མཁན་ཆེན་འཇམ་དབྱངས་བློ་གྲོས་མཆོག་ལ་བསྔགས་པ།

ངོ་མཚར་རྨད་དུ་བྱུང་བའི་མགུར་འབུམ་དུང་གི་ཟླ་བའི་མཁའ་རྒྱན་མཁན་ཆེན་འཇམ་དབྱངས་བློ་གྲོས་མཆོག་ལ་བསྔགས་པ།

 

 

 

 

 

 

 

 

 

 

 

 

 

 

རྩོམ་པ་པོ། གུ་རུ་ཚེ་རིང་། 
སྒྱུ་མའི་གཡོ་འབག་གྱོན་པའི་ལུས་ཕྲ་མས།།
སྣ་ཚོགས་ཐབས་ཀྱིས་བསླུ་བའི་དུས་མཐའ་འདིར།།
འདོད་ཡོན་ཟ་ཟིའི་གྲོགས་ལ་དགའ་འཛུམ་དང་།།
གཏན་དུ་གྱེས་པའི་དགེ་སྦྱོང་ཨེ་མ་མཚར།།

འཛམ་གླིང་གཡས་སུ་སྐོར་བའི་ཤེས་འཇོན་དང་།།
ཆེ་དགུས་གཙུག་ཏུ་བཀུར་བའི་དཔལ་མངའ་ཡང་།།
ངན་ངོན་འཚོ་བ་སྐྱ་བོའི་གྲུབ་འོག་ནས།།
སྐུ་ཚེ་བསྐལ་བརྒྱ་བརྟན་པར་ཚུལ་འདི་རྨད།།

ཐུབ་བསྟན་བཤད་དང་སྒྲུབ་པ་ཁོ་ན་ཡིས།།
ཉི་མཚན་དུས་དྲུག་ཀུན་ཏུ་འདའ་གྱུར་ཀྱང་།།
གསར་བྱུང་གཏམ་དང་སྔོན་ཐོན་ཚན་རིག་བཅས།།
མ་འདྲེས་གསལ་བར་སྨྲ་བ་ངོ་མཚར་གཏམ།།

ཚིག་གི་མེ་ཏོག་འཐོར་བའི་རེ་བ་དང་།།                                                                                                                      
གཏམ་ངན་མཚོན་གྱིས་འབིགས་པའི་དོགས་པ་སྟེ།།
རེ་དོགས་མངལ་གྱི་དྲི་མས་མ་གོས་པའི།།
ངོ་མཚར་ལྔ་བདོའི་དུས་ཀྱི་སྐྱེས་བུ་བསྔགས།།

ས་བསྟན་ལྷ་ལམ་ཡངས་བའི་དོ་ར་རུ།།
ཆེན་པོའི་མིང་གི་སྐར་ཚོགས་འབུམ་བཀྲ་ཡང་།།
གོང་མའི་རྗེས་ཤུལ་ཟིན་པའི་ཉ་གང་ཟླ།།
ཁྱེད་གཅིག་ཁོ་ན་ངེས་སོ་ཨེ་མ་རྨད།།

ཉེར་གཅིག་དུས་འདིར་དབང་ཐོབ་ཁོ་ནར་བརྩོན།།
ངོམས་མེད་ནོར་ལ་རེ་བ་འཁོར་བའི་གཤིས།།
དོན་མེད་དོན་ལོག་བྱ་བ་༼༡༽ཅི་ཁ་རོག།
གསུངས་བ་གནད་ལ་རེག་པ་ལྷག་ཏུ་མཚར།།
                     

བགྲང་བྱ་ཉི་ཤུ་ལྷག་གི་གོས་ཧྲུལ་ལས།།
དར་ཕྲུག་གཙང་ཐེར་ན་བཟའི་རྒྱན་བྲལ་ཡང་།།
མཇལ་བ་ཙམ་གྱིས་དད་པའི་ཡིད་འགུགས་པའི།།
ཤཱཀྱའི་དགེ་སྦྱོང་ཁྱེད་འདྲ་གང་ན་མཆིས།།

འཕགས་པའི་ཡུལ་དུ་ཀླུ་ཡི་དབང་པོ་དང་།།
ལྗོངས་འདིར་ཀུན་མཁྱེན་བསོད་ནམས་སངྒེ་ལས།།
མཐའ་བྲལ་རིག་པའི་གསང་ལམ་དཀྲོལ་བ་ལ།།
ཁྱེད་ཀྱི་ཟླ་བོ་གཉིས་པ་ཡོད་མ་ཡིན།།

དུས་ཀྱིས་ཤར་ནུབ་རྒྱ་མཚོ་གཅིག་ཏུ་བསྡུས།།
འཛམ་གླིང་སྐྱེ་འགྲོའི་ཁ་ཕྱོགས་སྣ་མང་གྱུར།།
དེ་ལྟ་ན་ཡང་དམ་པ་གང་གི་གཤིས།།
འགྱུར་མེད་རྡོ་ལ་བྲིས་པའི་ངང་ཚུལ་རྨད།།
 
༼༡༽ཅི་ཁ་རོག་ནི་རྒྱུན་གྱི་ཁོང་གི་གསུང་སྲོལ་ཞིག་ཡིན།

དམ་པའི་ངང་ཚུལ་རྣམ་དགུའི་གྲངས་ལྡན་གྱི་ཤློཀ་འདི་དག་མགོན་པོ་གང་གི་ཆོས་འབངས་གྱི་ན་བ་ཀུན་གྱིས་གླང་ཡག་གུ་རུ་ཚེ་རིང་དུ་འབོད་པ་དེས། ༢༠༡༨.༤.༢ཉིན།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*