རྒོལ་དེའི་སྐོར་བྲིས་དོན། འཇིགས་བྲལ་དཔའ་པོ་མཱུ་ཧམ་མ་ཊི་-ཨ་ཡེ་-བྷ་ཁཱ་ཌི་-ཡར་(Muhammad-i-Bakht-yar)[བྷ་ཁཱ་ཌི་ཡར་ ཁཱལ་རྗིའི་མིང་གཞན།] རང་ཉིད་ས་གནས་དེའི་བཙན་རྫོང་གི་ལྟག་སྒོ་ནས་འཛུལ་ཏེ་བཙན་རྫོང་བླངས། བཅོམ་འཕྲོག་བྱས་པའི་དངོས་རྫས་དཔག་ཏུ་མེད་པ་ཐོབ།

བཙན་རྫོང་ནང་གཉུག་མར་གནས་པའི་བྲམ་ཟེའི་ཡོད་ཚད་མགོ་རིལ་བཟོས་ཏེ་སྐེ་བཅད། ཧིན་དྷུའི་རྩ་ཆེའི་དཔེ་ཆ་ཡོད་ཚད་ཁ་ཆེ་བས་བེད་སྤྱོད་གང་དྲན་བཏང་བར། ཧིན་དྷུ་བ་མང་པོས་ཧིན་དྷུའི་དཔེ་ཆ་རྣམས་ལ་བརྩི་བཀུར་བྱ་དགོས་པའི་རེ་སྐུལ་ཞུས་པར་ཧིན་དྷུ་བ་ཡོད་ཚད་བསད།

ས་གནས་དེའི་གྲོང་ཁྱེར་དང་གྲོང་ཁྱེར། བཙན་རྫོང་ཧྲིལ་བོར་ཧིན་དྷུའི་སྐད་སྨྲ་ཞིང་། ལྷག་པར་བཙན་རྫོང་དེ་ཧིན་དྷུའི་སློབ་གྲྭ་ཞིག་དང་འདྲ་བས། ཧིན་དྷུ་བ་རྣམས་ཀྱིས་”བྷི་ཧར་གྱི་མཐོ་སློབ་”ཅེས་ཆེ་བསྟོད་ཀྱིས་འབོད།

མཱན་ཧཱ་རྗི་-ཨ་ཡེ་-སེ་ར་རྗི་ཡི་ཁ་ཆེའི་ལོ་རྒྱུས་ཆེན་མོ་ཏ་བྷ་ཁཱུ་ཌི་-ཨེལ་-ནཱ་སེ་རེ་(Tabaquat-I-Nasiri)[ཁོང་གིས་བྲིས་པའི་ཁ་ཆེའི་ལོ་རྒྱུས་ཆེན་མོ་འདི་ལ་གླེགས་བམ་ ༢༣ ཡོད་པ་དང་། སྤྱི་ལོ་ ༡༢༦༠ ལོར་མཇུག་ལེགས་པར་གྲུབ།] ནང་ནཱ་ལེནྜར་བཙན་འཛུལ་བྱས་པའི་སྐོར་བྲིས་དོན། “གྲྭ་པ་སྟོང་ཕྲག་མང་པོ་གསོན་པོ་མེ་ལ་སྲེག གྲྭ་པ་སྟོང་ཕྲག་མང་པོའི་སྐེ་གཏུབ། ཁཱལ་རྗི་ཡིས་ནང་ཆོས་རྩ་གཏོར་བཏང་སྟེ། རལ་གྲིའི་འོག་ནས་ཁ་ཆེའི་ཆོས་ལུགས་སྤེལ། ནཱ་ལེནྜའི་དཔེ་མཛོད་མེར་སྲེག་པ་ཟླ་ཤས་ལ་འབར། དཔེ་ཆ་ལག་བྲིས་མ་རྣམས་སྲེག་པའི་དུ་བས་ཉིན་མོ་ཡང་མཚན་མོ་ལྟར་ནག་ཅིང་། ཉེ་ཁོར་གྱི་རི་ཕྲན་རྣམས་དུ་བས་ཁེབས།”

ནཱ་ལེནྜའི་ཁྲི་རབས་མཐའ་མ་ཤཱཀྱ་ཤྲཱི་བྷ་དྲ་མཆོག་སྤྱི་ལོ་ ༡༢༠༤ ལོར་ཁྲོ་ཕུ་ལོ་ཙཱ་བ་བྱམས་པའི་དཔལ་གྱིས་བོད་ལ་གདན་འདྲེན་ཞུས། ཁོང་དགུང་ལོ་ ༧༧ ཡིན། དེ་ནས་བོད་ལ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེའི་སྡོམ་རྒྱུན་སྤེལ་ཏེ། བོད་ལ་འདུལ་བའི་སྡོམ་རྒྱུན་གཉིས་བྱུང་།

སྤྱི་ལོ་ ༡༢༣༥ ལོར་བོད་ཀྱི་ཆག་ལོ་ཙཱ་བ་ནཱ་ལེནྜར་ཕེབས་སྐབས་ནཱ་ལེནྜ་ཧ་ཅང་ཉམས་ཆག་ཆེ་ཞིང་། དགུང་ལོ་ ༩༠ ལ་སོན་པའི་དགེ་རྒན་རཱ་ཧུ་ལ་ ཤྲཱི་བྷ་དྲ་(Rahula Shribhadra)དང་། ཁོའི་སློབ་མ་ ༧༠ ཙམ་ལས་མེད། ཆག་ལོ་ཙཱ་བ་ཡོད་སྐབས་དེར་ཏུར་ཀེའི་བཙན་འཛུལ་ལ་བརྟེན་ནས་ལྷག་ལུས་གྲྭ་པ་རྣམས་ཀྱང་བྲོས་བྱོལ་དུ་སོང་། འཇིགས་སྐྲག་ཆེ་བའི་གནས་ཚུལ་དེའི་འོག་ནས་ནཱ་ལེནྜའི་རྒྱལ་བོ་མཐའ་མ་ཆ་གྷ་ལ་རཱ་རྗ་(Chagalaraja) ཡི་རོགས་མགོན་འོག་སྤྱི་ལོ་ ༡༤༠༠ བར་ནཱ་ལེནྜ་མ་སྟོང་ཙམ་དུ་གནས།

ཏུར་ཀེ་བཙན་རྒོལ་བས་གཏོར་སྐྱོན་བཏང་བའི་ནཱ་ལེནྜ་ནི་དགོན་པ་དང་གཙུག་ལག་ཁང་ཙམ་དུ་མ་ཟད། གནའ་བོའི་རྒྱ་གར་གྱི་ཚན་རིག་དང་རྩིས་རིག སྐར་དཔྱད་རིག་པ། རྫས་སྦྱོར་(གསེར་འགྱུར་རྩི་སྦྱོར།) རིག་པ། སྨན་དཔྱད་རིག་པ་སོགས་ཀྱི་བསྟི་གནས་ཆེན་པོ་ཞིག་ཀྱང་ཡིན་འདུག

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*