དགེ་རྒན་ནི་སློབ་མའི་མིག་དཔེ་བཟང་པོ་ཡིན།

ཚེ་རིང་གཡང་སྲས། སོག་ཆ་སློབ་དང་པོའི་དགེ་རྒན།

དགེ་རྒན་ཞེས་པ་ནི་དགེ་བའི་ལས་བཟང་པོ་བསྒྲུབས་མཁན་གྱི་རླབས་ཆེན་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པས། སྤྱི་ཚོགས་ཐོག་གི་མི་མང་ཆེ་བས་དགེ་རྒན་ལ་འདེང་འཇོག་ཆེན་པོ་དང་བསྟོད་བསྔགས་ཀྱི་སྙན་ཚིག་དང་རླབས་ཆེན་གྱི་ཚིག་ཕྲེང་མང་པོ་ཞིག་འབུལ་གྱི་ཡོད་ལ། དེ་བཞིན་སྔར་མི་བོད་ཀྱི་ཁ་དཔེར། “སློབ་དཔོན་ཁྱི་རྔ་ཡིན་ཡང་ཐོད་ཆིངས།” ཞེས་གུས་པ་དགོས་པའི་གནས་ལུགས་ཀྱང་ཡོད་སྲིད་པས། ང་ཚོ་དགེ་རྒན་རྣམ་པས་དགེ་རྒན་ཞེས་པའི་མཚན་ཉིད་ལ་སྣང་ཆུང་རྩ་བ་ནས་གཏོང་མི་རུང་ལ་དགེ་རྒན་ནི་འགན་འཁྲི་ཆེན་པོ་དང་བྱ་གཞག་རླབས་ཆེན་ཞིག་ལ་བརྩིས་ནས་མིང་དོན་མཚུངས་པ་དང་སློབ་མའི་མིག་དཔེར་འོས་པའི་དགེ་རྒན་བཟང་པོ་ཞིག་བྱེད་ཐུབ་པའི་འབད་འབུངས་བྱེད་དགོས་ལ་དགེ་རྒན་གྱིས་སློབ་མར་མིག་དཔེ་བཟང་པོ་དང་སྣེ་ཁྲིད་ལེགས་པོ་ཞིག་བྱེད་དགོས། གང་ལ་ཞེས་ན་སློབ་མ་ནི་མི་རིགས་ཤིག་གི་ཀ་བ་དང་ཀ་བ་དེ་བརྟན་པོ་ཡོང་བྱེད་ཀྱི་ཀ་རྡོ་ཉག་ཅིག་དེ་དགེ་རྒན་ཡིན། སློབ་མ་ཞིག་གི་ངོས་ནས་བརྗོད་ན་དགེ་རྒན་ལ་ཡིད་སྨོན་དང་དགེ་རྒན་གྱི་འགྲོ་འདུག་སྤྱོད་གསུམ། དེ་བཞིན་བྱ་སྤྱོད། སྐད་ཆ་བཤོད་སྟངས། རྣམ་པ་གཏོང་སྟངས། ཕྱོགས་གང་ཅིའི་ཐད་ནས་ལད་མོ་བྱེད་སྲིད། ང་ཚོ་དགེ་རྒན་རྣམ་པས་དགེ་རྒན་རང་ཉིད་ཀྱི་བྱ་བའི་རང་བཞིན་ཤེས་པ་བྱས་ནས་སློབ་མ་ལ་མིག་དཔེ་སྟོན་དགོས།

དང་པོ།  བབ་ཆགས་ཀྱི་བཟོ་ལྟས་སློབ་མར་མིག་དཔེ་སྟོན་པ། སྐམ་མཚོ་མཁའ་གསུམ་ལ་གནས་པའི་སྲོག་ཆགས་ཅི་འདྲ་ཞིག་ཡིན་རུང་བབ་ཆགས་ཀྱིས་བཟོ་ལྟས་སྦྱིན་པའི་ཚོར་སྣང་མི་འདྲ་བ་འདྲ་མིན་སྣ་ཚོགས་སྦྱིན་སྲིད། ཁག་ཅིག་གིས་བཟོ་ལྟས་གཏུམ་དྲག་གི་ཚོར་སྣང་སྦྱིན་པ་དང་ཡང་ཁག་ཅིག་གི་བཟོ་ལྟས་ཞི་འཇམ་བག་ཡོད་དང་བཀྲ་ཤིས་པའི་ཚོར་སྣང་ཡང་སྦྱིན་སྲིད། དེ་བཞིན་མི་རྣམས་ཀྱིས་སྲོག་ཆགས་དེ་དག་གི་བཟོ་ལྟར་དཔེ་སྦྱར་ནས་སྙན་རྩོམ་ཡང་མང་པོ་འབྲི་ཡི་ཡོད། དེའི་རྒྱུ་མཚན་དེ་ལ་གཞིགས་ནས་མི་ཞིག་གི་ངོས་ནས་བརྗོད་ན་བབ་ཆགས་ཀྱི་བཟོ་ལྟ་གཙོ་གནད་ཡིན་པ་ནི་བཤོད་མི་དགོས་པ་ཞིག་ཡིན་ལ་སྤྱི་ཚོགས་ཐོག་གི་མི་སུ་འདྲ་ཞིག་ཡིན་རུང་བཟོ་ལྟའི་ཐོག་ནས་ལྟ་སྟངས་མི་འདྲ་བ་སྣ་ཚོགས་ཡོང་སྲིད་པ་དེ་བཤོད་མི་དགོས་པ་ཞིག་ཡིན། ང་ཚོ་དགེ་རྒན་རྣམ་པས་དེ་བས་ཀྱང་སོ་སོའི་བག་ཆགས་ཀྱི་བཟོ་ལྟས་མིག་དཔེ་བཟང་པོ་ཞིག་བཏོན་དགོས་པ་ནི་སྨོས་མེད་རེད། དགེ་རྒན་ནི་དུས་དང་རྣམ་པ་ཀུན་ཏུ་སློབ་མ་དང་མཉམ་གཤིབ་བྱེད་མཁན་དེ་ཡིན་པས་སློབ་མའི་མིག་དཔེ་ལྟ་ས་གཙོ་བོ་ནི་དགེ་རྒན་ཡིན། དེར་བརྟེན་དགེ་རྒན་རང་ཉིད་ཀྱི་གྱོན་ཆས་གོན་སྟངས་དང་སྐྲ་ཡི་བཟོ་ལྟ་བཟོ་སྟངས་ད་དུང་དེ་བཞིན་དུས་རྒྱུན་མཛེས་བཟོའི་རྣམ་པ་གཏོང་སྟངས་སོགས་ཀྱིས་སློབ་མ་ལ་བག་ཆགས་ངེས་གཏན་ཞིག་འཇོག་སྲིད་པས་དགེ་རྒན་རང་ཉིད་ཀྱི་ངེས་པ་དུ་བབ་ཆགས་ཀྱི་རྣམ་པ་ཞིག་བཏོན་ནས་རང་ཉིད་ཀྱི་བཟོ་ལྟའི་ཐོག་ནས་ཞི་འཇམ་བག་ཡོད་དང་ངང་བརྒྱུད་རིང་བ། གཙང་ཞིང་གྲ་འགྲིག་ལ་རྣམ་པ་དོད་པ། ཡིད་འོང་ཉམས་དགའི་རྣམ་པ་དང་གཙང་ཞིང་མཛེས་པའི་བཟོ་ལྟ་བཏོན་ནས་སློབ་མ་ལ་མིག་དཔེ་བཟང་པོ་བཏོན་དགོས། ང་ཚོ་དགེ་རྒན་གྱི་ལས་རིགས་དེ་རང་ག་བ་ཞིག་མ་ཡིན་པར་ལས་རིགས་གཞན་ལས་འགག་གནད་ཆེ་བ་ཡོད་པ་དེ་ཚང་མས་ཤེས་གསལ་རེད་ལ་དེ་བཞིན་ལས་རིགས་དེར་བབ་ཆགས་བཟོ་ལྟ་དགོས་པ་ལས་འདྲ་མིན་སྣ་ཚོགས་ཀྱི་བཟོ་ལྟ་གཏོང་མི་རུང་བ་དེ་དགེ་རྒན་གྱི་བྱེད་མི་ཆོག་པའི་བྱ་སྤྱོད་དྲུག་ནང་གསལ་པོ་བཤད་ཡོད་ལ་དགེ་རྒན་གྱི་ཆ་ལུགས་འདྲ་མིན་དེའི་སློབ་མའི་སྐྱེ་འཚར་ལའང་གནོད་པ་ཆེན་པོ་ཡོད་སྲིད་པས་བབ་ཆགས་བཟོ་བལྟས་མིག་དཔེ་བཏོན་རྒྱུ་ནི་གལ་ཆེན་ཞིག་ཀྱང་ཡིན།

གཉིས་པ།  ཞི་འཇམ་གྱི་སྐད་ཆས་སློབ་མར་མིག་དཔེ་བཏོན་པ། མི་ཞིག་གི་ངོས་ནས་བརྗོད་ན་སྐད་ཆ་བཤོད་སྟངས་ཀྱི་ཐོག་ནས་མི་དེའི་བྱང་ཚད་ངེས་གཏན་ཀྱང་མངོན་ཐུབ་ངེས་ཡིན་པས་སྐད་ཆ་བཤོད་སྟངས་ཀྱི་འགྱུར་ཁུག་ནི་མིའི་ཡིད་སེམས་འགུག་པའི་ཆ་རྐྱེན་གཙོ་བོ་ཞིག་ཀྱང་ང་ཚོ་མིའི་རྣམ་ཤེས་བསྐྲུན་མཁན་གྱི་མི་དམངས་མང་ཚོགས་ཀྱི་དགེ་རྒན་རྣམ་པའི་ངག་གི་བྱང་ཚད་ངེས་གཏན་ཞིག་དགོས་ངེས་ཡིན་ལ་ཞི་འཇམ་གྱི་སྐད་ཆ་བཤོད་རྒྱུ་ནི་སློབ་ཁྲིད་བྱེད་པའི་བརྒྱུད་རིམ་ནང་ཚང་དགོས་པའི་ཆ་རྐྱེན་གཙོ་བོ་དེ་ཡིན་ལ་སློབ་མའི་ཡིད་སེམས་འགུག་བྱེད་ཀྱི་ནུས་པ་གཙོ་བོ་དེའང་སྐད་ཆའི་ཐོག་ནས་ཕན་ནུས་ཐོན་སྲིད། དུས་རྒྱུན་སློབ་མ་དང་མཉམ་འགྲོགས་བྱེད་པའི་བརྒྱུད་རིམ་ནང་དགེ་རྒན་གྱིས་སློབ་མའི་མདུན་དུ་ཚིག་རྩུབ་མི་སྨྲ་ཞིང་རང་མི་རིགས་ཀྱི་ཡ་རབས་གུས་ལུགས་མངོན་པའི་ཞེ་ཚིག་སྤྱད་དེ་མ་ཉམས་གོང་འཕེལ་དང་ཉམས་པ་སླར་གསོ་བྱས་ནས་སློབ་མར་མིག་དཔེ་གཏོང་དགོས་པ་དང་དེ་བཞིན་དེང་དུས་སྤྱི་ཚོགས་ཐོག་ཁྱབ་རྒྱ་ཆེ་བའི་ར་མ་ལུག་ཀྱི་བསྲེས་སྐད་མི་སྨྲ་བ་བཅས་ཀྱི་ཐོག་ནས་སློབ་མར་མིག་དཔེ་བཟང་པོ་སྟོན་དགོས། ང་ཚོ་དགེ་རྒན་རྣམ་པས་རྣམ་ཀུན་སྐད་ཆ་བཤོད་སྟངས་ལ་སྣང་ཆུང་རྩ་བ་ནས་གཏོང་མི་རུང་ལ་སློབ་མ་རྣམས་ལ་ཞི་འཇམ་དང་ཚུལ་ལྡན་གྱིས་ཕ་སྐད་གཙང་མ་སྨྲ་ཤེས་པའི་ཤུལ་འཛིན་མཁན་ཞིག་གསོ་སྐྱོང་བྱས་ནས་མིག་དཔེ་བཟང་པོ་སྟོན་དགོས། གསུམ་པ། བྱ་སྤྱོད་གཙང་མས་སློབ་མར་མིག་དཔེ་སྟོན་པ། བྱ་སྤྱོད་ནི་མི་ཞིག་གིས་བྱ་བ་བྱེད་བ་སྟངས་དང་འགྲོ་སྟངས་སྤྱོད་པ་སོགས་ལ་གོ་བ་ཡིན་པས་སྐྱེས་མ་ཐག་པའི་ཕྲུ་གུ་དམར་འབྱར་ལ་ལྷན་སྐྱེས་ཀྱི་བྱ་སྤྱོད་གཙང་མ་ལྡན་པ་ཞིག་རྩ་བ་ཉིད་ནས་མེད། བྱ་སྤྱོད་ནི་མིའི་འཚར་ལོངས་བྱེད་བཞིན་པའི་བརྒྱུད་རིམ་ནང་ཕ་མ་དང་དགེ་རྒན་རང་གི་རོགས་པ་སོགས་ལས་ལད་ཟློས་བྱས་པའི་བརྒྱུད་རིམ་ནང་བྱུང་བ་ཞིག་ཡིན་པས་རྒྱ་ཆེའི་མང་ཚོགས་ཀྱིས་ཁྱིམ་བདག་མང་པོའི་རེ་བ་ནི་རང་གི་བུ་ཕྲུག་ལ་བཅོལ་ནས་ཕྲུ་གུ་སློབ་གྲྭ་གཏོང་བ་དང་སློབ་གྲྭ་ནས་འགྲོ་འདུག་སྤྱོད་གསུམ་དང་ཤེས་བྱ་ཡོན་ཏན་སྟོབས་རྒྱས་པའི་རེ་བ་བྱེད་ཀྱི་ཡོད་པ་དེའང་ཁྱིམ་བདག་རྣམ་པས་ང་ཚོའི་སློབ་གྲྭར་བཏབས་པའི་ས་བོན་ཉག་ཅིག་དེ་ཡིན་པས་ས་བོན་དེའི་མྱུ་གུ་འབུས་པ་དང་འབྲས་བུ་སྨིན་པའི་བརྒྱུད་རིམ་ཚང་མ་ནི་དགེ་རྒན་ལ་རག་ལས་ཡོད་པས། དགེ་རྒན་གྱིས་འགན་འཁྲི་ནི་ཧ་ཅང་ཚབས་ཆེ་བ་ཞིག་ཡིན་པས་ང་ཚོ་དགེ་རྒན་རྣམ་པས་རྣམ་ཀུན་བྱ་སྤྱོད་ཙག་ཙིག་ཅི་འདྲ་ཡིན་རུང་སློབ་མའི་མདུན་ངོར་གཙང་སྲུང་དགོས་པ་ལས་བྱ་བ་མཐའ་དག་རང་དཔེ་གཞན་སྟོན་གྱི་སྒོ་ནས་སྣེ་ཁྲིད་ཀྱི་མིག་དཔེ་བཟང་པོ་གཏོང་དགོས། སློབ་གསོ་ནི་མི་སྣ་གསོ་སྐྱོང་བྱེད་སའི་ལྟེ་གནས་དང་བྱང་ཚད་མཐོར་འདེགས་གཏོང་སའི་གནས་གཙོ་བོ་ཞིག་དེ་ཡིན། དེར་བརྟེན་སློབ་གསོ་མི་སྣས་གནས་དེ་ལས་གང་ཐུབ་ཅི་ཀྱིས་མིག་དཔེ་བཟང་པོ་སྟོན་རྒྱུ་ནི་གལ་ཆེན་ཡིན་ལ་འགན་འཁྲི་རྩ་ཆེན་ཞིག་ཀྱང་ཡིན། ང་ཚོ་དགེ་རྒན་རྣམ་པས་རང་འཁྲིའི་ལས་འགན་ཧུར་ཐག་བསྒྲུབས་ནས་མི་དམངས་མང་ཚོགས་ཀྱི་སློབ་བུ་རྣམས་མ་འོངས་འོད་སྟོང་འཕྲོ་བའི་བྱ་བ་ཞིག་བཏོད་པ་བྱེད་དགོས།

ཕྱི་ལོ་༢༠༡༨ལོའི་ཟླ་༣པའི་ཚེས་༡༤ཉིན།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*