༸ རྗེ་བཙུན་ས་སྐྱ་པ་ཆེན་པོའི་དེ་ཁོ་ན་བརྗོད་པ་རིགས་བརྒྱའི་ཁྱབ་བདག་མ།

​རྩོམ་པ་པོ། མཁན་ཆེན་མཁྱེན་རབ་བཟང་པོ།                                            

 

 

 

 

དྲི་མེད་ཐུབ་བསྟན་ལྷ་ལམ་ཡངས་པོའི་ངོས།། བཤད་སྒྲུབ་ཉི་ཟླའི་གཟི་བྱིན་རབ་འབར་ཏེ།།
འཕྲིན་ལས་སྣང་བས་ས་གསུམ་གསལ་མཛད་པའི།། རྗེ་བཙུན་ས་སྐྱ་པ་ལ་གུས་པས་བཏུད།།

​​​​གླེང་བའི་གཞི་བཤད་པ།།

སྤྱིར་ན་བོད་དང་བོད་ཆེན་པོའི་ཡུལ་ལྗོངས་རྣམས་སུ།སྔོན་དུས་ན་བོད་ཀྱི་མིའུ་གདུང་དྲུག་དང།རུས་ཆེན་བཞི་ལ་སོགས་པའི་གདུང་རིགས་ཇི་སྙེད་ཅིག་བྱུང་བར་གྲགས་ཀྱང་།ལྷ་རིགས་འཁོན་གྱི་གདུང་བརྒྱུད་འདི་ནི་དེ་དག་གི་ཁུངས་སུ་མ་གཏོགས་པར།ཐོག་མར་མཐོ་རིས་འོད་གསལ་ལྷ་ལས་ཆད་པ་ཡིན་ཞེས་གདུང་རབས་ཀྱི་ཡིག་ཆ་རྣམས་ལས་བྱུང།ལར་ནས་རིགས་རྒྱུད་དེ་དག་ཏུ་མ་གཏོགས་པ་ཙམ་གྱིས་ཡ་མཚན་དགོས་པ་ནི་ཅང་མེད་མོད།འདི་ལ་ཡ་མཚན་ཆེ་བའི་ངོ་མཚར་གྱི་ཡོན་ཏན་ནི།གསང་བ་སྤྱི་རྒྱུད་དང་།ཀློང་གསལ་སྙན་བརྒྱུད།ཇོ་བོ་ཆེན་པོའི་མ་འོངས་མངོན་གཟིགས་ཀྱི་ལུང་བསྟན་སོགས་ལས་མགྲིན་པ་གཅིག་གི་དབྱངས་ལྟར་གྱིས་ལན་གཅིག་མིན་པར་ཡང་ཡང་བསྔགས་ཤིང་ཆེེས་ཆེར་བསྟོད་པར་མཛད་ཡོད་ལ།དོན་དངོས་ཐོག་ཏུའང་མཁས་པའི་ཡོན་ཏན།གྲུབ་པའི་ངོ་མཚར།ཐབས་མཁས་འཕྲིན་ལས་ཀྱི་ཆ་གང་ཐད་ནས་ཀྱང་།རྒྱ་གར་གྱི་པཎྜིཏ་དང།རྒྱ་ནག་གི་ལོ་ཙྭ་བ།བོད་ཀྱི་རྣལ་འབྱོར་པ་སུ་དང་ཡང་མཚུངས་བཟོད་པའི་ཆེ་བ་དུ་མ་ནི་ཅི་བས་ཀྱང་ལྡན་ཞིང།བོད་ཙམ་དུ་མ་ཟད་རྒྱ་མཚོ་ཆེན་པོས་མཐའ་གཏུགས་པའི་འཇིག་རྟེན་གྱི་ཁམས་ན་བསྟན་འགྲོ་སྤྱིར་བྱེར་གདུང་བརྒྱུད་འདི་ཉིད་བཀའ་དྲིན་ཀྱང་ཤིན་ཏུ་ཆེ་བས།བསླུ་མེད་རྡོ་རྗེའི་ཚིག་གིས་ལུང་དུ་བསྟན་པ་དག་དང་ཆེས་འབྱོར་པ་ཡང་བྱུང་ལ།གདུང་བརྒྱུད་རིན་པོ་ཆེ་འདི་ཉིད་གང་དུ་ཕེབས་པའི་འོག་མིན་གཉིས་པ་གདན་ས་ཆེན་པོ་དཔལ་ལྡན་ས་སྐྱ་ཡང་།ངེས་པའི་དོན་དུ་ནི་ཡེ་ཤེས་ཀྱི་སྣང་བ་ལས་གྲུབ་པའི་རབ་འབྱམས་རྒྱ་མཚོའི་ཞིང་བཀོད་འབའ་ཞིག་ཏུ་ངེས་ཤིང།དྲང་དོན་མིའི་སྣང་ངོར་ཡང།ཟད་པ་མེད་པའི་ཐུབ་བསྟན་རྒྱ་མཚོའི་རོལ་མཚོ།རྩོད་དུ་མེད་པའི་མཁས་གྲུབ་དུ་མའི་ཕ་ས།འཛད་པ་མེད་པའི་བཅུ་ཕྲག་རིག་པའི་འབྱུང་གནས།རྙེད་པ་དཀའ་བའི་རིན་ཆེན་ནོར་བུའི་བང་མཛོད་སོགས་སྲིད་ན་དཀོན་པའི་ལེགས་ཚོགས་ཀྱིས་ཕྱུར་བུར་གཏམས་ཤིང།དེའང་གངས་ལྗོངས་ཙམ་དུ་མ་ཟད་འཛམ་གླིང་ཧྲིལ་པོར་ཡང་མཛེས་པའི་རྒྱན་དུ་གྱུར་པས།སྒྲོ་སྐུར་གྱིས་མ་བཅོས་ན་བོད་ཀྱི་དེ་བྱུང་རིག་པའི་ནང་དུ་འདི་ཉིད་ཁོ་ནར་ངོ་མཚར་གྱི་གནས་སུ་ངེས་སོ་སྙམ་པ་ནི་གླེང་བའི་གཞི་ཙམ་བཤད་པའོ།།

​​​གཉིས་པ་དོན་དངོས་བཤད་པ་ལ།

འདིར་སྙིགས་དུས་ཀྱི་རྗེ་བཙུན་ས་སྐྱ་པ་ཆེན་པོ།བདག་ཅག་གི་འདྲེན་མཆོག་བླ་ན་མ་མཆིས་པ།ཡོན་ཏན་གྱི་ཆ་ཐམས་ཅད་ཡོངས་སུ་རྫོགས་པ།མི་མཐུན་པའི་ཕྱོགས་ཀྱིས་བརྫི་བ་མི་ནུས་པ།རང་དང་གཞན་གྱི་གྲུབ་མཐའ་རྒྱ་མཚོའི་ཕ་རོལ་ཏུ་སོན་པ།ལམ་དུ་མ་ཞུགས་པ་རྣམས་འཇུག་པར་བྱེད་པའི་ས་མཁན།ཞུགས་པ་རྣམས་གྲོལ་བར་བྱེད་པའི་དེད་དཔོན།ལྷ་དང་བཅས་པའི་སྐྱེ་རྒུའི་མུན་པ་སེལ་བའི་སྒྲོན་མེ།སྲིད་པ་གསུམ་གྱི་སྡུག་བསྔལ་གྱི་རྒྱ་མཚོ་སྐེམ་པའི་ཉི་མ།མི་འཕྲོག་པའི་མཁྱེན་རབ་དང་ཐུགས་རྗེ་ཆེན་པོས་གདུལ་བྱའི་རྒྱུད་ཡང་དག་པའི་ལམ་ལ་བཀྲི་བར་བྱེད་པའི་བཀའ་དྲིན་གསུམ་ལྡན་མཚན་བརྗོད་པ་དཀའ་ཡང་དོན་གྱི་སླད་དུ་མཚན་ནས་སྨོས་ན།ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོ་བཀྲ་ཤིས་གྲགས་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་རྒྱ་མཚོ་ལྟ་བུ་ལས་ཆུ་ཐིགས་ཙམ་ཞིག་དད་གསུམ་གྱི་ཀུ་ཤས་བླངས་ཏེ་འབྲི་བ་ལ་བླ་མ་དམ་པ་ཉིད་དང་ཆོས་སྐྱོང་བ་རྣམས་ཀྱིས་ཀྱང་གནང་བ་སྩལ་དུ་གསོལ་ཞེས་ཞུ་བ་དང་བཅས་འདི་འཆད་པ་ལ་དོན་བཞི་སྟེ།

རྨད་བྱུང་སྐུ་ཡི་རོལ་གར་ཇི་ལྟར་བསྒྱུར་བའི་ཚུལ།སྙན་འཇེབས་གསུང་གིས་བསྟན་དོན་ཇི་ལྟར་མཛད་པའི་ཚུལ།དམིགས་མེད་ཐུགས་ཀྱི་མཁྱེན་པ་ཇི་ལྟར་མངའ་བའི་ཚུལ།མཐའ་མེད་འཕྲིན་ལས་ཀྱི་རོལ་མཚོ་ཇི་ལྟར་རྒྱས་པའི་ཚུལ་དང་བཞི་ལས།དང་པོ་ལའང་གཉིས་ལས།རིགས་ཀྱི་ཁྱད་པས་འཇམ་པའི་དབྱངས་སུ་ངེས་པ།སྐྱེ་བའི་ཁྱད་པས་འཕགས་པའི་སྐྱེས་བུའི་ངེས་པའོ།།

​དང་པོ་ནི།གྲུབ་བརྒྱའི་སྤྱི་མེས་ཆེན་པོ།རྗེ་བཙུན་ས་སྐྱ་པ་འདི་ཉིད་གང་དུ་ཕེབས་པའི་གདུང་ནི་ཐོག་མ་འོད་གསལ་ལྷ་ཡི་བརྒྱུད།བར་དུ་དྲི་མེད་འཁོན་གྱི་གདུང།ཐ་མར་འཇམ་པའི་དབྱངས་མི་ཡི་གཟུགས་སུ་ཕེབས་པའི་མཚན་མཆོག་གསུམ་ལྡན་གྱི་གདུང་བརྒྱུད་རིན་པོ་ཆེ་དེ་ཉིད་ཡིན་ལ།གདུང་བརྒྱུད་རིན་པོ་ཆེ་དེར་སྐྱེ་བ་བཞེས་པའི་སྐྱེས་བུ་དག་ནི།ངེས་པའི་དོན་དུ་རྗེ་བཙུན་འཇམ་པའི་དབྱངས་ཉིད་མི་ཡི་གཟུགས་སུ་ཕེབས་པ་ཁོ་ན་ཡིན་ཏེ།རྗེ་ས་ཆེན་གྱི་གསང་བ་བསམ་གྱི་མི་ཁྱབ་པའི་དག་སྣང་ལ་དན་གྱི་ལོགས་ལ་སོགས་པ་འཇམ་དབྱངས་ཀྱི་གྲངས་མེད་པ་གཟིགས་པ་ནི་གདུང་བརྒྱུད་དུ་ཕེབས་པ་ཐམས་ཅད་འཇམ་དབྱངས་སུ་ངེས་པའི་བརྡ་ཡིན་ཞེས་གསུངས་པ་ལྟར་རོ།།

གཉིས་པ་ལ།སྐུ་སྐྱེ་སྔ་མའི་ཡོན་ཏན་གྱི་ཁྱད་པ་དང།སྐུ་འཁྲུངས་པའི་ཡོན་ཏན་གྱི་ཁྱད་པ།འཁྲུངས་ནས་བྱིས་སྤྱོད་ལས་འདས་པའི་ཡོན་ཏན་གྱི་ཁྱད་པ།ཐོས་བསམ་གྱིས་རྒྱུད་སྦྱངས་པའི་ཡོན་ཏན་གྱི་ཁྱད་པ་དང་བཞི་ལས།

དང་པོ་ནི།འདྲེན་མཆོག་བླ་མ་འདིའི་སྐུ་སྐྱེ་སྔ་མ་ནི།སྐྱེ་འཆི་ལ་རང་དབང་ཐོབ་ཅིང།སྐུ་ལུས་ཟང་ཐལ་དུ་ཕེབས་པའི་གྲུབ་པའི་རིག་འཛིན་ཆེན་མོ་ཨ་པཾ་གཏེར་ཆེན་ཞུ་བ་དེ་ཉིད་བསམ་བཞིན་དུ་ཕེབས་པ་ཡིན་ཏེ།དེའི་ཚུལ་ནི།གཏེར་ཆེན་དེ་ཉིད་དབུ་ཕྱོགས་སུ་གནས་སྐོར་ལ་ཕེབས་པའི་སྐབས་ཤིག་ལ།མཁའ་འགྲོ་མས་ཁྱོད་ཀྱི་སྐྱེ་བ་ཕྱི་མར་ས་སྐྱའི་གདན་ས་སྐྱོང་དགོས།བསྟན་པ་དང་འགྲོ་བ་ལ་ཕན་ཐོགས་རྒྱ་ཆེར་འབྱུང་ཞེས་བསླུ་མེད་ལུང་བསྟན་རྡོ་རྗེའི་ཚིག་གིས་བཀའ་བསྒོས་པ་དང་།གཏེར་ཆེན་ཉིད་ཀྱིས་ཀྱང་དེ་བཞིན་གཡར་དམ་བགྱིས་པ་སོགས་ནི་གཏེར་ཆེན་ཉིད་ཀྱི་ཞལ་གསུངས་མ་ལས་གསལ་བ་བྱུང་ལ།འདྲེན་མཆོག་བླ་མ་ཉིད་ཀྱི་རྣམ་ཐར་ཞལ་གསུངས་མ་ལས་ཀྱང།གཏེར་ཆེན་དེ་ཉིད་དང་འབྲེལ་བའི་སྔོན་གནས་རྗེས་དྲན་གྱི་རྣམ་ཐར་ངོ་མཚར་ཅན་དུ་མ་ཞིག་གསུངས་པ་ལྟར་དང།

དེ་ལྟར་གསུངས་པའི་དགོས་པའང་ཞལ་གསུངས་མ་ལས།གཡོ་ཟོལ་སྤངས་པའི་དངོས་བྱུང་གི་ལོ་རྒྱུས་བརྗོད་གལ་ཆེ་བ་མ་ཟད་འདི་རིགས་ཀྱིས་སྐྱེ་བ་སྔ་ཕྱི་སྒྲུབ་པའི་རིགས་པའི་དཔྱད་གཞི་ལ་ཡང་ཕན་སྲིད་སྙམ་སྤྱི་བརྟོལ་བསྐྱེད་དེ་སྨྲ་བར་བྱ་བ་ནི་ཞེས་སོགས་བསླུ་མེད་རྡོ་རྗེའི་ཚིག་གིས་བདེན་པའི་གནས་སུ་བཀོད་པ་དེ་གས་ངེས་པ་ལས།གཞན་དུ་ན་བླ་མ་ག་གེ་མོ་ཞིག་གི་རྨི་ལམ་ལས།ཁྱེད་ཀྱི་བུ་འདི་ནི་སྤྲུལ་པའི་སྐུ་འོ་ངོས་འཛིན་པའི་རྨི་ལམ་གྱི་ངོས་འཛིན་དང།ཡང་ཆེན་པོ་ག་གེ་མོ་ཞིག་གིས་ཕྲུ་གུ་ཞིག་མཐོང་བ་ན།ཁྱེད་ཀྱིས་བུ་འདི་གཙང་མར་ཉོར་དང།སྐྱེས་ཆེན་གང་ཞིག་གི་ཡང་སྤྲུལ་ཡིན་ཞེས་ཐོལ་བྱུང་གི་ངོས་འཛིན་སོགས་ནི།མ་སྨད་གཉིས་ཀ་རླུང་རྟ་ཡར་འགྲོའི་དུས་ཤིག་ལ་བདེན་ན་ལས་གཞན་འོས་མེད་སྙམ་མོ།།

གཉིས་པ།སྐུ་འཁྲུངས་པའི་ཡོན་ཏན་གྱི་ཁྱད་པར་ནི།སྤྱིར་ན་སྐལ་བཟང་འདི་ལ་སངས་རྒྱས་སྟོང་རྩ་གཉིས་ཕེབས་པར་གསུངས་ཀྱང།རྩོད་ལྡན་ཚེ་ལོ་བརྒྱ་པའི་དུས་ན་སྟོན་པ་བཀའ་དྲིན་ཅན་ཁོ་ན་ལས་གཞན་མི་ཕེབས་པ་ནི།སྔོན་གྱི་སྨོན་ལམ་གྱི་མཐུ་དང་སྐྱེ་འགྲོའི་བསོད་ནམས་ཀྱིས་མ་ཆུན་པས་ཡིན་པ་ལྟར།འགྲོ་མགོན་དབང་བསྡུད་སྙིང་པོས་ཀྱང།ས་སྐྱའི་གདུང་ནི་གཞན་དང་མི་འདྲ་བས།།ཡོང་སྙིང་འདོད་ན་གཅིག་ལའང་མང་བྱོན་དང།།མེད་སྙིང་འདོད་ན་བཙུན་མོ་བརྒྱ་ཡོད་ཀྱང།ཁ་ཡ་ལྐོག་པའི་རྒྱུ་ལས་དགེ་མཚན་མེད།།ཅེས་གསུངས་པར་ལྟར་གདུང་བརྒྱུད་རིན་པོ་ཆེ་འདི་ཡང་ནམ་ཕེབས་ཕེབས་ཀྱི་ཐོལ་བྱུང་ཞིག་མིན་པར།སྔོན་གྱི་ཐུགས་བསྐྱེད་སྨོན་ལམ་དང་།སྐྱེ་འགྲོའི་བསོད་ནམས་ཀྱི་མཐུ་ཁོ་ན་ལས་རྗེས་སུ་འགྲོ་ལྡོག་གྲུབ་པར་སོང།

རྗེ་འདིའི་ཡབ་རྗེ་སྔགས་འཆང་ཆེན་པོ་ཀུན་དགའ་རིན་ཆེན་གྱིས།སྐབས་དེར་གདུང་སྲས་འབྱུང་བའི་ཐབས་ལམ་མང་དུ་མཛད་ཀྱང་རེ་ཞིག་དོན་འབྲས་མ་སོན་པ་ལྟ་བུའི་མཛད་དཀའ་ཅི་ཆེར་འཕྲད་པའི་ཚེ།ཡབ་རྗེ་སྟོན་འཁོར་གདན་ས་ཆེན་པོ་ནས་ཞབས་སྟེགས་ཏེ་བལ་ཡུལ་མཆོད་རྟེན་རྣམ་གསུམ་དང།དབུ་གཙང་ཕྱོགས་ཀྱི་གནས་ཆེན་ཁག་ལ་ཐུགས་སྨོན་དང་མཆོད་འབུལ་གྱིས་གཡོན་རུ་འཕན་ཡུལ་དུ་ཕེབས་པ་ན།མཁས་གྲུབ་རྒྱ་མཚོའི་བསྟི་གནས་དཔལ་ནལེཎྜའི་བླ་བྲང་འདུས་སྤྱི་ནས།སྤྱིར་དཔལ་ས་སྐྱའི་གདུང་བརྒྱུད་འདི་བཞིན་བོད་ལྗོངས་སྤྱི་བྱེའི་བསྟན་འགྲོར་དགེ་མཚན་ཆེ་ཞིང།བླ་བྲང་ཁག་གི་སྙན་བརྒྱུད་ཀྱི་བརྒྱུད་པ་ཡང་སྒྲོལ་མ་ཕོ་བྲང་གི་སྐུ་རབས་རིམ་བྱོན་ནས་བརྒྱུད་པ་ཤ་སྟག་ཡིན་སྟབས།འདི་མུར་ཐུགས་ལས་ཆུང་ངུར་མི་བཞུགས་པར་གདུང་བརྒྱུད་རིམ་སྤེལ་ཅི་ནས་མཛད་དགོས་པ་དང།དེའི་རྒྱབ་གཉེར་གང་ཅིའི་ཞུ་སྒོ་བླ་བྲང་ནས་ཞུ་ཆོག་དང།

ལྷག་པར་མཐུ་ནུས་མན་ངག་གི་བདག་པོ་བླ་མ་ངག་བློ་རིན་པོ་ཆེ་ལྷན་ཕེབས་གནང་ན་དོན་འབྲས་མི་འབྱིན་པ་མི་སྲིད་ཅེས་གསུངས་པ་ལྟར།བླ་མ་ངག་བློ་རིན་པོ་ཆེ་ལྷན་ཕེབས་ཀྱིས་ཆོས་སྲུང་དམ་ཅན་རྒྱ་མཚོར་གདུང་རབས་མྱུར་འབྱོན་ཆེད་གནད་སྨིན་གྱི་འཕྲིན་བསྐུལ་སོགས་སྲིད་སྤེལ་གྱི་ཆོ་ག་མང་དུ་མཛད་པས།བདེན་པའི་བྱིན་མཐུ་དེ་དག་གིས་ནམ་ཞིག་གདུང་བརྒྱུད་རིན་པོ་ཆེ་ཡུམ་གྱི་མངལ་དུ་ཞུགས་པའི་ཚུལ་བརྩམས་པ་ཡང།དེའི་ཚེ་ཡུམ་གྱི་གཟིམ་ལམ་དུ་ཡང་ནམ་མཁའ་སྔོ་ལ་དྭངས་པའི་དབྱིངས་ནས་རྟ་ངང་ཞིག་བབ་ཉེ་བར་བྱུང་བ་ན།བྱ་མ་རུང་པ་སྐད་སྒྲ་ངན་པ་འབྱིན་པ་འགའ་རེ་བྱུང་ནས།སྐུ་ལུས་ལ་ཚགས་བརྒྱབ་པ་སོགས་ཀྱི་རྟ་དེ་འགྲོགས་པའི་ཚུལ་གྱིས་མཁའ་དབྱིངས་སུ་ཡལ་བར་ཐེངས་འགར་བྱུང་བས།བླ་མ་རིན་པོ་ཆེ་སོགས་ཀྱིས་གནད་སྨིན་གྱི་ཞབས་རིམ་ཇི་དགེ་གནང་བས་རྟ་མཆོག་དེ་ཉིད་ཇེ་ཉེར་འོངས་བ་དང།བྱ་རྣམས་ཀྱང་ཇེ་འགྱངས་སུ་སོང་ཞིང་མཐར་རྟ་མཆོག་དེ་ཉིད་ཡུམ་གྱི་སྐུ་ལ་ཐིམ་སྟེ་ཐུགས་བདེ་བའི་ཉམས་རྒྱུན་མར་བྱུང་བ་དང།བླ་མ་རིན་པོ་ཆེའི་གཟིམ་ལམ་དུ་ཡང་ཉི་ཟླ་སྐར་གསུམ་དུས་གཅིག་ལ་ཤར་བ་དང།ཡང་ནུབ་གཅིག་ནམ་མཁའ་ནས་ཁྱེད་ལ་དགོས་པའི་བུ་འདི་ཡིན་ཞེས་པའི་སྒྲ་གསལ་པོར་བསྒྲགས་པ་སོགས་བྱུང་བས་ཀུན་གྱི་ཐུགས་ཡིད་བདེ་བར་གྱུར། དེ་ནས་ཤིང་བྱ་ཟླ་བ་༨པའི་ཚེས་༡ཕྱི་ལོ་༡༩༤༥ཟླ་༩པའི་ཚེས་༧ཉིན་སྣང་བྱེད་བདག་པོའི་ཞལ་དཀྱིལ་ཡོངས་སུ་རྫོགས་ཤིང།བར་སྣང་ལ་འཇའ་མཚོན་ཡ་མཚན་ཅན་དུ་མ་ཤར་བ་དང།སྔོན་སྔགས་འཆང་ཆོས་ཀྱི་རྒྱལ་པོ་ཀུན་དགའ་རིན་ཆེན་ཞེས་ས་བསྟན་མེ་རོ་རྨང་ནས་གསོ་བར་མཛད་པ་གང་དེའི་འཁྲུངས་ཁང་བྱིན་རླབས་ཅན་དེར་ཡུམ་ལ་ཟུག་རྔུ་དྲག་པོ་གང་ཡང་མེད་པར་ཉི་མ་འབུམ་གྱི་གཟི་བྱིན་མངའ་བའི་མཆོག་སྐུའི་དཀྱིལ་འཁོར་མངོན་པར་བཞད་པའི་ཚུལ་བསྟན།ཤིས་པའི་མཚན་མ་དེ་དག་གིས་ཡུལ་དེ་པའི་མི་རྣམས་ཀྱིས་ཀྱང་ཉིན་དེར་གདུང་སྲས་འཁྲུངས་པའི་ཚུལ་རྣམས་དུ་བས་མེ་བཞིན་གསལ་པོར་དཔོགས།དེའི་ཚེ་སུས་ཀྱང་མ་བསྐུལ་བར་ཕྱུར་རློམ་སློ་མ་གང།མར་སྐྲོག་གསུམ།ཚེ་ལྷ་རྣམ་གསུམ་གྱི་ཞལ་ཐང་འཇལ་དར་བཅས་འབུལ་མི་བྱུང་བས།མགོན་པོ་གང་ཉིད་གདོད་མ་ནས་འཆི་མེད་ཚེ་ཡི་ངོ་བོར་གྲུབ་ཟིན་ཀྱང་ཚུར་སྣང་དུ་བསྐལ་པ་བརྒྱ་ཕྲག་བཞུགས་པ་དང།མི་ཟད་པའི་ཟས་ནོར་དངོས་གྲུབ་ཀྱི་བདུད་རྩི་ཡང་རྒྱུན་མར་སྩོལ་བའི་རྟེན་འབྲེལ་འགྲིགས།ཡང་གཞན་ཞིག་ནས་གུ་རུའི་སྣང་བརྙན་ཤིན་ཏུ་བྱོན་ལེགས་ཤིག་ཕུལ་བས་སྣང་སྲིད་ཟིལ་གྱི་གནོན་པའི་རྟེན་འབྲེལ་ཡང་འགྲིགས།ཡང་ཉིན་འགའི་རྗེས་རང་བྱུང་དུ་འབྲི་བརྒྱའི་འོ་མ་འབུལ་མི་བྱུང་བས་མི་དང་མི་མིན་ཀུན་གྱིས་མཆོད་པའི་རྟེན་དུ་གྱུར་པའི་རྟེན་འབྲེལ་སོགས་མ་འགྲིགས་ལྷུན་འགྲུབ་ཀྱི་རྟགས་དང་མཚན་མ་མང་དུ་བྱུང་བ་ནི།ཇི་སྐད་དུ།བལྟམས་པའི་དུས་ནས་འོད་ཀྱིས་འཇིག་རྟེན་ཁྱབ།།ཡུམ་ལ་མ་གནོད་བདེ་བའི་རྣམ་པར་རྒྱས།།མཁའ་འགྲོ་དབང་པོ་དཔག་མཁའ་ལ་འདུས།།མི་མཆོག་ཁྱོད་ལ་སྤྱི་བོས་པྱག་འཚལ་ལོ།ཞེས་སོགས་དང་སྒོ་ཀུན་ནས་མཚུངས་པར་གྱུར་ཏོ།

གསུམ་པ།བྱིས་པའི་སྤྱོད་པ་ལས་འདས་པའི་ཡོན་ཏན་གྱི་ཁྱད་པར་ནི།རྗེ་འདི་ཉིད་ནི་གསང་བའི་བདག་པོ་རྗེ་བཙུན་རིན་པོ་ཆེ་གྲགས་པའི་མཚན་ཅན་དང་ཚུལ་མཚུངས་པར།སྐུ་ཆུང་ངུས་དུས་ནས་བྱིས་པའི་སྤྱོད་པ་ལས་འདས་ཏེ་ཆོས་སྤྱོད་ཀྱི་བྱ་བ་ལ་ངང་གིས་འཇུག་པ་ཞིག་བྱུང་སྟེ།སྨྲ་ཤེས་པ་ཙམ་ནས་ཡབ་ཡུམ་གྱིས་བུ་གང་ནས་འོང་ཞེས་དང།སུས་འདིར་བསྐོང་བྱུང།གང་འདྲ་གནང་ནས་བསྐོང་ཞེས་དྲིས་མཛད་པར།གནམ་ལ་མཛུབ་མོ་བཙུགས་ནས་ཡ་ནས་ཡོང་ཞེས་དང།བླ་མ་རིན་པོ་ཆེར་མཛུབ་མོ་བསྟན་ཏེ།བླ་མ་རིན་པོ་ཆེས་བསྐོང་གསུངས་པ་དང།ཕྱག་གི་ཌ་དྲིལ་དཀྲོལ་སྟངས་བྱེད་པ་དང།བླ་མ་རིན་པོ་ཆེས་གུ་རུ་ཚེས་བཅུ་སོགས་གསུངས་སྐབས་སུ་མཛུབ་མོ་འདི་འདྲ་ཡ་ན་འདུག་ཅེས་གསུངས་པར་མཛད།ཡང་སྐུ་རྩེད་ཤེས་པ་ཙམ་ནས་སྦྱིན་བསྲེག་བླུགས་པའི་ཚུལ་མཛད་པ་དང།གཏོར་མ་བཟོ་བ།རྔ་བརྡུངས་པ།རོལ་མོ་དཀྲོལ་བ།འདོན་པ་འདོན་པའི་ལད་མོ་བྱེད་པ།གཏོར་ཟོར་འཕེན་པའི་སྟངས་ཀ་བྱེད་པ་དང་།སྔར་གྱི་གུ་རུའི་སྣང་བརྙན་དེ་ཁྱེར་ནས་རྩེད་གྲོགས་རྣམས་དང་སེང་སྦྲེངས་ལྟ་བུར་བྱས་ནས་ཕེབས་པ་དང།རང་ཉིད་གར་སྡོད་ཀྱི་སྔར་མགོར་འཇོག་པ་དང།སྤྱན་མི་འཛུམ་པར་ཡུན་རིང་པོར་མཆོད་ཁྲིའི་ལྷ་རྣམས་གར་བྱེད་པ་གཟིགས་པ་སོགས་དམ་པའི་མཛད་སྤྱོད་དུ་མ་ལྷན་སྐྱེས་སུ་མངའ་བས།བླ་མ་རིན་པོ་ཆེ་ཐུགས་དགྱེས་དགྱེས་ཀྱིས་མཐུ་སྟོབས་ནུས་པའི་མངའ་བདག་ཅིག་ཡོང་ངེས་ཞེས་ལུང་དུ་བསྟན་པར་མཛད་པ་དང།ངོར་ཁང་གསར་མཁན་ཆེན་དམ་པ་རྡོ་རྗེ་འཆང་གིས།བླ་མ་རིན་པོ་ཆེ་ཁྱེད་ཀྱིས་སྲིད་སྤེལ་མཛད་ནས་དེ་འདྲ་བྱས་སོང།ད་ས་སྐྱ་པའི་བསྟན་པ་སྡུག་ལེ་མ་རེད།ང་བན་རྒན་ཤི་ན་བློ་བདེ་ཐལ་ཞེས་སོགས་བླ་མས་ལུང་བསྟན་གནང་བ་དང།རྗེ་རང་ཉིད་ཀྱི་བླ་ན་མེད་པའི་དམ་པའི་ཀུན་སྤྱོད་སོགས་གང་ལ་བསམ་ཀྱང་རྗེ་འདི་ཉིད་ནི་བསམ་བཞིན་དུ་རྒྱལ་བའི་བསྟན་པ་རིན་པོ་ཆེ་སྤྱི་དང།བྱེ་བྲག་རྗེ་བཙུན་ས་སྐྱ་པའི་བསྟན་པའི་གཉེན་དུ་ཚུལ་ནི།ཇི་སྐད་དུ།རྣམ་ཐར་གསོལ་འདེབས་བྱིན་རླབས་པདྨོ་འབྱུང་བའི་རྫིང་བུ་ལས།དེང་དུས་བརྩེ་བ་ཆེན་པོ་ཡི།།མདོ་དང་སྔགས་ཀྱི་བསྟན་པ་ནི།།ཚེས་པའི་ཟླ་བའི་རྗེས་འགྲོ་བ།།ཁྱེད་ཀྱི་འཕྲིན་ལས་ལགས་པར་ཁུམས།།ཞེས་སོགས་གསུངས་པ་ལྟར་རོ།

བཞི་པ།ཐོས་བསམ་སྒོམ་པས་རྒྱུད་སྦྱངས་པའི་ཡོན་ཏན་ལ་གསུམ་སྟེ།ཚུལ་ཁྲིམས་རྣམ་པ་དག་པའི་ཡོན་ཏན།ཐོས་པས་ངོམ་པ་མེད་པའི་ཡོན་ཏན།སྒོམ་པར་གཡོ་བ་མེད་པའི་ཡོན་ཏན་གསུམ་ལས།དང་པོ་ནི།རྗེ་བཙུན་བྱམས་པས།ཚུལ་གནས་ཐོས་དང་བསམ་ལྡན་པ།།སྒོམ་པ་ལ་ནི་རབ་ཏུ་གནས།།ཞེས་གསུངས་པར་ལྟར།རྗེ་འདི་ཉིད་ནི་ཆུང་ངུས་དུས་ནས་སོར་བྱང་སྔགས་གསུམ་ལ་སོགས་པའི་དྲི་མ་མེད་པའི་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་རྫོགས་པ་ཡིན་ཏེ།འཁྲུངས་ཙམ་ཉིད་ནས་ཟབ་མོ་གསང་བའི་སྒོར་ཞུགས་པ་དང།ལྷག་པར་དགུང་ལོ་བཞི་ལོན་པ་ན།སྙིགས་དུས་ཀྱི་འདྲེན་མཆོག་ཆེན་པོ་ཡབ་རྗེ་རྡོ་རྗེ་འཆང་ཀུན་དགའ་རིན་ཆེན་གྱི་ཞལ་སྔ་ནས།རྗེ་བཙུན་ས་སྐྱ་པའི་ཡབ་ཆོས་རྒྱ་མཚོའི་ཉིང་ཁུ་དཔལ་ཆེན་རྡོ་རྗེ་གཞོན་ནུ་སྟོད་སྨད་ཀྱི་དཀྱིལ་འཁོར་ལ་ཞུགས་ཤིང།གཞན་གནོད་གཞི་བཅས་སྤོང་བའི་སོ་ཐར་དང་།དངོས་སམ་བརྒྱུད་ནས་ཕན་པར་སྒྲུབ་པའི་བྱང་སེམས།རིམ་གཉིས་ལམ་དུ་གཞོལ་བའི་སྔགས་སྡོམ་བཅས་རྫོགས་པར་མནོས་ཏེ་སུམ་ལྡན་རྡོ་རྗེ་འཛིན་པའི་ངོ་བོར་བཞེངས་པར་མཛད།དེའི་ཚེ་ན་རྗེ་འདི་ཉིད་དཔལ་ཆེན་རྡོ་རྗེའི་གཞོན་ནུས་ཀྱང་ཚེ་རབས་ཀུན་ཏུ་རྗེས་སུ་བཟུང་བའི་རྣམ་པ་ཐར་ངོ་མཚར་ཅན་ཞིག་མངའ་བ་ནི།ཉིད་ཀྱི་ཞལ་གསུངས་མ་ལས།དེ་ནས་བཟུང་ད་བར་བྱ་བ་ཅི་བརྩམས་ལ་གེགས་བར་ཆད་རིགས་མ་བྱུང་བ་ཡང་འདི་ཁོ་ནའི་ཐུགས་རྗེ་ཡིན་སྙམ་གསུངས་པ་ལྟར་དང།

ཡང་ཞལ་གསུངས་མ་ལས།ཆུ་ཚན་འཁོར་རྗེས་ཕུར་སྒྲུབ་ཚོགས་མཇལ་དུ་ཕྱིན།དེའི་སྐབས་སུ་བདག་འཇུག་གསུངས་སྐབས་འཁེལ་འདུག་པ་བློ་ཡིད་འཕྲོག་པའི་དད་པ་དང།ཚོགས་པར་འགྲོ་འདོད་ཤིན་ཏུ་ཆེན་པོ་བྱུང།རྡོ་རྗེ་ཕུར་པ་འདི་བཞིན་ངོས་རང་གི་ཚེ་རབས་ལས་ལྷ་ལྟ་བུ་གང་ཡིན་ཆུང་ངུས་དུས་ནས་ཤིན་ཏུ་མོས་པོ་ཞིག་ཡོད་ཅེས་གསུངས།དེ་ནས་བསླབ་པ་བྱ་བའི་ཕྱོགས་ཕྲ་བའི་ཕྲ་བ་དག་ལའང་ཉེས་པའི་དྲི་མས་མ་གོས་པ་ནི།རྗེ་ས་ཆེན་གྱིས།རྒྱ་མཚོ་ཆེན་པོ་རོ་དང་མི་འགྲོགས་ལྟར།ཆོས་བྱེད་པ་ལྟུང་བ་དང་མི་འགྲོགས་པ་དགོས་ཞེས་གསུངས་པའི་དོན་ལ་ངེས་པར་འབྱོངས་བར་མཛད་པ་སྟེ།བཅས་རང་གི་ཁ་ན་མ་ཐོ་བ་ལས་རིང་ནས་རིང་དུ་སོང་བས་རྨི་ལམ་དུ་ཡང་ཚངས་པ་སྤྱོད་པ་ལས་འདའ་བའི་ཚུལ་ཅུང་ཟད་ཙམ་ཡང་མི་མངའ་ཤིང།ཕྱོགས་སུ་གཅོད་པ་དང།རིས་སུ་བཅད་པའི་རྒྱ་ལས་ཡོངས་སུ་གྲོལ་བས་གྲོགས་འབུ་ཚུན་ཆད་ལའང་སྤྱན་འབྲས་ལྟར་རབ་ཏུ་བརྩེ་ཞིང།ཕན་དང་བདེ་བའི་གཞི་གཅིག་པུར་གྱུར་པ་རྒྱལ་སྲས་བྱང་ཆུབ་སེམས་པའི་བརྟུལ་ཞུགས་ཀྱི་སྤྱོད་པས་དུས་རྟག་ཏུ་མཛེས་པའི་ཚུལ་ཡང།རྣམ་ཐར་གསོལ་འདེབས་བྱིན་རླབས་པདྨོ་འབྱུང་བའི་རྫིང་བུ་ལས།འཆལ་བའི་དྲི་མས་མ་གོས་ཤིང་།།གང་ཟག་སུ་ལའང་སྨོད་མི་མཛད།།གནོད་ལན་ཕན་པས་འཇལ་བ་སོགས།།རྒྱལ་སྲས་སྤྱོད་པའི་རྒྱན་གྱིས་མཛེས།།ཞེས་སོགས་གསུངས་པ་ལྟར་རོ།

གཉིས་པ།ཐོས་པས་ངོམ་པ་མེད་པའི་ཡོན་ཏན་ནི།སྤྱིར་ན་རྗེ་འདི་ཉིད་ངེས་པའི་དོན་དུ་ནི་རྗེ་བཙུན་འཇམ་དཔལ་དབྱངས་ཉིད་དུ་གདོན་མི་ཟ་མོད།དགོས་པའི་དབང་གིས་ཚུལ་རོལ་སྣང་བའི་ངོར།སྟོན་པ་ཐུབ་པའི་དབང་པོས་ཀྱང་ཀློག་སོགས་ཀྱི་རྣམ་པ་ཐར་པར་བསྐྱངས་བ་ལྟར།བླ་མ་རིན་པོ་ཆེའི་མདུན་ནས།ས་ཆེན་ཀུན་བློས་བཞེངས་པའི་ཀ་ཁ་གསེར་བྲིས་བྱིན་ཅན་ནས་དབུ་འཛུགས་དང།གནས་ཀྱི་སློབ་དཔོན་དགེ་འཕེལ་ལས་རིག་པའི་གནས་ཀྱི་ཕྱི་མོ་ཀུན་ལེགས་པར་བསླབས་པ་ནས་བཟུང།སྔགས་འཆང་ཆེན་པོ་ཡབ་རྗེ་ཀུན་དགའ་རིན་ཆེན།མཐུ་སྟོབས་ནུས་པའི་དཔའ་མངའ་བླ་མ་ངག་དབང་བློ་གྲོས་རིན་ཆེན།གྲུབ་རིག་རྒྱ་མཚོའི་རྒྱན་གྱུར་ངོར་དམ་པ་རྡོ་རྗེ་འཆང།གདམས་པ་རྒྱ་མཚོའི་མངའ་བདག་འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།སྙན་བརྒྱུད་གསང་བའི་མཛོད་འཆང་སྐྱབས་རྗེ་བཅོ་བརྒྱད་ཁྲི་རིན་པོ་ཆེ།འདུལ་འཛིན་བྱེ་བའི་གཙུག་ནོར་ངོར་ཕན་བདེ་མཁན་ཆེན་མཁས་གྲུབ་རྒྱ་མཚོ།སྙིགས་དུས་ཀྱི་འཇམ་དབྱངས་ས་པཎ་མཁན་ཆེན་ཨ་པད་རིན་པོ་ཆེ།ལུང་རིགས་རྒྱ་མཚོའི་ཕ་རོལ་ཏུ་སོན་པ་མཁན་ཆེན་རིན་ཆེན་བཟང་པོ་སོགས་མི་འཕྲོགས་པའི་མཁྱེན་རབས་དང་ཐུགས་རྗེ་ལྡན་པའི་ཡོངས་འཛིན་བཤེས་གཉེན་བཅུ་ཕྲག་གཉིས་ལྷག་མཉེས་པ་གསུམ་གྱིས་བསྙེན་ཏེ།མདོ་སྔགས་རིག་གནས་རྒྱ་མཚོའི་ཕ་རོལ་ཏུ་སོན་པར་མཛད་པའི་ཚུལ་ནི།དེ་ཡང་རྒྱུད་ཀྱི་སྐོར་ལ།དཔལ་ཀྱཻ་རྡོ་རྗེ་ལ་སོགས་སྔགས་བླ་མེད་ཀྱི་གདམས་པ་རྒྱ་མཚོ་ལྟ་བུ་དང།རྣལ་འབྱོར་རྒྱུད་ལ་རྡོ་རྗེ་རྩེ་མོ་དང་ངན་སོང་སྦྱོངས་རྒྱུད་ལ་སོགས་པ་བསམ་གྱིས་མི་ཁྱབ་པ་དང།སྤྱོད་རྒྱུད་ལ་མི་གཡོ་བའི་རྟོག་པ་དང་རྣམ་སྣང་མངོན་བྱང་ལ་སོགས་པ་དུ་མ་དང།བྱ་བའི་རྒྱུད་ལ་གསང་བ་སྤྱི་རྒྱུད་དང།དཔུང་བཟང་ལ་སོགས་པ་ཤིན་ཏུ་མང་པོ་དང།གཞན་སྔགས་ཀྱི་གཞུང་ཕྲན་ཚེགས་མཐའ་ཡས་པ་དང།མན་ངག་གི་སྐོར་ལ།གསང་ཆེན་རྒྱ་མཚོའི་ཉིང་ལམ་འབྲས་བུའི་ལ་ཆག་དང་བཅས་པ་དང།ཤང་ཆོས་ནི་གུ་ཆོས་དྲུག་སོགས་གསར་རྙིང་གི་མན་ངག་བྱེ་བྲག་དཔག་ཏུ་མེད་པ་དང།དེ་བཞིན་སྒྲུབ་ཐབས་ཀྱི་སྐོར་ཤིན་ཏུ་མང་པོ་སོགས་མདོར་ན་གསན་ཡིག་ཆེན་མོ་གླེག་བམ་མིག་གི་གྲངས་སུ་བཞུགས་པ་སོགས་སུ་བལྟ་བར་བྱ་བ་ལས་འདིར་སྨྲོས་ཀྱི་མི་ལང་ངོ་།།

མདོ་ཡི་སྐོར་ལ་ཡང།མངོན་པར་རྟོགས་པའི་རྒྱན་ལ་སོགས་པ་ཕར་ཕྱིན་སྐོར་དང།རྩ་བ་ཤེས་རབ་ལ་སོགས་པ་དབུ་མའི་སྐོར་དང།རྣམ་འགྲེལ་ལ་སོགས་ཚད་མའི་སྐོར་དང།མཛོད་ལ་སོགས་པ་མངོན་པའི་སྐོར་དང།སུམ་རྟགས་སྙན་གསུམ་སོགས་རིག་གནས་ཀྱི་སྐོར་དང།དེ་དག་གི་འགྲེལ་པ་དང།འགྲེལ་བཤད།དཀའ་འགྲེལ་དང།དགོངས་འགྲེལ་ལ་སོགས་ལ་ཇི་ལྟར་གསན་པའི་ཚུལ་ཡང་འདིར་ས་བཅད་མ་སྟོང་ཙམ་དུ་སྨོས་པའོ།།མདོར་ན་གངས་ཅན་རི་བོའི་ཁོངས་སུ་དལ་གྱིས་རྒྱུ་བའི་གསར་རྙིང་གི་ཆོས་བརྒྱུད་རྒྱ་མཚོའི་གྲངས་ཀྱི་ཆོས་ཚུལ་དག།རབ་ཡངས་མཁྱེན་པའི་ཡོལ་གོར་ཡོངས་སུ་བཅིལ་བ་ན།རྗེ་འདི་ཉིད་ནི་གདམས་པ་རྒྱ་མཚོའི་མངའ་བདགམན་ངག་བྱེ་བའི་གཏེར་མཛོད།སྨིན་གྲོལ་འབུམ་གྱི་འབྱུང་ཁུངས།བརྒྱུད་པ་སྟོང་ཕྲག་གི་བདག་པོ།དཀྱིལ་འཁོར་ཀུན་གྱི་གཙོ་བོར་གྱུར་ཏེ།སྤྱིར་བྱེའི་བསྟན་པ་ཉག་ཕྲག་ཞིང་མིག་གི་ལྷག་མར་ཙམ་དུ་གྱུར་པ་མང་པོ་ཡང་སྲིད་མཐའི་བར་དུ་བསྲིངས་བའི་བཀའ་དྲིན་ནི།སྟོང་གསུམ་གྱི་དངོས་པོ་ཐམས་ཅད་རིན་ཆེན་དང་པོར་སྤྲུལ་ཏེ་ཕུལ་བས་ཀྱང་གསབ་པར་དཀའ་བར་གྱུར་པའང།དོན་གཞན་མིན་པར་རྗེ་ཉིད་ནི་གོང་དུ་ཞུས་པ་ལྟར་སྤྱི་བྱེའི་བསྟན་པ་རིན་པོ་ཆེར་བསམ་བཞིན་ཕེབས་པའི་ཚུལ་ནི་འདི་ཙམ་གྱིས་ངེས་པར་སྟེར་ནུས་སོ།།ཇི་སྐད་དུ།རྣམ་ཐར་གསོལ་འདེབས་བྱིན་རླབས་པདྨོ་འབྱུང་བའི་རྫིང་བུ་ལས།དམ་པ་མང་པོ་ཉེར་བསྟེན་ཏེ།།སྤྲོ་བ་ཆེན་པོས་ཆོས་འཚོལ་བས།།ཁ་བ་ཅན་དུ་གྲགས་པའི་ཆོས།།ཕལ་ཆེར་ཁྱེད་ཀྱི་ཐུགས་ལ་གནས།།ཞེས་སོགས་གསུངས་པ་ལྟར་རོ།།

གསུམ་པ།སྒོམ་པ་གཡོ་བ་མེད་པའི་ཡོན་ཏན་ནི།རྗེ་བཙུན་བྱམས་པས།མཉམ་པར་མ་བཞག་ཐུགས་མི་མངའ།།ཞེས་དང།ཆོས་རྗེ་འཇམ་དབྱངས་བླ་མས།།མཐའ་མར་འདྲིས་པའི་དོན་ལ་རྩེ་གཅིག་བསྒོམ།།ཞེས་གསུངས་པ་ལྟར།བདག་ཉིད་ཆེན་པོ་འདི་ནི་སྐུ་ན་ཤིན་ཏུ་ཆུང་དུས་ནས།ནང་དུ་ཏིང་ངེ་འཛིན་ལ་རང་ཤུགས་ཀྱིས་མཉམ་པར་བཞག་པ་ཅིག་བྱུང་སྟེ།ཉིད་ཀྱི་ཞལ་གསུངས་མ་ལས།ཡུམ་གྱིས་བསྐུར་བའི་གསེར་གྱི་ཚིག་ཁེབས་མཛུབ་མོར་གྱོན་ནས་མཉམ་བཞག་བྱེད་པ་དང།ཞེས་དང།ཡང་ཉིན་གཅིག་གཟིམ་ཆུང་ཤེལ་གླིང་ཆེན་མོའི་ནང་རྩེད་མོ་རྩེ་ནས་ཌ་དྲིལ་དཀྲོལ་སྐབས་ཤེལ་ཆེན་པོ་ཡོད་ས་དེར་མིག་མི་འཛུམ་པར་ཡུན་རིང་པོ་བལྟ་ཞིང་གཞན་གྱིས་བོས་ཀྱང་ཨང་ལན་མི་འབྱིན་པ་རྗེས་སུ་གང་འདུག་ལབ་པར།རྟེན་ཁྲིའི་མཆོད་ལྷ་རྣམས་ལ་བལྟས་ནས་དེ་འདྲ་མང་པོ་གར་བྱེད་ཀྱི་འདུག་ཅེས་སོགས་གསུངས་པ་ལས་ནི།སློབ་དཔོན་ཟླ་བ་གྲགས་པས།སྣང་དུ་མི་རུང་དཔོགས་པའི་རྒྱུ་ཡང་གྱུར།།ཞེས་གསུངས་པ་ལྟར་ནང་དུ་སྒྲུབ་པའི་ཁྱད་པ་རིམ་པ་གཉིས་ལ་ཐུགས་བརྟན་པ་ཐོབ་པའི་རྟགས་སུ་ངེས་ལ།

དེ་བཞིན་དུ་ཐེག་པ་ཆེན་པོའི་ལམ་གྱི་གཞུང་ཤིང་མི་འཕྲོག་པའི་དད་པ་དང་གཡོ་བ་མེད་པའི་སེམས་བསྐྱེད།མ་གཅིག་པའི་བུ་ལྟ་བུའི་བྱམས་པ་དང་སྙིང་རྗེ་ལ་སོགས་པའང་སྐུ་ན་ཆུང་དུས་ནས་ལྷན་སྐྱེས་སུ་མངའ་བ་ཡིན་ཏེ།ཉིད་ཀྱི་ཞལ་གསུངས་མ་ལས།བདག་ཅག་གི་འདྲེན་མཆོག་བཀའ་དྲིན་ཟླ་མེད་རིགས་བརྒྱའི་ཁྱབ་བདག་ཆེན་པོ།མཁན་ཆེན་རྡོ་རྗེ་འཆང་ངག་དབང་བློ་གྲོས་གཞན་ཕན་སྙིང་པོ་མཆོག་གི་ཞལ་གྱི་དཀྱིལ་འཁོར་མཐོང་གྲོལ་ཆེན་པོ་མིག་གི་བདུད་རྩི་གྱུར་མ་ཐག་ཚད་མེད་དད་གདུང་དྲག་པོས་ཡིད་རབ་ཏུ་གཡོས་པས་ཁོ་བོའི་ཚེ་རབས་གཏན་གྱི་བླ་མ་ཡིན་པའི་ངེས་པ་བརྟན་པོ་རྙེད་ཅེས་དང།ཡང་དེ་ཉིད་ལས།གམ་གཡོག་སྙན་གྲགས་ནས་ངོས་ལ་རྩེད་མོའི་ཚུལ་དུ་ཕ་རིའི་ལོགས་ལ་ཡོད་པའི་གཡག་འདི་བསད་ནས་ཤ་ཟོས་ན་ཞིམ་པོ་ཡོད་ཚུལ་བརྗོད་པར་ངོས་ནས་གཡག་བསད་ན་སྣང་གསུམ་ནང་སྐྱེ་བ་ཕྱི་མར་དམྱལ་པའི་སྡུག་བསྔལ་ཆེས་དྲག་པོ་མྱོང་དགོས་ཚུལ་འདུག་པ་ན་སྙན་གྲགས་གཡག་མ་བསོད་བརྗོད་པ་སོགས་ཆུང་དུས་ནས་བཅས་རང་གི་ཁ་ན་མ་ཐོ་བ་ལས་ལྡོག་ཏེ་དྲན་པ་དང་ཤེས་རབ་ཀྱི་ཡོན་ཏན་ཁྱད་པ་ཅན་ཡོད་པ་དཔོགས་ནུས་ལ།མདོར་ན་རྗེ་འདི་ཉིད་ཀྱིས་བསྒོམ་པར་བྱ་བའི་གདམས་པ་རྒྱ་མཚོ་ལྟ་བུ་ཐུགས་སུ་ཆུད།ལྷག་པའི་ལྷ་མཆོག་དུ་མའི་དཀྱིལ་འཁོར་ལ་རྩེ་གཅིག་པའི་སྒྲུབ་པ་མཛད།དེ་དག་གི་སྙིང་པོ་དང་ཉེར་སྙིང་སོགས་ལ་བཟླས་པའི་རྣམ་གྲངས་ཀྱང་རྒྱུན་མར་མཛད།བླ་མ་ལ་མོས་པའི་ཤེས་པ་ཁྱད་པ་ཅན་བརྙེས།དམ་ཚིག་ཚོགས་ཀྱང་ཤིན་ཏུ་རྣམ་པར་དག་པས་ན་ནང་དུ་ཡང་དག་པའི་ཡེ་ཤེས་ཀྱང་ཁྱད་པར་ཅན་མང་དུ་འཁྲུངས་ཡོད་པ་ནི།།ཇི་སྐད་དུ།རྣམ་ཐར་གསོལ་འདེབས་བྱིན་རླབས་པདྨོ་འབྱུང་བའི་རྫིང་བུ་ལས།བླ་མ་ལྷག་པའི་ལྷར་མཐོང་ཞིང།དམ་ཚིག་ཚོགས་ཀྱང་རྣམ་པར་དག།རིམ་གཉིས་ཆུ་བོའི་རྒྱུན་བཞིན་དུ།།གོམས་པས་དྲོད་རྟགས་མངོན་དུ་མཛད།།ཅེས་གསུངས་པ་ལྟར་རོ།།

གཉིས་པ།སྙན་འཇེབས་གསུང་གིས་བསྟན་དོན་ཇི་ལྟར་མཛད་པའི་ཡོན་ཏན་ལ་གཉིས་ཏེ།བསྟན་པའི་སྙིང་པོ་ཟབ་རྒྱས་ཀྱི་དམ་ཆོས་འཆད་པའི་ཡོན་ཏན།བསྟན་པའི་གཞི་མ་བསྟན་འཛིན་གྱི་སློབ་མ་བསྐྲུན་པའི་ཡོན་ཏན་གཉིས་ལས།

དང་པོ་ནི།ཇི་སྐད་དུ།ཆོས་རྗེ་འཇམ་དབྱངས་ས་པཎ་གྱིས།།བར་དུ་མཁས་པའི་ཚོགས་སུ་ལེགས་པར་བཤད།།ཅེས་དང།རྗེ་བཙུན་ཙོང་ཁ་པས།མཛད་པ་ཀུན་ལས་གསུང་གི་མཛད་པ་མཆོག།ཅེས་པ་ལྟར།བདག་ཉིད་ཆེན་པོ་འདིས་ཀྱང་དགུང་ལོ་དགུ་པར།གདན་ས་ཆེན་པོ་ཨེ་ཝཾ་ཆོས་ལྡན་དུ་གདུལ་བྱ་སྟོང་ཕྲག་དུ་མར་ཚེ་རྟ་ཟུང་འབྲེལ་གྱི་སྨིན་བྱེད་བསྩལ་བ་ནས་དབུ་བརྩམས་ཏེ།གདུལ་བ་བྱ་བར་ཇི་སྙེད་པ་ལ་རང་རང་གི་བློ་ཡི་འཇུག་སྒོ་དང་མཚམས་པའི་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་རྣམས་གྲངས་དཔག་ཏུ་མེད་པ་གསུངས་ཏེ།མ་ཞུགས་པ་རྣམས་འཇུག་པ་དང།ཞུགས་པ་རྣམས་སྨིན་པ་དང།སྨིན་པ་རྣམས་གྲོལ་བར་མཛད་པའི་ཚུལ་ནི་ཞིབ་ཏུ་བརྗོད་པ་ལྟ་ག་ལ་ནུས་མོད་དེ།གདུལ་བ་བྱ་བའི་གང་ཟག་ཞིག་ཡིན་ཕྱིན་མཐོ་དམན་དང་།ཆེ་ཆུང་།མང་ཉུང་།ཟང་ཟིང་གི་དངོས་པོ་སོགས་ལ་གཏན་ནས་མི་གཟིགས་པར།སྐྱེ་བོའི་ཚོགས་དུ་མ་ལ།གསང་བའི་རྒྱུད་སྡེ་ཆེན་པོ་བཞི་དང་འབྲེལ་བའི་སྨིན་གྲོལ་དང།བྱིན་རླབས།རྗེས་གནང།ལུང་དང།མན་ངགསྒྲུབ་ཐབས་ལ་སོགས་པ་བགྲངས་ཀྱིས་མི་ལང་བ་གནང་སྟེ།གསང་བ་སྔགས་ཀྱི་ཆོས་ཚུལ་འཆད་སྤེལ་ནི་རྗེ་འདི་ཉིད་ཁོ་ནའི་འོས་འགན་སུ་གྱུར་པ་ལྟར་མཛད་དོ།གཞན་ཡང་ཕ་རོལ་ཏུ་ཕྱིན་པའི་ལམ་གྱི་རིམ་པ་སྐྱབས་འགྲོ་དང་སེམས་བསྐྱེད།གཞུང་བཤད།བློ་སྦྱོང་སོགས་ཀྱང་མང་དུ་གནང་བར་མཛད་ཅིང།ལྷག་པ་དུ་ཐར་པ་དང་ཐམས་ཅད་མཁྱེན་པའི་འཇུགས་ངོགས་ཚང་ལ་མ་ནོར་བ་གསུང་ངག་རིན་པོ་ཆེ་སློབ་ཚོགས་གཉིས་ཚར་ཉི་ཤུ་རྩ་གཉིས་གསུངས་པ་ལས་ཚོགས་བཤད་གསུངས་པའི་ཡུལ་དུས་ནི།

༼༡  ༡༩༦༧།ཝཱ་ར་ཎ་སི། ༼༢  ༡༩༧༥།ས་སྐྱ་ཆོས་སྒར། ༼༣  ༡༩༨༧།ས་སྐྱ་མཐོ་རིམ་སློབ་གྲྭ། ༼༤  ༡༩༨༨ཨོ་སི་ཋུར་ལི་ཡ། ༼ ༥ ༡༩༩༡ཨ་མི་རི་ཀ།སན་ཇུན་ཨ་ཡེ་ལེན་ཌ།  ༼༦  ༡༩༩༥།ཨ་མེ་རི་ཀ།  ༼༧  ༡༩༩༦།ས་སྐྱ་ཆོས་སྒར།  ༼༨ ༡༩༩༧།སིང་་ག་པུར།ས་སྐྱ་བསྟན་འཕེལ་གླིང།

༼ ༩  ༢༠༠༧།དབྱིན་ཡུལ།བོར་མོ་ཐ།  ༼ ༡༠ ༢༠༠༩།ཨོ་སི་ཋུ་ལི་ཡ།སིན་ནི།  ༼ ༡༡  ༢༠༡༠།ཕྷ་རན་སི།   ༼༡༢  ༢༠༡༡།ཨ་མི་རི་ཀབརྩེ་ཆེན་ཀུན་ཁྱབ་གླིང   ༼ ༡༣  ༢༠༡༢།ཐེ་པེ།ཐེ་ཝན།   ༼༡༤  ༢༠༡༥།ཀོ་ལ་ལམ་པུ།མ་ལེ་ཤྻེཡ།   ༼ ༡༥ ༢༠༡༦།ས་སྐྱ་སྐལ་ལྡན་གླིང།རྗོར་མན་ནི་བཅས་ལ་ཚོགས་བཤད་ཆེན་མོ་བསྩལ་གནང་བ་དང་།

དེ་བཞིན་སློབ་བཤད་ཆེན་མོ་བསྩལ་བའི་ཡུལ་དུས་ཀྱང་།    ༼ ༡ ༡༩༨༠།མ་དགོན་བཤད་གྲྭ།རྒྱ་གར།   ༼༢  ༡༩༨༤།སི་ཊར་སྦགཨོ་སི་ཋུ་ལི་ཡ།

༼ ༣  ༡༩༩༧།ཨོ་སི་ཋུར་ལི་ཡ། ༼ ༤ ༢༠༠༠།ཝན་ཀོ་བར།ཁེན་ན་ཌ།    ༼ ༥ ༢༠༠༡།མཎ་ཌཱུ་ཝ་ལ་བརྩེ་ཆེན་བཤད་སྒྲུབ་བསམ་གཏན་པུན་ཚོགས་གླིང།རྒྱ་གར།   ༼  ༦ ༢༠༠༢།སི་ཊར་སྦགཨོ་སི་ཋུར་ལི་ཡ།   ༼ ༧    ༢༠༠༨།རྒྱ་གར་རྫོང་སར་བཤད་གྲྭ་ཆོས་ཀྱི་བློ་གྲོས་བཅས་སུ་གནང་བ་དང།དེ་བཞིན་སྒྲུབ་ཐབས་རིན་པོ་ཆེ་ཀུན་ལས་བཏུས་པ་བསྩལ་བའི་ཡུལ་དུས་ཀྱང།

༡༩༧༦།ལ་དྭགས་མང་སྤྲོ་དགོན་པ།༡༩༩༤།བལ་ཡུལ་ཐར་ལམ་དགོན་པ།༡༩༩༥།ས་སྐྱ་ཆོས་སྒར་བཅས་སུ་ཚར་གསུམ་གྱི་བཀའ་དྲིན་བསྩལ།

དེ་བཞིན་གདན་ས་ཆེན་པོ་ཨེ་ཝཾ་ཆོས་ལྡན་དུ་རྒྱུད་སྡེ་རིན་པོ་ཆེ་ཀུན་ལས་བཏུས་པ་ལོ་ངོ་དུ་མའི་རིང་གནང་བ་སོགས་མདོ་སྔགས་ཀྱི་ཟབ་ཆོས་མང་པོ་ལོ་སྦྲེལ་ཟླ་སྦྲེལ་ཉིན་སྦྲེལ་གྱིས་གནང་བ་དང་།དེ་བཞིན་བོད་དང་།རྒྱ་གར།བལ་ཡུལ།ཨ་རི།ཨོ་སི་ཊི་ལའི་ཡ།ཇར་མི་ནི།ཕ་རན་སི།སུད་སི།ཁེ་ན་ཌ།དབྱིན་ཡུལ།སིང་གྷ་པུར།མ་ལེ་ཤྱི་ཡ།ཐེ་ཝན།ཕི་ལིང་པིང་སོགས་འཛམ་གླིང་གི་ཡུལ་གྲུ་དུ་མར་ཐུགས་ཀྱི་ངལ་བ་ཡོངས་སུ་སྤངས་ཏེ་སྤྱི་བྱེའི་བསྟན་པ་རིན་པོ་ཆེ་ནམ་མཁའི་མཐའ་བར་སྤེལ་བའི་ཚུལ་ནི།རྣམ་ཐར་གསོལ་འདེབས་བྱིན་རླབས་པདྨོ་འབྱུང་བའི་རྫིང་བུ་ལས།ལག་ན་རྡོ་རྗེ་སྡིག་པའི་གཟུགས།ཁྱེད་ནི་འཛུམ་པའི་ཞལ་ལྡན་ཡང་།།རྒྱུད་སྡེ་ཀུན་གྱི་གསང་བའི་མཛོད།།འཛིན་པའི་འཕྲིན་ལས་མཚུངས་པ་ཉིད།།ཅེས་དང།ཆོས་ཀྱི་སྣང་བས་མ་ཁྱབ་པའི་།།ཅི་ཡང་སྨྲ་བའི་ཡུལ་རྣམས་སུ།།ཐུབ་དབང་བསྟན་པའི་ཉི་མ་ནི།།ཁྱེད་ཀྱི་ཐུགས་རྗེའི་ཤིང་རྟས་དྲངས།།ཞེས་དང།དེང་དུས་བརྩེ་བ་ཆེན་པོ་ཡི།མདོ་དང་སྔགས་ཀྱི་བསྟན་པ་ནི།།ཚེས་པའི་ཟླ་བའི་རྗེས་འགྲོ་བ།།ཁྱེད་ཀྱི་འཕྲིན་ལས་ལགས་པར་ཁུམས།།ཞེས་སོགས་གསུངས་ལྟར་རོ།།

གཉིས་པ།བསྟན་པའི་གཞི་མ་བསྟན་འཛིན་གྱི་སློབ་མ་བསྐྲུན་པའི་ཡོན་ཏན་ནི།ཇི་སྐད་དུ།དཔལ་གསང་བ་འདུས་པ་ལས།ཕྱི་རུ་ཉན་ཐོས་སྤྱོད་པས་མཛེས།།ནང་དུ་འདུས་པའི་དོན་ལ་དགའ།།ཞེས་དང།ཡང་ཇི་སྐད་དུ།བརྟན་ཞིང་དུལ་ལ་བློ་གྲོས་ལྡན།བཟོད་ལྡན་དྲང་ལ་གཡོ་སྒྱུ་མེད།།སྔགས་དང་རྒྱུད་ཀྱི་སྦྱོར་བ་ཤེས།།སྙིང་བརྩེར་ལྡན་ཞིང་བསྟན་བཅོས་མཁས།།དེ་ཉིད་བཅུ་ནི་ཡོངས་སུ་ཤེས།།དཀྱིལ་འཁོར་འབྲི་བའི་ཐབས་ལ་མཁས།།སྔགས་བཤད་པ་ཡི་སྦྱོར་བ་ཤེས།།རབ་ཏུ་དང་ཞིང་དབང་པོ་དུལ།།ཞེས་དང།རྒྱལ་སྲས་ཞི་བ་ལྷས།རྟག་པ་དགེ་བའི་བཤེས་གཉེས་ནི།།ཐེག་ཆེན་དོན་ལ་མཁས་པ་དང།།བྱང་ཆུབ་སེམས་དཔའི་སྡོམ་པ་ཡང་།།སྲོག་གི་ཕྱིར་ཡང་མི་གཏོང་ངོ།།ཞེས་པ་གསུངས་པ་ལྟར་རྗེ་འདི་ཉིད་ནི་བསྐལ་བ་དཔག་ཏུ་མེད་པར་གཟུགས་སྣ་ཚོགས་དང།སྤྲུལ་པ་སྣ་ཚོགས།ཚུལ་སྣ་ཚོགས་ཀྱིས་རིགས་ཅན་གསུམ་གྱི་གདུལ་བར་བྱ་བ་རྣམས་འདུལ་བ་ཁོ་ནའི་དོན་དུ་ཕེབས་པས།རྒྱུད་སྡེ་དག་ལས་གསུངས་པའི་བླ་མ་རྡོ་རྗེ་འཆང་གི་མཚན་ཉིད་རྣམས་ཀྱང་རྗེ་འདི་ཉིད་ལ་ཡོངས་སུ་ཚང་ཞིང་།མདོ་སྡེ་དག་ལས་གསུངས་པའི་དགེ་བའི་བཤེས་གཉེན་གྱི་ཁྱད་པར་གྱི་ཆོས་རྣམས་ཀྱང་བདག་ཉིད་ཆེན་པོ་འདི་ལ་ཡོངས་སུ་རྫོགས་ལ།ཕྱི་རུ་ཀུན་སྤྱོད་ཀྱི་ཆ་ཐམས་ཅད་རབ་ཏུ་དུལ་ཞིང།ནང་དུ་སྔགས་རྒྱུད་སྡེ་བཞི་དང།ལུང་སྡེ་སྣོད་གསུམ།དེ་དག་ཕྲན་ཚེགས་དང་བཅས་པའི་གདམས་པ་རྒྱ་མཚོ་ལྟ་བུས་ཐུགས་རྒྱུད་ཕྱུར་བུར་གཏམས་ཤིང་།གསང་བའི་དེ་ཁོ་ན་ཉིད་ལ་རྟག་ཏུ་གཞོལ་ཞིང།ཐུགས་རྒྱུད་སྙིང་རྗེ་ཆེས་པོས་ཀུན་ནས་དྲངས་ཏེ་གདུལ་བར་བྱ་བ་དག་ལ་ཇི་ལྟར་འདོད་པ་ལྟར་དུ།མདོ་སྔགས་ཆོས་ཚུལ་གྱི་བྱེ་བྲག་དུ་མ་འཆད་པ་ལ་ཐུགས་རབ་ཏུ་གཞོལ་བས།རྗེ་འདིའི་མཚུངས་པ་མེད་པའི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་ཟད་མི་ཤེས་རྣམས་མཇལ་བ་ན་དད་པའི་མིག་ལ་མ་རིག་པའི་རབ་རིབ་ཀྱིས་མ་བསྒྲིབས་པར།བུང་བ་མེ་ཏོག་ལ་འདུས་པ་ད་གཉིས་འཐུང་འདམ་བུ་ལ་འཁོར་བ་ལྟར་ཆེ་རྒུ་འཛིན་པའི་གཙུག་ནོར་དུ་མ་དང།ཤར་ནུབ་དང་ཆོས་བརྒྱུད་ཀྱི་དབྱེར་བ་མེད་པ་དོན་གཉེར་གྱི་འཁོར་ཚོགས་རྒྱ་མཚོ་ལྟ་བུར་འདུས་ཏེ་དྲི་མེད་གསུང་གི་བདུད་རྩི་གཞིབས་པའི་སློབ་མ་ནི་བགྲང་དུ་མི་ནུས་མོད།རེ་ཞིག་མདོར་ཙམ་སྨྲོས་ན་རིགས་གསུམ་རྒྱལ་བའི་མྱུ་གུ་འཁོན་གདུང་རྣམ་གཉིས་དང།དྲི་མེད་ལྷ་རིགས་ཕུན་ཕོའི་གདུང་སྲས་རྣམ་པ།རིགས་བརྒྱའི་ཁྱབ་བདག་བཅོ་བརྒྱད་ཁྲི་རིན་པོ་ཆེ།འདུལ་འཛིན་བྱེ་བའི་གཙུག་རྒྱན་ངོར་ཀླུ་ལྡིང་མཁན་ཆེན་འཇམ་དབྱངས་བསྟན་པའི་ཉི་མ།རིས་མེད་གདམས་པ་རྒྱ་མཚོའི་མངའ་བདག་མཁྱེན་བརྩེ་བློ་གྲོས།བརྩེ་ཆེན་བསྟན་པའི་མཛེས་རྒྱན་ངོར་ཁང་གསར་མཁན་ཆེན་ངག་དབང་མཁྱེན་བརྩེ་ཐུབ་བསྟན་སྙིང་པོ་དང།ཐར་བརྩེ་མཁན་ཆེན་འཇམ་དབྱངས་ཀུན་དགའ་བསྟན་པའི་རྒྱལ་མཚན།རྫོང་ལུགས་བསྟན་པའི་བདག་པོ་རྡོ་རྗེ་གདན་པ་བསྟན་འཛིན་འཇམ་དཔལ་ལུང་རྟོགས་རྣམ་རྒྱལ།བརྩེ་ཆེན་བསྟན་པའི་གསལ་བྱེད་མཁྱེན་སྤྲུལ་འཇམ་དབྱངས་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོ།ཐུབ་བསྟན་གསལ་བའི་ཉིན་བྱེད་ས་ངོར་གྱི་ཞབས་དྲུང་རྣམ་པ།སྐྱབས་རྗེ་སྡེ་གཞུང་རིན་པོ་ཆེ་སྐྱབས་མཆོག་ཁྲ་རིགས་རིན་པོ་ཆེ།བརྩེ་ཆེན་བསྟན་པའི་རྒྱན་གཅིག་མཁན་ཆེན་ཨ་པད་རིན་པོ་ཆེ།ལུང་རྟོགས་བསྟན་པའི་དཔལ་མངའ་མཁན་ཆེན་ཀུན་དགའ་དབང་ཕྱུག།ཀུན་སྤོང་ཆེན་པོ་མཁན་ཆེན་རིན་ཆེན།བསོད་སྙོམས་པ་ཆེན་པོ་མཁན་ཆེན་སངས་རྒྱས་བསྟན་འཛིན་སོགས་དེང་གི་དུས་ན་རང་ལུགས་འཛིན་པའི་ཕལ་ཆེར་རྗེ་ཉིད་ཀྱི་དངོས་སློབ་དང་རྒྱུད་སློབ་མ་གྱུར་པར་ཆེར་མེད་ལ།གཞན་ལུགས་འཛིན་པའང་གྲུབ་རིགས་རྒྱ་མཚོའི་མངའ་བདག་རྒྱལ་ཀརྨ་པ་སྐུ་པྲེང་གོང་འོགཟབ་གཏེར་སྟོང་གི་བདག་པོ་འཇིགས་བྲལ་བདུད་འཇོམས་རིན་པོ་ཆེ།འཕྲིན་ལས་ཕྱོགས་མཐར་མེད་པའི་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ།འདྲེན་མཆོག་ཟླ་མེད་གྲུབ་དབང་པད་ནོར་རིན་པོ་ཆེ།སྒྲུབ་བརྒྱུད་བསྟན་པའི་རྒྱལ་མཚན་ཞྭ་དམར་རིན་པོ་ཆེ།ཏཱ་ཡི་སི་ཏུ་རིན་པོ་ཆེ།རྒྱལ་ཚབ་རིན་པོ་ཆེ།འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེ།སྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེ།བྱ་བྲལ་སངས་རྒྱས་རྡོ་རྗེ།བྱ་བྲལ་བྱང་ཆུབ་རྗེ།ཀུན་བདེ་གླིང་རིན་པོ་ཆེ།བོ་དོང་སྤྲུལ་སྐུ།ཁལ་ཁ་རྗེ་བཙུན་དམ་པ།སྐྱབས་རྗེ་ནམ་མཁའི་ནོར་བུ་སོགས་གངས་ལྗོངས་ན་ཆེ་བར་གྲགས་པའི་མཁས་གྲུབ་བགྲངས་ཀྱི་མི་ལང་བས།རྗེ་འདིའི་ཞལ་གྱི་དཀྱིལ་འཁོར་མངོན་པར་མཇལ་ཞིང།གསུང་གི་བདུད་རྩི་རབ་ཏུ་འཐུང་སྟེ་དེ་དག་གིས་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཕྱོགས་མཐར་སྤེལ་བའི་འཕྲིན་ལས་འདི་གཅིག་པུས་ཀྱང་རྗེ་འདི་ཉིད་ཆེས་ངོ་མཚར་བའི་གནས་སུ་གྱུར་ཏོ།

གསུམ་པ།དམིགས་མེད་ཐུགས་ཀྱི་མཁྱེན་པ་ཇི་ལྟར་མངའ་བའི་ཚུལ་ནི།བདག་ཉིད་ཆེན་པོ་འདི་ལ་ཆུང་དུས་ནས་གོང་དུ་ཞུས་པ་ལྟར་སྔོན་གནས་རྗེས་སུ་དྲན་པའི་མཁྱེན་པ་དང།མ་འོངས་མངོན་གཟིགས་ཀྱི་མངོན་པར་ཤེས་པའི་ཆ་ཡང་དུ་མ་ཞིག་རང་བྱུང་དུ་མངའ་བ་ཡིན་ཏེ།དེའང་ཆོས་རྗེ་ས་སྐྱ་པཎྜིཏར་སྐུ་ཆུང་དུས་སུ་ལེགས་པར་སྦྱར་བའི་སྐད་ཀྱི་མཁྱེན་པ་མངའ་བ་ལྟར།རྗེ་འདིས་ཀྱང་འཁྲུངས་ཙམ་ཉིད་ནས་རང་གི་སྐུ་སྐྱེ་སྔ་མའི་ཕ་སྐད་འགུ་ལོག་གི་སྐད་རང་བྱུང་དུ་སྨྲ་བར་མཛད།ཡང་ཨ་པྃ་གཏེར་ཆེན་གྱི་ཞལ་ཆེམས་ལྟར་གང་གི་རིགས་སྲས་ངོས་འཕྲད་དུ་ཕེབས་སྐབས་སྲུ་མོ་མཆོག་ནས།འདི་སུ་རེད་གསུངས་པར།པའདི་ང་ཡི་བུ་རེད་ཅེས་གསུངས་ཏེ་ཐམས་ཅད་ངོ་མཚར་བར་མཛད།ཡང་རྗེས་སུ་ལྷོ་གནས་སུ་ཕེབས་དུས་རྭ་སྨད་དུ་བླ་མ་ངག་བློ་རིན་པོ་ཆེ་བཞུགས་སར་ཕེབས་སྐབས།ཤེལ་བྲག་ཕྱག་མཛོད་ཤེས་བྱ་ཟེར་བ་ནས་སྣམ་བུ་འདོམ་པ་དོ་དང།ཆག་འབོ་གང་ཁྱེར་ནས་ཡོང་བར་རྗེ་འདི་ཉིད་ཀྱིས་ཐུབ་བསྟན་ཤེས་བྱ་ཁྱོད་རང་ངས་སྔོན་མ་རྡོ་རྗེ་བྲག་གི་ལས་ཀ་མ་བྱེད།ཚེ་འཇུག་ལ་ཡག་པོ་ཡོང་གི་མ་རེད་ཟེར་བཤད་པ་ཡིན་པ།ཞེས་གསུངས་པ་ན་སྔོན་ཨ་པྃ་གཏེར་ཆེན་འདིར་ཕེབས་ཏེ་ཤེལ་བྲག་ལ་བཞུགས་དུས་ཞབས་ཕྱི་ཞུ་སྐབས་དེ་འདྲ་རང་གསུངས་མྱོང་ཞེས་མིག་ཆུ་མང་པོ་གཏོང་བཞིན།སྤྲུལ་སྐུ་འཁྲུལ་མེད་རེད་འདུག་བཅས་ཁོ་རང་གི་ཕྱུ་པ་ཡག་ཤོས་ཤིག་ཕུལ་བ་དང།ཕྱག་མཛོད་དེ་ལ་ཤེས་བྱ་ལགས་ཟེར་བ་དང།ལ་ལས་ལྐོག་ནས་ཤེས་བྱ་བོང་བུ་ཟེར་བ་ལས་མིང་རོགས་ཐུབ་བསྟན་ཡོད་པ་དེ་དུས་ལས་ཤེས་ཀྱི་མེད་ཅེས་བླ་མ་རིན་པོ་ཆེའི་གསོལ་དཔོན་མཁྱེན་རབ་འཕགས་མཆོག་ཞུ་བའི་ཞལ་ནས་གསུངས་པ་ལྟར་དང།ཡང་སྒོ་རུམ་དུ་བསྐང་བ་ཚོགས་སྐབས་ཤིག་ལ་རྗེ་འདིས་ཐོག་ཁའི་ནག་ཁུང་ཕྱོགས་སུ་གཟིགས་ནས་འདིའི་སྒེའུ་ག་པར་ཡོད་ཅེས་གསུངས་གནང་བར།ཉེ་འགྲམ་ཚོས་དེར་སྒེའུ་མེད་ཚུལ་ཞུས་ཀྱང།བགྲེས་པ་འགའ་ནས་སྔོན་དེར་སྒོ་ཁུང་ཞིག་ཡོད་ཀྱང་ཕྱིས་བཀག་པ་རེད་ཅེས་བརྗོད་པར་བརྟེན།ཐོག་ཁར་ནས་ས་ཕག་བསལ་ཏེ་བཙལ་བས་ཤིང་གི་རུ་གཞི་ཡང་ད་དུང་ལྷག་ཡོད་པས་ཐམས་ཅད་ཡིད་མི་ཆེས་མཐུ་མེད་ཀྱི་གནས་ལ་སྦྱར།ཡང་སྐྱབས་རྗེ་ཁྲ་རིགས་རིན་པོ་ཆེས་འོད་གསལ་དག་པའི་སྣང་བ་ལ་རྗེ་འདི་ཉིད་མཇལ་ཏེ།ང་ཚོ་རྒྱ་མིའི་འོག་ནས་ཐར་དུས་ཡོང་ངམ།ལས་གང་བརྩམ་འགྲུབ་བམ།བསྟན་པར་འཕེལ་འགྲིབ་ཇི་ལྟར་འགྱུར་ཞེས་ཞུས་པས།ཁྱེད་རྣམས་རྒྱའི་འོག་ནས་ཐར་ཟིན།གློ་སྟོད་ན་དགོན་པ་གཅིག་དང་སྨད་ན་དགོན་པ་གཅིག་ཡོད།དེ་ནས་ཞག་གཉིས་ཀྱི་ས་ལ་ལོ་རེ་གཉིས་བསྡད་ན་བྱ་བ་གང་བརྩམ་འགྲུབ་པས་ལེགས།དེ་རྗེས་བསྟན་པ་ཡར་རྒྱས་སུ་འགྲོ་བ་ཡིན་ཞེས་ལུང་བསྟན་པ་ལྟར་ཕྱིས་དོན་ཐོག་ཏུ་འཁེལ་བར་གྱུར་པ་དང།ཡང་ཡབ་རྗེ་སྐུ་འཁོར་རྒྱ་གར་དུ་གནས་གཟིགས་ཕེབས་སྐབས་ཡུན་རིན་འགོར་བར་ཞུ་ཡིག་འབུལ་མི་གཏོང་བ་ཡང་འགོར་འགྱངས་བྱུང་བས།ཚང་མ་སེམས་ཕྲལ་གྱིས་མནར་བས།རྗེ་ཉིད་ལ་བང་མི་ཕྱིར་འབྱོར་གྱི་གཟིགས་སྣང་བྱུང་བ་བཞིན་ཕྱི་ཉིན་དོན་ཐོག་ཏུ་ཁེལ་བ་དང།ཡང་སྲུ་མོ་མཆོག་གི་ཕྱག་ཕྲེང་བརླགས་པ་དེ་རྗེ་ཉིད་ལ་མེ་ཏོག་བཞག་སའི་གཡབ་ཆུབ་ནང་དུ་ཡོད་པའི་གཟིགས་སྣང་བྱུང་བ་བཞིན་ཕྱི་ཉིན་དེ་ག་རང་ནས་བརྙེད་པ་སོགས་ནི་གཟིགས་སྣང་ལྟར་གསུངས་ཀྱང་དོན་དུ་མངོན་པར་ཤེས་པའི་མཁྱེན་པ་ཁོ་ནར་ཟད་ལ།དེ་བཞིན་འཁོར་འདས་ཀློང་དུ་བརྡོལ་བའི་རྟགས་སུ་གྲུབ་པའི་མཚན་མ་བསྟན་པ།གཅིག་ཏུ་བསྟན་འགྲོར་ཕན་བདེ་སྒྲུབ་པའི་བསླུ་མེད་ཀྱི་ལུང་བསྟན་བརྙེས་པ།ཉིན་གྱི་མེལ་ཚེ་མཚན་གྱི་བྱ་ར་བྱེད་པའི་ཆོས་སྲུང་རྣམས་ཀྱིས་བཀའ་བཞིན་སྒྲུབ་པ་སོགས་མདོར་ན་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བའི་རྣམ་པ་ཐར་པ་རྒྱ་མཚོ་ལྟ་བུར་བཞུགས་ཀྱང་དེ་ཙམ་ལས་ཡི་གེ་མངས་ཀྱི་དོགས་ནས་འབྲི་བར་མ་སྤོབས་སོ།

བཞི་པ་བྱ་བ་ལས་ཀྱི་འཁོར་ལོ་བསྐོར་བའི་ཡོན་ཏན་གྱི་ཁྱད་པར་ལ་གཉིས་ཏེ།བསྟན་པའི་གནས་གཞི་དགེ་འདུན་གྱི་སྡེ་བཙུགས་པ་དང།བསྟན་འགྲོའི་མགོན་དུ་ཕྱོགས་མཐར་ཕེབས་ཏེ་ཆེ་རྒུ་དག་དང་མཇལ་འཕྲད་གནང་བའི་ཡོན་ཏན་གཉིས་ལས།དང་པོ་ལ་གཉིས་ཏེ།བསྟན་པའི་གནས་གཞི་ཇི་ལྟར་བསྐྲུན་པའི་ཚུལ་དང།བསྟན་སྡེ་དགེ་འདུན་གྱིས་བྱ་བ་ཇི་ལྟར་བསྒྲུབ་པའི་ཚུལ་གཉིས་ལས།དང་པོ་ནི།གངས་ལྗོངས་ན་དུས་འགྱུར་གྱི་ཡོ་ལང་དྲག་པོ་བཟོད་མི་ཐུབ་པ་ཞིག་བྱུང་སྟེ།རེ་ཞིག་གདན་ས་ཆེན་པོ་འོག་མིང་གཉིས་པ་དཔལ་ལྡན་ས་སྐྱར་ཡང་མིང་གི་ལྷག་མར་ཙམ་དུ་གྱུར་ལ་ཉེ་བར་ན།རྗེ་འདི་ཉིད་ཀྱིས་སྒྲོལ་མ་ཕོ་བྲང་སྐུ་རབས་རིམ་པའི་རང་བསྟེན་སྲུང་མ་གནོད་སྦྱིན་ཙིའུ་དམར་པོར་འགྲོ་སྡོད་ཇི་བྱེད་དང།འགྲོ་དུས་སྔ་ཕྱི་སོགས་ཀྱི་ཟན་བརྟགས་ཞུས་འབྲས་སུ།བསླུ་མེད་རྡོ་རྗེའི་བཀའ་ལུང་ངོ་མཚར་ཆེས་ཆེར་ཕེབས་པ་ལྟར།རྗེ་ཉིད་སྟོན་འཁོར་ཧྲག་བསྡུས་དང་བཅས་པ་འཕགས་ཡུལ་དུ་ཞབས་སོར་འཁོད་ཐུབ་པར་བྱུང་བ་ནི།རྒྱལ་བའི་བསྟན་པ་རིན་པོ་ཆེ་སྤྱི་དང་རྗེ་བཙུན་ས་སྐྱ་པའི་བསྟན་པ་རིན་པོ་ཆེའི་འཕྲིན་ལས་ཀྱི་འཇུག་མ་རྫོགས་ཤིང།སྐྱེ་འགྲོ་སྤྱིའི་གསོས་སྨན་སུ་བཞུགས་པར་མི་དང་མི་མིན་སུས་ཀྱང་བཟློག་ཏུ་མ་ནུས་པས་ཡིན་ལ།དེ་ནས་རྗེ་ཉིད་ཀྱིས་ཀྱང་བསྟན་པ་རིན་པོ་ཆེ་འདི་ཁོ་ན་ཐུགས་ལ་གཞིགས་ཏེ།བསྟན་པའི་གནས་གཞི་བསྐྲུན་རྒྱུ་དང།བསྟན་འཛིན་དགེ་འདུན་སྐྱོང་རྒྱུ།ལུང་རྟོགས་བསྟན་པ་སྤེལ་རྒྱུ་སོགས་ལ་ཐོག་མཐར་བར་གསུམ་དུ་སྐུ་ངལ་དང་མཛད་དཀའ་སོགས་གང་ལའང་ལྟོས་མེད་ཀྱིས་རང་འཁྲིའི་འགན་དུ་བཞེས་པའི་ཐུགས་སྟོབས་ནི་ཇེ་ཐོག་ནས་ཉིད་མངའ་ལ།སྐབས་དེ་དང་དེ་དག་ཏུ་བཙན་བྱོལ་བ་སྤྱི་བྱིངས་ལྟར་དཔལ་འབྱོར་སོགས་ཀྱི་འཁོས་དཔགས་ཐོད་ཐུག་པ་ཞིག་མེད་ནའང་།ཐུགས་སྟོབས་ནམ་ཡང་མ་ཉམས་པར་ཐབས་ཤེས་ཞབས་ཟུང་གང་སར་བརྐྱངས་ཏེ་གདན་ས་ཆེན་པོ་བརྩེ་ཆེན་བསྟན་པའི་དགའ་ཚལ་སོགས་ཇི་ལྟར་བསྐྲུན་པའི་ཚུལ་གཤམ་དུ་རོབ་ཙམ་གླེང་རྒྱུ་ལགས་སོ།།

གཉིས་པ།བསྟན་སྡེ་དགེ་འདུན་གྱིས་བྱ་བ་ཇི་ལྟར་སྒྲུབ་པའི་ཚུལ་ནི།བདག་ཉིད་ཆེན་པོ་འདིའི་དམིགས་པ་མེད་པའི་ཐུགས་རྗེའི་བདག་རྐྱེན་ཁོ་ན་ལས་བྱུང་བའི་ཆོས་གྲྭ་ཁག་ཏུ་བསྟན་སྡེ་དགེ་འདུན་གྱི་སྡེས་ཆོས་སྤྱོད་ཀྱི་བྱ་བ་དག་ཇི་ལྟར་བསྒྲུབ་བཞིན་པའི་ཚུལ་འགའ་ཞིག་རགས་ཙམ་སྨྲོས་ན།འོག་མིན་གཉིས་པ་གདན་སཆེན་པོ་བརྩེ་ཆེན་བསྟན་པའི་དགའ་ཚལ་དབུ་ཚུགས་པ་ནས་བཟུང་ཏེ།ཆོས་ཀྱི་གྲྭ་ཆེན་པོ་དེར་རྗེ་འདི་ཉིད་ཀྱི་ཐུགས་རྗེའི་ཞོ་ཤས་འཚོ་བ་རྣམས་ལ་མ་གཅིག་པའི་བུ་ལྟར་ཚད་མེད་པའི་བརྩེ་བས་སྐྱོང་ཞིང།སྙིང་གི་བདུད་རྩི་གྱུར་པའི་ཟབ་ཆོས་དང་ལམ་སྟོན་ཕུན་སུམ་ཚོགས་པ་ཡང་ཡང་གནང་སྟེ།རླབས་ཆེན་གྱི་དགོངས་གཞི་ཟབ་མོའི་འོག་གཞི་རིམ་གྱི་གནའ་དེང་གི་ཤེས་ཡོན་ནས་བསླབ་པ་སློབ་གཉེར་ཡོངས་སུ་རྫོགས་པའི་གོ་སྐབས་རྙེད་དུ་མེད་པ་བཀའ་དྲིན་བསྩལ་བ་ལྟར།དགེ་འདུན་པ་ཚོས་ཀྱང་རིན་པོ་ཆེའི་བཀའ་དྲིན་ཤེས་བཞིན་རང་འཁྲིའི་འགན་བབ་ལྷོད་མེད་ཐོག་འདོན་རྟ་དབྱངས་དང་།ཚོགས་སྒྲུབ་མཆོད།ཐིག་རྡུལ་མཚོན།གཞི་གསུམ་གྱི་ཆོ་ག་སོགས་མཐོང་བ་བརྒྱུད་པའི་ཕྱག་ལེན་ལ་སྦྱོང་བརྩོན་མཐིལ་ཕྱིན་གནང་བ་ལས།རིམ་བཞིན་མཐོང་བརྒྱུད་ཕྱག་ལེན་ལ་བྱང་ཆུབ་པའི་མཁས་པ་དང་།བསླབ་པ་ལ་མིག་འབྲས་ལྟར་གཅེས་པའི་བཙུན་པ།ཐུགས་རྒྱུད་དུལ་ཏེ་ཕྱོགས་ཀྱི་མཐའ་དུ་མར་སྐྱེ་འགྲོའི་བདེ་དོན་སྒྲུབ་པའི་བཟང་པོ་སྟེ་མཁས་བཙུན་བཟང་གསུམ་དང་ལྡན་པའི་དགེ་འདུན་གྱི་སྡེ་ཆེན་པོར་འཕེལ་རྒྱས་བྱུང་དང་འབྱུང་བཞིན་པ་ནི།དྲི་མེད་སྐུ་ཡི་གདུང་སྲས་རྣམ་གཉིས་དང།མཁས་དང་གྲུབ་པའི་བདག་ཉིད་ཆེན་པོ་གདན་སའི་མཁན་ཐོག་དང་པོ་འདར་གྲང་མོ་ཆེའི་མཁན་རིན་པོ་ཆེ་ཀུན་བཟང་མཆོག་དང།མཁན་རིན་པོ་ཆེ་འཛིངས་པ་འཆི་མེད་སོགས་གདན་ས་ཆེན་པོའི་མཁན་ཐོག་རིམ་པ་དང།གཅིག་ཏུ་བསྒྲུབ་པ་ལ་གཞོལ་བའི་ཕྱི་དབང་རིན་པོ་ཆེ་སོགས་མཆོག་གི་སྤྲུལ་སྐུ་དུ་མ་དང།བསླབ་གསུམ་འཛིན་པའི་དགེ་འདུན་པ་བརྒྱ་ཕྲག་དུ་མ་གཉུག་མར་གནས་བཞིན་པ་དང།ལྷག་པར་དུ་དགེ་འདུན་གྱི་སྡེ་དེ་དག་གིས་གདན་ས་ཆེན་པོའི་སྔ་སྲོལ་གྱི་རྒྱུན་བཟང་པོ་རྣམས་རིམ་པར་ཉམས་པ་སོར་ཆུད་དང།མི་ཉམས་གོང་འཕེལ་བཏང་སྟེ་འཆི་ཁ་མའི་སྲོག་མཐུད་པ་ལྟ་བུར་གྱུར་པ་ནི་མཐོང་བཞིན་པ་ལྟར་དང།དེ་བཞིན་དུ་རྗེ་ཉིད་ཀྱི་ཐུགས་རྗེའི་བདག་རྐྱེན་དང་མཁན་ཆེན་ཐམས་ཅད་ཨ་པད་རིན་པོ་ཆེས་ཐུགས་ཀྱི་ཁུར་བཞེས་ཏེ་༡༩༧༢ལོར་དབུ་བརྙེས་པའི་བསྟི་གནས་ཆེན་པོ་དཔལ་ས་སྐྱའི་མཐོ་རིམ་སློབ་གྲྭ་ཆེན་མོ་རུ་ཡང་།རྗེ་ཉིད་ཀྱི་ཐུགས་རྗེའི་འཇུག་པའི་འོག་སྡེ་སྣོད་པ་ཆེན་པོ་མཁན་ཆེན་ཨ་པད་རིན་པོ་ཆེ་དང།དེའི་སྲས་མཁན་ཆེན་འཇམ་དབྱངས་བསྟན་འཛིན།མཁན་ཆེན་མིག་དམར་ཚེ་རིང།མཁན་ཆེན་བསོད་རྣམས་རྒྱ་མཚོ་དབུས་པའི་མཁན་ཆེན་རིན་བྱོན་གྱིས་ལོ་ངོ་དུ་མའི་རིང་རྗེ་བཙུན་ས་སྐྱ་པའི་ཐུན་མོང་མ་ཡིན་པའི་དོན་དམ་གྱི་ལྟ་བ།ཀུན་རྫོབ་ཀྱི་གྲུབ་མཐའ།བཤད་སྒྲུབ་ཀྱི་ཕྱག་ལེན་དག་ཡང་ཡང་འཆད་འཁྲིད་གནང་བ་ལས་བསྟན་པའི་མེ་རོ་རྨང་ནས་གསོས་ཏེ།ཐུབ་བསྟན་མཛེས་པའི་རྒྱན་གྱུར་ལྷ་རིགས་འཁོན་གདུང་རྣམ་གཉིས་དང།ས་ངོར་གྱི་མཁན་ཞབས་རྣམ་པ།འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེ་དང།མཁྱེན་སྤྲུལ་ཡང་སྲིད་རིན་པོ་ཆེ་སོགས་བླ་སྤྲུལ་དུ་མ་དང་།ཤེས་བྱ་རིག་པའི་གནས་ལ་སྐོམ་པ་ཆུ་འདོད་ལྟ་བུའི་རིས་སུ་མ་ཆད་པའི་དགེ་འདུན་པ་དུ་མ་རྒྱལ་བའི་གསུང་རབ་ལ་བློ་གྲོས་ཀྱི་འཇུག་པ་ཡངས་པར་མཛད་གནང་མ་ཟད་གཞུང་ལུགས་ཁག་རྒྱུན་མ་ཆད་པར་འཆད་ཉན་གནང་ཞིང་ཕྱོགས་ཀྱི་ཐ་གྲུ་དུ་མར་བསྟན་པའི་བྱ་བ་གནང་བཞིན་པ་དང་།དེ་བཞིན་རྗེ་ཉིད་ཀྱིས་བདག་རྐྱེན་འོག་༡༩༧༢ལོ་དབུ་བརྙེས་པའི་མ་དགོན་བཤད་གྲྭ་ཐུབ་བསྟན་རྣམ་རྒྱལ་གླིང་དུའང་ཀུན་སྤོང་པ་ཆེན་པོ་མཁན་ཆེན་རིན་ཆེན་བཟང་པོ་དང།མཁན་ཆེན་བསོད་ནམས་རྒྱ་མཚོ།མཁན་ཆེན་འཇམ་དབྱངས་ཤེས་རབ།མཁན་ཆེན་ངེས་དོན།མཁན་ཆེན་ཐུབ་བསྟན།མཁན་ཆེན་ཆོས་ཀྱི་ཉི་མ།མཁན་ཆེན་ངག་དབང་ཉི་མ་དབུས་པའི་མཁན་ཆེན་རིམ་བྱོན་གྱིས་དྲི་མ་མེད་པའི་རྒྱལ་བའི་གསུང་རབ་དགོངས་འགྲེལ་དང་བཅས་པར་འཆད་འཁྲིད་ཡང་ཡང་གནང་བ་ལས།གསུང་རབ་ལ་ངེས་པ་རྙེད་པའི་ངོར་ཐར་རྩེ་མཁན་རིན་པོ་ཆེ།ཞབས་དྲུང་རིན་ཆེན་དཔལ་འབྱོར་རིན་པོ་ཆེ།གདན་སའི་མཁན་པོ་ངག་དབང་རྒྱལ་མཚན།ད་ལྟའི་ཁྲི་ཐོག་མཁན་པོ་རྣམ་གཉིས་སོགས་བསྟན་པའི་གཅེས་ནོར་བླ་སྤྲུལ་དུ་མ་ཕེབས་བཞུད་ཀྱིས་བསྟན་ལ་བགྱི་བ་ཆེས་ཆེར་གནང་བཞིན་པ་མ་ཟད་སྡེ་སྣོད་འཆད་ཉན་གྱིས་ལུང་རྟོགས་ཀྱི་བསྟན་པ་སྤེལ་བཞིན་པ་དང།དེ་བཞིན་རྗེ་ཉིད་ཀྱི་ཐུགས་རྗེའི་འཇུག་པའི་འོག་ས་སྐྱ་བཙུན་མའི་ཆོས་སྡེ་རིན་ཆེན་ཆོས་གླིང་གསར་བཞེངས་གནང་བ་ཡང་།དེ་ཡང་སྤྱི་ལོ་༡༩༩༣ལོར་བོད་ནས་རང་ལུགས་འཛིན་པའི་བཙུན་མ་ཉུང་ཤས་ཤིག་རྒྱ་གར་བརྟེན།ས་སྐྱའི་མ་དགོན་གྱི་ཉེ་འདབས་སུ་གནས་སྐབས་རིང་ཁང་གླར་བྱས།དེ་ནས་བཙུན་མའི་གྲངས་འབོར་ཇེ་མང་སོང་བ་དང།༸སྐྱབས་མགོན་༸གོང་མ་རིན་པོ་ཆེ་མཆོག་ལའང་སྔོན་ཚུད་ནས་བཙུན་དགོན་ཞིག་བཞེངས་རྒྱུའི་དགོངས་པར་མངའ་བ་བཞིན།༡༩༩༨ལོར་༸སྐྱབས་མཆོག་ཉིད་ཀྱི་ལམ་སྟོན་འོག་ད་ལྟའི་བཙུན་དགོན་འདི་ཉིད་གསར་བཞེངས་གནང་བ་ནི།བཙན་བྱོལ་ནང་གི་ས་སྐྱའི་བཙུན་དགོན་གཅིག་པུ་དེ་ཡིན་ལ།བསླབ་པ་སློབ་གཉེར་གྱི་ཐོག་ལའང་གཞི་རིམ་གྱི་ཤེས་ཡོན་ཕྱི་ནང་གི་སྐད་ཡིག་ཚུད་པའི་བོད་ཀྱི་རིག་གནས་དང།ཆོ་ག་ཕྱག་ལེན།མཁན་པོ་ཚུལ་ཁྲིམས་དཔལ་ལྡན་མཆོག་ནས་གཞུང་ལུགས་འཆད་སྤེལ་དང་།རང་ལུགས་ཀྱི་ཆོ་ག་ཆོས་སྤྱོད་ཁག་ལ་དུས་ན་མར་གསན་བསམ་སྒོམ་སྒྲུབ་གནང་བཞིན་པའི་སྐལ་བ་རབ་ཏུ་སྦོམ་པའི་ཚུལ་འདི་དག་ནི་བདག་ཉིད་ཆེན་པོ་འདིའི་ཐད་ཀའི་འཛིན་སྐྱོང་འོག་ཏུ་ཡོད་པའི་ཆོས་ཀྱི་གྲྭ་དག་ཡིན་ལ།གོང་གི་ཆོས་གྲྭ་དེ་དག་ནས་ཐོན་པའི་མཁན་པོ་དང།སློབ་དཔོན།དགེ་རྒན།དབུ་འཛིན་སོགས་དུ་མས་ཀྱང་ཕྱོགས་ཀྱི་ཡུལ་གྲུ་དུ་མ་ན་བསྟན་པའི་རྒྱལ་མཚན་གྱེན་དུ་བསྒྲེང་བའི་ཆོས་སྤྱོད་ཀྱི་བྱ་བས་དུས་འདའ་བཞིན་ཡོད་པ་བཅས་ནི་བདག་ཉིད་ཆེན་པོ་འདིའི་ཐུགས་རྗེ་དང་བཀའ་དྲིན་ཉག་གཅིག་ལས་བྱུང་བའོ།།

གཉིས་པ།བསྟན་འགྲོའི་མགོན་དུ་ཕྱོགས་མཐར་ཕེབས་ཏེ་ཆེ་རྒུ་དག་མཇལ་འཕྲད་གནང་བའི་ཡོན་ཏན་ནི།ཇི་སྐད་དུ།རྣམ་ཐར་གསོལ་འདེབས་བྱིན་རླབས་འབྱུང་བའི་རྫིང་བུ་ལས།སྙིང་རྗེའི་དབང་དུ་སོང་བ་ཁྱེད།།གཞན་དོན་བྱ་བས་ངོམ་པ་མེད།།ཅེས་གསུངས་པ་ལྟར།ཁྲི་ཐོག་ཞེ་གཅིག་པ་སྔགས་འཆང་ཆོས་ཀྱི་རྒྱལ་པོ་འདིའི་རྨད་དུ་བྱུང་བའི་སྐུ་གསུང་ཐུགས་ཀྱི་འཕྲིན་ལས་ཀྱི་འོད་སྣང་དེ་བོད་ཙམ་དུ་མ་ཟད་རྒྱ་མཚོ་ཆེན་པོའི་མཐའ་ལས་བརྒལ་ཏེ།དེ་སྔོན་དམ་པའི་ཆོས་ཀྱི་སྒྲ་ཙམ་ཡང་རྣ་བར་ལྷུང་མ་མྱོང་བའི་ཡུལ་གྲུ་དུ་མའི་གྲོང་དང་གྲོང་ཁྱེར་གྲོང་བརྡལ་རྣམས་སུ་ཞབས་ཀྱི་རེ་ཁ་མངོན་པར་བཀོད་དེ།ཡོན་ཏན་དུ་མའི་འབྱུང་གནས་སུ་གྱུར་པའི་སྟོན་པ་ཐུགས་རྗེ་ཅན་གྱིི་ཟབ་གསལ་གསུང་གི་སྙིང་པོ་དབང་བསྐུར་བ་དང།རྒྱུད་བཤད་པ།མན་ངག་མནོས་པ།སེམས་བསྐྱེད་འབོགས་པ་ལ་སོགས་པས་དད་ལྡན་གྱི་སློབ་མ་རྒྱུད་སྨིན་པར་བྱེད་པ་ནི་ལྟ་ཅི།སྤྱིར་བཏང་ཆོས་ལུགས་ལ་དད་པ་ཡོད་མེད་དང།ལས་འབྲས་ལ་ཡིད་ཆེས་ཡོད་མེད་ཀྱི་ཁྱད་པ་མ་གཟིགས་པར་སྲིན་འབུ་ཆུང་ངུ་གཏོགས་པ་ཚུན་ཆད་ལ།སྐྱེ་བ་ཐོབ་པའི་ལག་རྗེས་སུ་འཚོ་གནས་ཀྱི་སྙིང་པོ་བདེ་སྐྱིད་དང་ཞི་བདེ་དགོས་ལ།དེ་ལྟ་བུའི་འཚོ་གནས་ཀྱི་སྙིང་པོ་དེ་ཡང་གཞི་རྩར་དྲང་བདེན་དང་འདྲ་མཉམ།བྱམས་བརྩེ་དང་གཞན་ཕན།བཟོད་གསན་དང་ཆོག་ཤེས།སེམས་འཁུར་དང་ལྷག་བསམ།ཡ་རབས་དང་བཟང་སྤྱོད།ཡིད་ཆེས་དང་མཉམ་འབྲེལ་སོགས་ལས་འབྱུང་དགོས་པ་བརྟེན་གང་ཟག་མཐོ་དམན་དང་།ཆེ་ཆུང།སྤྲང་ཕྱུག་སོགས་ཀྱིས་ཁྱད་པར་མི་ཕྱེ་བའི་ཀུན་གྱིས་ཕན་ཚུན་མཛའ་བརྩེ་དང་།འཆམས་མཐུན།རོགས་ཕན།སེམས་ཁུར།ཁོར་ཡུག་སྲུང་སྐྱོབ་བཅས་བྱེད་དགོས་པའི་བཀའ་སློབ་དུས་ན་མར་ཡང་ཡང་ཕེབས་པ་དང།ལྷག་དོན་ད་ལྟའི་དུས་རབས་འདིའི་ཁྲོད་དུ་སྐྱེ་འགྲོ་སུ་ལའང་མི་དགོས་པའི་དྲག་པོའི་དམག་འཁྲུག་དང།དུས་ཀྱི་ནད་ཡམས།མཚོན་གྱི་འཇིགས་པ།རྫས་ངན་ལོངས་སུ་སྤྱོད་པ།འབྱུང་བཞིའི་གནོད་འཚེ་བྱུང་བ།ཕྱོགས་ཕན་ཚུན་ནང་དམེ་དང་འཁྲུག་རྩོད་སོགས་བཟློག་ཐབས་སུ་དུས་ནས་དུས་སུ་རྒྱ་ཆེ་བའི་ཐུགས་སྨོན་དང།ཆོས་སྤྱོད་ཀྱི་བྱ་བཞག་མང་པོ་ཡང་ཡང་བསྒྲུབས་པ་ལས།ཐོབ་དང་གོ་ས་ལ་རྔམས་པ།རྒྱུ་དང་འབྱོར་པ་ལ་འཕྲེང་བ།ངོ་བསྟོད་དང་སྤྲེལ་ལད་འཁྲབ་པ།དགྲ་གཉེན་ལ་རིས་སུ་བཅད་པ་སོགས་དགེ་སྦྱོང་ལ་མི་འཛའ་བའི་ཆོས་བརྒྱད་བྱ་བ་རྣམས་འཕོང་ཕྱིས་ཀྱི་རྡོ་བ་བཞིན་དོར་ཏེ་མཛད་བཟང་གསེར་གྱི་འཁོར་ལོས་ཡངས་པའི་ས་ཆེན་སྟེང་ན་ཞབས་ཟུང་ངང་མོ་དལ་གྱི་བསྒྱུར་བས།འཛམ་གླིང་གི་ཤེས་ལྡན་དུ་མས་ཀྱང་དེ་ལྟའི་གནས་ལུགས་ལ་ངེས་པར་རྙེད་ཅིང།བྱ་གཞག་འདི་རིགས་ནི་རང་རེ་སུ་ལའང་འཕྲལ་ཕུགས་གཉིས་ཀར་དགོས་ངེས་ཆེ་བར་མཐོང་ཏེ།གནད་ཡོད་ཀྱི་མི་སྣ་དུ་མས་བཟང་སྤྱོད་ཀྱི་ཐོག་ནས་མཇལ་འཕྲད་ཞུས་པ་དང།གྲགས་ཅན་གྱི་མཐོ་སློབ་ཁག་དུ་མས་ཆེད་དུ་གསོལ་བ་བཏབ་ཏེ་བཀའ་སློབ་ཞུས་པ།ཁྱབ་རྒྱ་ཆེ་བའི་བརྙན་འཕྲིན་དང་རླུང་འཕྲིན་ཁག་དུ་མར་བགྲོ་གླེང་གནང་བ།གྲོས་ཚོགས་ཁག་གིས་གདན་འདྲེན་ཞུས་པ།དེང་གི་རིགས་པ་སྨྲ་བའི་ཚན་རིག་པ་དང་བགྲོ་གླེང་གནང་བ་སོགས་དཔེར་མཚོན་ཙམ་བརྗོད་ན།རྒྱ་གར་གྱི་སྲིན་བློན་གྲགས་ཅན་ནེ་རུ་དང་དེའི་སྲས་མོ་ཨིཾདཱ་ར་གྷན་རྡིར་མཇལ་འཕྲད་ཐེངས་གཉིས་གནང།སྲིད་འཛིན་རཱ་དྷཱ་ཀྲཥྞཱ་དང་མཇལ་འཕྲད་གནང།ཨ་རིའི་སྲིད་ཟུར་གྲགས་ཅན་འཇིམ་མི་ཀར་ཊ་སྟངས་དཔྱལ་དང་མཇལ་འཕྲད་གནང།བལ་ཡུལ་དཔལ་ལྔ་ལྡན་རྒྱལ་པོ་ཝྭརེནྡྲཱ་དང་མཇལ་འཕྲད་གནང།ཐ་ལན་ཌའི་རྒྱལ་སྲས་སྦ་ནུ་དང་སྲས་མོ་པུང་ཞུ་བར་མཇལ་འཕྲད་གནང།ཨོ་སི་ཊི་ལི་ཡའི་སྲིན་བློན་སར་ལ་ཨོ་ནལ་སྦོ་ཝན་ཞུ་བར་མཇལ་འཕྲད་གནང།ཕི་ལིང་སྤིན་སྲིད་བློན་དང་མཇལ་འཕྲད་གནང།སོག་ཡུལ་གྱི་སྲིད་བློན་སུ་རེན་ཇིང་ཕ་བུ་དང་དེའི་ཤེས་རིག་བློན་ཆེན་ཨི་ཀབ་ཡར་དང་མཇལ་འཕྲད་གནང།འཛམ་གླིང་རྒྱལ་སྤྱིའི་སྐྱབས་བཅོལ་རོགས་རམ་ཚོགས་པའི་དབུ་འཛིན་རྒྱལ་སྲས་ཨ་སྒ་ཕན་ཞུ་བས་མཇལ་འཔྲད་གནང།སིང་ག་པུར་གྱི་ཁོར་ཡུག་བློན་ཆེན་དང་མཇལ་འཕྲད་གནང་བ་དང།འབྲས་ལྗོངས་དང་།ཧི་མ་ཅལ།ཀཤའི་མིར་སོགས་ཀྱི་བློན་ཆེན་དུ་མ་དང་མཇལ་འཕྲད་གནང་བ་དང།ཨ་རི་དང་རྒྱ་གར་སོགས་ཀྱི་གྲོས་ཚོགས་ཀྱི་འཐུས་མི་དང་རྒྱ་གར་དུ་གནས་བཞུགས་ཨ་རི་དང་སོག་ཡུལ་སོགས་ཀྱི་གཞུང་ཚབ་ཁག་དུ་མ་དང་།རྒྱ་གར་དམག་དཔོན་དུ་མ་ཡང་རྗེ་འདི་ཉིད་ལ་མཇལ་དུ་ཕེབས་པ་སོགས་ནི་རྗེ་འདི་ཉིད་ཀྱི་ཟད་མི་ཤེས་པའི་ཡོན་ཏན་གྱི་དྲི་བསུང་བཟང་པོ་ཕྱོགས་བརྒྱར་ཐུལ་བ་ལས་བྱུང་བ་ཡིན།དེ་བཞིན་ཨ་རིའི་གཙུག་ལག་སློབ་གཉེར་ཁང་གྲགས་ཅན་ཧ་ཝར་ཌའི་ནང་ཆོས་སྡེ་ཚན་དང།ཀོ་ལམ་སྦིར་ཡ་མཐོ་རིམ་སློབ་ཆེན་མོ།ཀན་སྦ་ཌའི་མཐོ་རིམ་སློབ་གྲྭ་ཆེན་མོ་སོགས་ཤར་ནུབ་ཕྱོགས་ཀྱི་གནའ་དེང་རིག་པའི་རྟེན་གཞིའི་མཐོ་སློབ་ཁག་དུ་མར་ཆོས་ཀྱི་བདུད་རྩི་བསྩལ་བ་དང།འཛམ་གླིང་ན་སྙན་གྲགས་ཆེ་བའི་དབྱིན་ཇིའི་རྦི་རྦི་སི་དང།ཐི་རི་ཨེ་ཨར་ཞེས་པ་དངསི་པི་རིཊཤོའོ་ཞེས་སོགས་རླུང་འཕྲིན་ཁག་དུ་མའི་རེ་འདོད་སྐོང་གནང་བ་དང།ཨོ་སི་ཊི་ལ་ཡི་བརྙན་འཕྲིན་གྲགས་ཅན་ཨེ་སྦི་སི་རྟགས་ཅན་དང།ཊུཨེན་སི་ཨར་སོགས་དུ་མ་ལ་གླེང་མོལ་གནང་བ་དང།ཀེན་སྦེ་ར་ཊ་ཡིམ་སི་ཞེས་པ་དང།ནོར་ཐན་སི་ཊར་དང།ནོར་ཐ་སི་ཊར་ཞེས་སོགས་གསར་ཤོག་གྲགས་ཅན་དུ་མའི་ཐོག་དྲི་བ་དྲི་ལན་གནང་བ་དང།སི་ཊ་སི་སྦུའུ་ཡི་ཡོ་རོབ་ཀྱི་གྲོས་ཚོགས་ཁང་སོགས་གྲོས་ཚོགས་ཁང་དུ་མར་སྲིད་ན་དཀོན་པའི་གསུང་གི་བཀའ་མཆིད་བསྩལ་བ་དང།ཡེ་ཤུ་དང།ཧིན་རྡུ།ནང་པ་བཅས་ཀྱི་མཁས་དབང་བགྲོ་གླེང་ཁག་ཏུ་མཉམ་བཞུགས་གནང་ཏེ་གནད་སྨིན་གྱི་བཀའ་སློབ་བསྩལ་བ་དང།དེང་དུས་རྣམ་དཔྱོད་ཆེ་བར་གྲགས་པའི་ཚན་རིག་པ་དང་བགྲོ་གླེང་གནང་བ་སོགས་མདོར་ན་དེང་གི་དུས་སུ་དགོས་ངེས་ཆེ་བའི་སངས་རྒྱས་པའི་ལྟ་གྲུབ་སྐོར་ངོ་སྤྲོད་ཞིབ་རྒྱས་དང།སྐྱེ་བ་སྔ་ཕྱིར་སྐོར་ལ་གསལ་འདོན།ལས་དང་ལས་ཀྱི་འབྲས་བུ་གྲུབ་ཚུལ།ཉིན་རེའི་མི་ཚེའི་ནང་དུ་བྱམས་པ་དང་སྙིང་རྗེ་གཞན་ཕན་སོགས་ཇི་ལྟར་བསྒྲུབ་དགོས་པའི་ཚུལ་ལས་བརྩམས་ཏེ་ཕྱོགས་གང་སར་སྙན་འཇེབས་གསུང་གི་བདུད་རྩི་ལྷུག་པོར་བསྩལ།ལྷག་པར་དུ་དེང་གི་དུས་སུ་ཨ་གསར་རམ་རྒྱུ་མཚན་མཐོང་བ་སྔོན་སོང་གང་ཡིན་ཀྱང་རུང།ཤར་ནུབ་ཀྱི་ཡུལ་གྲུ་མང་པོའི་ནང་ནས་སངས་རྒྱས་པའི་ཆོས་ལ་དགའ་དད་བྱེད་མཁན་ཇེ་མང་འགྲོ་བ་བདེན་མོད།དེ་དག་ལ་ཇེ་ཐོག་མ་ཉིད་ནས་དབང་བསྐུར་བ་དང་རྒྱུད་བཤད་པ་མན་ངག་སྟེར་བ་ལས་དང་ཐོག་སངས་རྒྱས་པའི་ལྟ་གྲུབ་གི་ངོ་སྤྲོད་དང།དཀོན་མཆོག་གསུམ་གྱི་ཡོན་ཏན།ལས་དང་འབྲས་བུའི་རྣམ་བཞགསྐྱེ་བ་སྔ་ཕྱི་གྲུབ་ཚུལ་སོགས་བཤད་དགོས་པ་ནི་གནད་ཀྱི་དོན་པོ་མཐོང་སྟེ།ཆོས་ལ་འདྲིས་ཆུང་ཞིང་སྡོམ་དང་དམ་ཚིག་སོགས་ཚུལ་བཞིན་མི་ཤེས་པར་དག་ལ་འཕྲད་ཙམ་ཉིད་ནས་སྤྲང་པོ་ལ་ཟས་རྙེད་པ་ལྟར་ཟབ་ཆོས་ཡོད་རྒུས་ངོ་མཛུམ་བསུས་ན།གསར་ཞུགས་དེ་རིགས་ནི་རྐྱེན་ཅུང་ཟད་ཙམ་གྱིས་ཀྱང་ཆོས་སྤོང་གི་ལས་བསགས་པའི་ཉེན་ཚབས་ཆེ་བར་སྣང་བས།ཆོས་སྨྲ་དག་གིས་ཀྱང་རྗེ་འདིའི་རྣམ་པར་ཐར་བའི་འཇུག་ངོགས་ལ་བསླབ་དགོས་པ་ནི་ཅི་བས་གནད་དུ་ཆེ་བར་སྣང་ངོ་ཞེས་གསོལ་བ་འདེབས་པ་ལགས་སོ།།

སླར་སྨྲས་པ།

རང་བསྟོད་གཅམ་བུའི་ཚིག་གིས་སྨྲས་པ་མེད།།འུར་སྒྲོགས་ཚིག་གིས་ཕྲེང་བ་བསྒྲིགས་པ་མེད།།
བདེན་པའི་རི་མོ་གསལ་བའི་ཨ་དར་ཤར།།མིག་སྟོང་བདག་པོས་གཟིགས་ཀྱང་མཆི་མ་དཀུ།།

ཡིན་པ་མིན་པར་སྒྲུབ་པའི་ཟོལ་སྦྱོར་མེད།།མིན་པ་ཡིན་པར་སྒྲུབ་པའི་བསྟིང་ཚིག་མེད།།
དངོས་དོན་གཟུགས་སུ་གྲུབ་པའི་བདེན་ཚིག་འདི།།དཔྱད་གསུམ་ལུང་གིས་གཞལ་ཡང་ངོ་མཚར་ཉིད།།

མ་མཐོང་མཐོང་བར་བརྫུས་པའི་སྒྲོ་འདོགས་མེད།།མཐོང་བ་དོན་ལས་གོལ་བའི་བསྐུར་འདེབས་མེད།།
བདེན་པའི་རང་གཟུགས་གསལ་བའི་མ་དྲོས་མཚོ།།ཡིན་ལུགས་ཆུ་གཙང་ངོགས་ལས་བྱུང་བ་ཉིད།།

འོན་ཀྱང་བདག་བློ་མུན་པས་རབ་གཏིབ་པས།།སྡིག་ཏོའི་ཆོས་དུ་གྱུར་པའི་ནོངས་མཆིས་ན།།
དུག་གི་འཇིགས་པས་ཉམས་ངར་གྱུར་པ་བཞིན།།རྗེ་བཙུན་བླ་མའི་སྤྱན་སྔར་མྱུར་བུར་བཤགས།།

རྗེ་བཙུན་བླ་མ་སྟོན་ཀའི་རི་བོང་ཅན།།འཕྲིན་ལས་སྣང་བ་ཕྱོགས་ཀྱི་མཐར་སོང་ཏེ།།
ཞབས་པད་ངང་མོ་སྲིད་པས་གཏུགས་པའི་བར།།རབ་ཏུ་བརྟན་པའི་རྒྱུ་ཡང་གྱུར་ཅིག་གུ།

འདི་ལ་རྣམ་དཀར་སྣང་བའི་འོད་མཆིས་ན།།དེ་དང་བསྡོངས་ཏེ་དུས་གསུམ་ལེགས་བྱས་ཀྱིས།།
མ་གྱུར་འགྲོ་བའི་མུན་པའི་འཐིབས་གསལ་ཏེ།།ཞིང་ཁམས་རྒྱ་མཚོར་བགྲོད་པའི་རྒྱུ་གྱུར་ཅིག།

བདག་ཀྱང་སྐྱེ་བའི་ཕྲེང་བ་ཐམས་ཅད་དུ།།རྗེ་བཙུན་བླ་མ་ཉིད་དང་མི་འབྲལ་ཞིང།།
མཉེས་པ་གསུམ་གྱིས་ཞབས་ཀྱི་པདྨོའི་རྡུལ།།བྱང་ཆུང་ཐོབ་ཀྱང་རྟག་ཏུ་བསྟེན་པར་ཤོག།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*