དཔལ་ལྡན་ས་སྐྱའི་བྱུང་བ་བརྗོད་པ་བཀའ་དྲིན་དྲན་པའི་མེ་ཏོག་ཅེས་བྱ་བ་བཞུགས་སོ།


༼མཚན་བྱང་གི་འགྲེལ།༽

རང་ཉིད་གང་ལ་མོས་པའི་ཆོས་བརྒྱུད་འདི་ཉིད་ལོ་ཆེན་བཞིའི་རྒྱུན་འཛིན་ཡིན་པ་ཡང་རྗེ་བཙུན་བླ་མ་ཉིད་ལས་ཐོས་པས་རྗེ་བླ་མའི་བཀའ་དྲིན་རྗེས་དྲན་གྱི་ཚུལ་དུ་བཀོད་པའི་ཟིན་བྲིས་ཉུང་ངུ་འདི་ཡང་།མེ་ཏོག་ཆུང་ཡང་མཆོད་པའི་རྫས་ཟེར་བ་ལྟར་བརྗོད་པ་ཉུང་ཡང་སྒྲུབ་པའི་མཆོད་རྫས་ཀྱི་དོད་དུ་ཕུལ་བ་ཡིན་པས་མཚན་བྱང་ལ་བཀའ་དྲིན་དྲན་པའི་མེ་ཏོག་ཅེས་དེ་སྐད་བརྗོད་པ་ཡིན།

རྩོམ་པ་པོ།  མཁན་པོ་ཐུབ་བསྟན་རབ་གསལ།

ས་དཀར་པོ་སེང་གེའི་གདོང་པ་འདྲ། །དཔལ་ལྡན་ས་སྐྱ་སེང་གེའི་ལུས།།
འགྲོ་དྲུག་བསམ་པ་འགེངས་པ་པོ། །རྗེ་རྡོ་རྗེ་འཆང་གི་བཞུཊ་གནས་ཡིན།།

 སྤྱིའི་བྱུང་བ་བརྗོད་པས་གླེང་སློང་བ།
བཤད་སྒྲུབ་གཉིས་ཀའི་བཀའ་བབ་དཔལ་ལྡན་ས་སྐྱ་པ་ཞེས་ཡོངས་སུ་གྲགས་པའི་བརྩེ་ཆེན་བསྟན་པའི་རིང་ལུགས་བླ་ན་མེད་པ་འདི་ནི་འཕགས་ཡུལ་གྱི་ཆོས་གཞུང་ཡོངས་ལ་མཁྱེན་རྟོགས་མངའ་བའི་བོད་ཀྱི་ལོ་ཙཱ་བ་ཆེན་པོ་བཞིའི་ཆོས་བརྒྱུད་དྲི་མ་མེད་པ་སྟེ།མཐུ་དང་རྫུ་འཕྲུལ་གྱིས་བསྟན་པ་འཛིན་པ་ལ་འགྲན་ཟླ་མ་མཆིས་པ།དཔལ་ནལེནྜའི་སློབ་དཔོན་ཆེན་པོ།བྱང་སེམས་འཕགས་པའི་སར་གནས།རྣལ་འབྱོར་གྱི་དབང་ཕྱུག་གྲུབ་ཆེན་བིར་ཝ་པའི་བཀའ་ལུང་མན་ངག་མཚོ་ལྟར་འཁྱིལ་བའི་འབྲོག་མི་ལོ་ཙཱ་བ་ཤཱཀྱ་ཡེ་ཤེས་ནས་ཀྱཻ་རྡོར་རྒྱུད་གསུམ་གྱི་གཞུང་བཤད་མན་ངག་སྒྲུབ་ཐབས་དང་བཅས་པ་འབྲོག་མའི་སློབ་ཆེན་བཞི་ལས་བརྒྱུད་པ་སྟེ།དེའང་འཁོན་དཀོན་མཆོག་རྒྱལ་པོ་ནས་དངོས་སུ་དང་།འཁྱིན་ལོ་ཙཱ་བ་འོད་ཀྱི་སྣང་བ་ནས་ཀྱང་འཁོན་དཀོན་མཆོག་རྒྱལ་པོ་ལ་བརྒྱུད་ཡོད།མངའ་རིས་པ་གསལ་བའི་སྙིང་པོ་དང་སེ་སྟོན་ཀུན་རིག་གཉིས་ནས་རིམ་པ་བཞིན་འཁོན་སྒྱིད་ཆུ་བ་དགྲ་ལྷ་འབར་དང་ཞང་སྟོན་ཆོས་འབར་བརྒྱུད་དེ་བཀའ་བབ་རྣམ་བཞིའི་ཆུ་རྒྱུན་མ་ལུས་པ་བླ་མ་ས་སྐྱ་པ་ཆེན་པོ་ལ་བཀའ་བབས་པ་དང་།མལ་ལོ་ཙཱ་བ་བློ་གྲོས་གྲགས་ནས་བདེ་མཆོག་ལུ་ནག་དྲིལ་གསུམ་དང་གཤིན་རྗེ་གཤེད།ན་རོ་མཁའ་སྤྱོད་མའི་ཆོས་སྐོར་ལ་སོགས་པའི་སྒྲུབ་ཐབས་བསམ་གྱིས་མི་ཁྱབ་པ་ས་ཆེན་ལ་དངོས་སུ་བརྒྱུད་ཅིང་།ལོ་ཆེན་རིན་ཆེན་བཟང་པོ་ནས་ངན་སོང་སྦྱོང་རྒྱུད་ཀུན་རིག་རྣམ་པར་སྣང་མཛད་ཀྱིས་གཙོས་པའི་ཡོ་གའི་སྒྲུབ་ཐབས་རྣམས་དང་གུར་མགོན་ལ་སོགས་པའི་ཆོས་སྐྱོང་སྐོར་ལོ་ཆུང་ལེགས་པའི་ཤེས་རབ་དང་བྲག་སྟེང་པ་གཉིས་བརྒྱུད་ནས་ས་ཆེན་ལ་བཀའ་བབས།
 དེ་བཞིན་བ་རི་ལོ་ཙཱ་བ་རིན་ཆེན་གྲགས་པ་ནས་འཇམ་དཔལ་དབྱངས་དང་།མི་གཡོ་བའི་སྒྲུབ་ཐབས་སོགས་བ་རི་བརྒྱ་རྩ་ཞེས་གྲགས་པའི་རྒྱུད་སྡེ་འོག་མ་གཉིས་ཀྱི་སྒྲུབ་ཐབས་ཕལ་ཆེ་བ་དང་བླ་མེད་ལའང་གསང་བ་འདུས་པ་ལ་སོགས་པ་ལོ་ཆེན་འདི་ལས་བླ་མ་ས་སྐྱ་པ་ལ་དངོས་སུ་བརྒྱུད་པ་སྟེ།དེ་ལྟ་བུའི་མཁས་ཤིང་གྲུབ་པ་བརྙེས་པ་འཕགས་བོད་ཀྱི་ཆོས་ལ་རྒྱུས་མངའ་བླ་ན་མེད་པ་མངའ་བའི་ལོ་ཆེན་བཞིའི་བཤད་སྒྲུབ་མན་ངག་དང་བཅས་པའི་རྒྱུན་འཛིན་པའི་ཆོས་བརྒྱུད་འདི་ཉིད་ལ་གནས་མིང་ཆོས་དང་གང་ཟག་ལ་ཐོགས་ཏེ་དཔལ་ལྡན་ས་སྐྱ་པ་ཞེས་ཡོངས་སུ་གྲགས་ལ།དེའང་འབྲོག་མིའི་གཞུང་བཤད་ཀྱི་རྒྱུད་འཛིན་གཙོ་བོ་གསང་ཆེན་བསྟན་པའི་སྒྲོན་མེ།རྗེ་བཙུན་ས་སྐྱ་པ་ཡོངས་ཀྱི་ཡབ་མེས་དམ་པ།འཁོན་དཀོན་མཆོག་རྒྱལ་པོས་རབ་བྱུང་དང་པོའི་ཆུ་གླང་༡༠༧༣ལོར་དཔོན་པོ་རི་ཞེས་པའི་རི་དཀར་པོ་གངས་སེང་འགྱིང་བ་ལྟ་བུའི་ལོགས་སུ་དགོན་པ་བཏབ་སྟེ་གདན་ས་གནང་བའི་རྒྱུ་མཚན་གྱིས་ཡིན།དེས་ན་བརྩེ་ཆེན་ས་སྐྱ་པའི་ཆོས་བརྒྱུད་ལ་མཁྱེན་རྟོགས་མངའ་དགོས་ན་དང་པོ་ལོ་ཆེན་འདི་བཞིའི་རྣམ་ཐར་རོབ་ཙམ་མ་ཤེས་ཐབས་མེད་དུ་མཐོང་བས་འདིར་ལོ་ཆེན་བཞིའི་རྣམ་ཐར་ཡིད་ལ་འཇག་སླ་ཆེད་སྙིང་བསྡུས་ཤིག་འབྲི་བའི་ཁུར་ལེན་རྒྱུ་ཡིན། འོ་ན་དཔལ་ལྡན་ས་སྐྱ་པའི་ཡབ་ཆོས་གཙོ་བོ་དཔལ་ཆེན་རྡོ་རྗེ་གཞོན་ནུའི་ཆོས་བཀའ་འདིའང་ལོ་ཆེན་འདི་བཞི་ནས་བརྒྱུད་པ་ཡིན་ནམ་སྙམ་སྲིད་ཀྱང་།དེ་ནི་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ནས་བརྒྱུད་པ་ཡིན་པས་དེའི་སྐོར་ནས་མདོར་ཙམ་ཞིག་གླེང་ན།རྗེ་བཙུན་ས་སྐྱ་པའི་ཡབ་ཆོས་གཙོ་བོ་ཡང་ཕུར་གཉིས་སུ་གྲགས་པའི་འཁོན་ལུགས་རྡོ་རྗེ་ཕུར་པའི་བཤད་སྒྲུབ་ལས་གསུམ་གྱི་ཆོས་བཀའ་ནི།བསྐལ་པ་བཅུ་གསུམ་གྱི་སྔོན་རོལ་དུ་མངོན་པར་རྫོགས་པར་བྱང་ཆུབ་པ་སངས་རྒྱས་པདྨའི་དབང་པོའི་དབྱངས་ཞེས་བྱ་བའི་རྣམ་སྤྲུལ་སློབ་དཔོན་པདྨ་འབྱུང་གནས་ཀྱི་ཐུགས་དམ་གྱི་མཐིལ་འཁོན་ཀླུ་དབང་སྲུང་ལ་བརྒྱུད་པ་ཕུར་པ་ས་ལུགས་སུ་གྲགས་པ་འདི་ཉིད་ཡིན།དེའང་སློབ་དཔོན་པདྨའི་གསུང་གི་བདུད་རྩི་སྨིན་གྲོལ་ཡོངས་སུ་རྫོགས་པར་མནོས་ནས།གྲུབ་པའི་མཚན་མ་བརྙེས་པའི་རྡོ་རྗེ་ཕུར་པའི་ལམ་སྲོལ་འཛིན་པ་རྣམས་ཀྱི་མཆོག་ཏུ་གྱུར་པ་ནི།འཁོན་སྟོན་ལོ་ཙཱ་བ་ཆེན་པོ་ཀླུའི་དབང་པོ་སྲུང་བ་ཉིད་ཡིན་ཞིང་།དེས་གཅུང་རྡོ་རྗེ་རིན་ཆེན་ལ་གསུངས།དེས་འཁོན་ཤེས་རབ་ཡོན་ཏན།དེས་འཁོན་ཚུལ་ཁྲིམས་རྒྱལ་པོ།དེས་འཁོན་རྡོ་རྗེ་གཙུག་ཏོར།དེས་འཁོན་དགེ་སྐྱབས།དེས་འཁོན་དགེ་མཐོང་།དེས་འཁོན་སྟོན་བལ་པོ།དེས་འཁོན་ཤཱཀྱ་བློ་གྲོས།དེས་འཁོན་རོག་ཤེས་རབ་ཚུལ་ཁྲིམས།དེས་འཁོན་དཀོན་མཆོག་རྒྱལ་པོ།དེས་དཔལ་ས་སྐྱ་པ་ཆེན་པོ་ཀུན་དགའ་སྙིང་པོ་ལ་བརྒྱུད་པའི་འཁོན་ལུགས་རྡོ་རྗེ་ཕུར་པའི་བཤད་སྒྲུབ་ལས་གསུམ་གྱི་ཆོས་སྐོར་མཐའ་དག་ད་ལྟའི་བར་དུ་དར་ཞིང་རྒྱས་པར་བཞུགས་ཡོད་ལ། དེའང་གང་ལ་བརྟེན་པའི་རྒྱུད་དང་སྒྲུབ་ཐབས་ནི་རྡོ་རྗེ་ཕུར་པའི་རྩ་རྒྱུད་ཀཱི་ལ་ཡ་འབུམ་སྡེའི་རྒྱུད་ལས་རྡོ་རྗེ་རིགས་ཀྱི་ལེའུ་ཟུར་དུ་ཕྱུང་བ།ཕུར་པ་རྩ་བའི་དུམ་བུར་གྲགས་པ་འདི་ཉིད་ཀྱི་རྒྱ་དཔེ་བསམ་ཡས་ནས་འཁྱར་བ་ཆོས་ཀྱི་རྗེ་ས་སྐྱ་པཎྜི་ཏ་ཤངས་སྲེག་ཤིང་གི་དགོན་པར་བཞུགས་སྐབས་ཕྱག་ཏུ་སོན་པས་ཆོས་རྗེ་ཉིད་ཀྱིས་རང་བསྒྱུར་དུ་མཛད་པ་ཡིད་ཆེས་ཁུངས་བཙུན་གྱི་གནས་སུ་གྱུར་པའི་ཕུར་པ་རྩ་དུམ་དེ་ཉིད་ནི་རྩ་བའི་རྒྱུད་ཡིན་ལ།བཤད་རྒྱུད་ནི་མྱང་འདས།གསང་སྙིང་།ཀཱི་ལ་ཡ་ཡིག་འབྲུ་གཉིས་པ།ཀརྨ་མཱ་ལ་འཕྲིན་ལས་ཀྱི་རྒྱུད་ལ་སོགས་པ་དང་།དེ་དག་གི་སྒྲུབ་ཐབས་སློབ་དཔོན་ཉིད་ཀྱིས་མཛད་པ་དཀྱིལ་འཁོར་གྱི་ཆོ་ག་རྡོ་རྗེ་ལས་རིམ་རྩ་འགྲེལ་སོགས་ཡིན་པས།དེ་ལྟར་བརྩེ་ཆེན་པའི་བསྟན་པའི་ལུགས་འདི་ནི་ཆོས་དང་བརྒྱུད་པ་གང་ལ་བསམ་ཡང་རྣམ་པར་དག་ལ་ཁུངས་བཙུན་པའི་ཡིད་ཆེས་ཀྱི་གནས་དམ་པར་འཁུམས་སོ།
 
དངོས་གཞི་ལོ་ཆེན་བཞིའི་རྣམ་ཐར།
 
༡༽ལོ་ཆེན་རིན་ཆེན་བཟང་པོ་ནི་གུ་གེ་ཡུལ་དུ་ཡབ་གཞོན་ནུ་དབང་ཕྱུག་དང་ཡུམ་ཅོག་རོ་ཀུན་བཟང་ཤེས་རབ་བརྟན་མ་གཉིས་ཀྱི་སྲས་སུ་སྤྱི་ལོ་༩༥༨ ས་རྟ་ལོར་སྐུ་འཁྲུངས་ཤིང་། དགུང་ལོ་༡༣ པ་ལ་མཁན་པོ་འཁོན་ལེགས་པ་བཟང་པོ་ལས་རབ་ཏུ་བྱུང་། ཡིད་དམ་གྱི་ལུང་བསྟན་ལྟར་ལྷ་བླ་མ་ཡེ་ཤེས་འོད་ཀྱི་མཐུན་འགྱུར་འོག་ལོ་ཙཱ་སློབ་ཆེད་རྒྱ་གར་ལ་ཕེབས་ནས། ཁ་ཆེའི་མཁན་པོ་དྷརྨཱ་ཤཱནྟི་ལས་བསྙེན་པར་རྫོགས་ཤིང་། ཤྲ་དྷ་ཀ་ར་ཝརྨ། པྲཛྙཱ་ཀ་ར་ཝརྨ། པདྨ་ཀ་ར་ཝརྨ་སྟེ་ཀ་ར་རྣམ་གསུམ་དང་པཎྜི་ཏ་ཀཱ་མ་ལ་གུཔྟ།སུ་མ་ཏི་ཙནྡྲ་ལ་སོགས་པ་དབུས་པའི་པཎྜི་ཏ་ལྔ་བཅུ་རྩ་བདུན་ལས་ཁ་ཆེར་བཞུགས་པའི་མདོ་རྒྱུད་མ་ལུས་པ་གསན་སྦྱང་མཛད། སྤྱན་རས་གཟིགས་ཀྱིས་རྗེས་སུ་བཟུང་ནས་གཞན་གྱི་ཀློག་འདོན་པ་བས་ཁོང་གིས་ཐུགས་འཛིན་འགྱོགས་པ་བྱུང་། གྲོ་ག་དང་ཏ་ལའི་ལོ་མར་བྲིས་པའི་གཞུང་པོད་ལྔ་བརྒྱ་བདུན་ཅུ་དོན་གཉིས་ཙམ་གྲུབ་ཅིང་།བྲག་སེངྒེའི་རལ་པ་ཅན་ཞེས་པར་སྒྲུབ་པ་མཛད་པས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བརྙེས། རྐང་འགྱོག་གི་དངོས་གྲུབ་ཐོབ་པ་བཞིན་རྒྱ་གར་ལ་ཐེངས་གསུམ་ཕེབས་ཤིང་ཁ་ཆེ་གཙོ་བོར་གྱུར་པའི་རྒྱལ་བལ་གྱི་གནས་དང་ཆོས་གྲྭ་ཡོངས་ལ་ཞབས་ཀྱིས་བཅག་ཅིང་ཤྲ་དྷ་ཀ་ར་ལ་སོགས་པའི་པཎྜིཏ་མང་པོ་བོད་དུ་གདན་དྲངས་ཏེ་བཤད་སྒྲུབ་བསྒྱུར་གསུམ་གྱིས་བསྟན་དོན་རྒྱ་ཆེར་བསྐྱངས་པས། བོད་སིལ་བུར་འཐོར་བ་ནས་བཟུང་བསྟན་པ་བསྲེས་ལྷད་ཅན་དུ་སོང་བ་ལ་དག་ཐེར་དང་ལོ་ཙཱ་བ་བཅུ་པོས་མཚོན་པའི་ཞལ་སློབ་སྡེ་སྣོད་གསུམ་འཛིན་པའི་མཁས་གྲུབ་དུ་མ་བྱུང་བ་སོགས་ལ་བརྟེན་ནས་བསྟན་པ་སྔ་དར་ལས་ཕྱི་དར་སྐབས་སུ་དར་ཆེ་བ་བྱུང་བའང་ལོ་ཙཱ་བ་འདི་ཉིད་ཀྱི་བཀའ་དྲིན་ཉག་ཅིག་ཡིན་པས་བོད་བསྟན་པ་སྤྱི་ལ་བཀའ་དྲིན་ཤིན་ཏུ་ཆེ། ལྷག་པར་དུ་དཔལ་ལྡན་ས་སྐྱ་པའི་ཆོས་སྐྱོང་གི་གཙོ་བོ་རྡོ་རྗེ་གུར་གྱི་མགོན་པོའི་དབང་བཀའ་སྒྲུབ་ཐབས་རྟེན་དང་བཅས་པ་ལོ་ཆེན་འདིི་ཉིད་ཀྱི་བཀའ་དྲིན་ལས་བྱུང་བ་ཡིན་ལ།དེ་བཞིན་ངན་སོང་སྦྱོང་རྒྱུད་ས་ལུགས་སུ་གྲགས་པ་ཁུངས་དག་ཅིང་བཤད་སྒྲུབ་ཀྱི་རྒྱུན་དྲི་མ་མེད་པ་ཞིག་ཡོད་པ་འདི་ཡང་། ལོ་ཆེན་གྱི་སྲས་ཀྱི་མཐུ་བོ་ཡོ་ག་སྟོད་ལུགས་ཀྱི་བརྒྱུད་འཛིན་གཙོ་བོ་བྲག་སྟེང་པ་ཚུལ་ཁྲིམས་ཡོན་ཏན་ནས་མལ་ལོ་བརྒྱུད་དེ་བླ་མ་ས་སྐྱ་པ་ཆེན་པོ་ལ་བཀའ་བབས་པ་ཡིན་པས་ས་སྐྱ་པ་ལོ་ཆེན་འདིའི་ཆོས་བརྒྱུད་འཛིན་པ་ཡིན་གསུངས་པའང་དེ་ལྟར་ལགས། ཕྱི་ལོ་༡༠༤༢ལོར་ཇོ་བོ་རྗེ་བོད་དུ་ཕེབས་པ་དང་མཇལ་ནས་བདེ་མཆོག་སོགས་ཀྱི་རྒྱུད་སྡེའི་དབང་བཀའ་མང་པོ་གསན་རྗེས་སྒྲུབ་པ་ལ་རྩེ་གཅིག་ཏུ་གཞོལ་བས་མཆོག་གི་དངོས་གྲུབ་བརྙེས་ཤིང་། དགུང་ལོ་༩༨ ཕྱི་ལོ་༡༠༥༥དགུན་ཟླ་ཐ་ཆུང་གི་ཚེས་༡༧ཉིན་རིང་བསྲེལ་གསུམ་ལས་སྐུ་གདུང་གི་དངོས་པོ་ཡུངས་ཀར་གྱི་ཤུན་པ་ཙམ་ཡང་མེད་པར་མཁའ་སྤྱོད་དུ་གཤེགས།འགྱུར་དང་རང་རྩོམ་མཐའ་ཡས་པ་ཡོད་པ་སོགས་ནི་རྣམ་ཐར་ཁག་གི་ནང་གསལ་བས་འདིར་ཡི་གེར་འཇིགས་ནས་མ་བྲིས་སོ།།
 
༢༽འབྲོག་མི་ཤཱཀྱ་ཡེ་ཤེས་མཆོག་ནི་མང་མཁར་དུ་ཆུ་སྦྲུལ་ ༩༩༣ ལོར་འཁྲུངས་ཤིང་། རྒྱ་ཤཱཀྱ་གཞོན་ནུ་དང་སེ་ཡེ་ཤེས་བཙོན་འགྲུས་གཉིས་ཀྱིས་མཁན་སློབ་མཛད་དེ་གྲོགས་སྟག་ལོ་གཞོན་ནུ་བརྩོན་འགྲུས་དང་ལྷན་རབ་ཏུ་བྱུང་ཞིང་མདོ་སྔགས་རིག་གནས་དང་བཅས་པ་ལ་མཁས་པར་སྦྱངས། མཁན་སློབ་དེ་གཉིས་ཀྱི་ལམ་སྟོན་ལྟར་མངའ་བདག་དཔལ་འཁོར་བཙན་གྱི་སྲས་ཆེ་བ་ཁྲི་བཀྲ་ཤིས་བརྩེགས་པ་ཡབ་སྲས་ཀྱིས་བསྟན་པ་སྤེལ་བའི་ཆེད་དུ་ན་གཞོན་བློ་རིག་བཀྲ་བ་དུ་མ་ལས་འདི་ཉིད་དང་གཞོན་ནུ་བརྩོན་འགྲུས་གཉིས་བདམས་ནས་བསྟན་པའི་རྩ་བ་ཡིན་པས་འདུལ་བ་དང་། བསྟན་པའི་སྙིང་པོ་ཡིན་པས་ཕར་ཕྱིན། བསྟན་པའི་ཉིང་ཁུ་ཡིན་པས་གསང་སྔགས་རྣམས་ཉོན་ལ་ཤོག་གསུངས་པ་སོགས་ཞལ་བཀོད་དང་གསེར་སྲང་བརྒྱ་ཕྲག་བཅས་གནང་སྟེ་ཆོས་དང་ལོ་ཙཱ་བསླབ་ཏུ་འཕགས་ཡུལ་དུ་བཏང་། དེ་ནས་བི་ཀ་མ་ལ་ཤཱི་ལ་ཕེབས་ནས་ཤནྟི་པ་ལས་འདུལ་ཕར་གཉིས་དང་གསང་སྔགས་ཀྱང་གསན་ཅིང་། གཙོ་བོ་རྣལ་འབྱོར་གྱི་དབང་ཕྱུག་བི་རུ་པའི་སློབ་བརྒྱུད་སློབ་དཔོན་དཔའ་བོ་རྡོ་རྗེ་ལས་ཀྱཻ་རྡོར་རྒྱུད་གསུམ་ཡན་ལག་དང་བཅས་པ་དང། བསམ་གྱིས་མི་ཁྱབ་པ་ལ་སོགས་པའི་མན་ངག་དུ་མ་གསན་ཏེ་ལོ་བཅུ་གཉིས་ལ་རྒྱ་གར་ནང་བཞུགས་པས་མདོ་རྒྱུད་གཞུང་ལ་མཁྱེན་པ་རྒྱས་ཤིང་སྐད་གཉིས་སྨྲ་བའི་ལོ་ཙཱ་བ་ཆེན་པོར་གྱུར་པ་བཞིན། ཀྱཻ་རྡོར་ཆོས་སྐོར་གཙོ་བོར་གྱུར་པའི་བཀའ་བསྟན་ཆོས་ཚན་དྲུག་ཅུ་རེ་བདུན་ཙམ་བསྒྱུར་བར་མཛད་ཅིང་རྣམ་ཐང་དཀར་པོ་ན་སྒོམ་སྒྲུབ་ལ་བརྩོན་ཏེ་བཞུགས་སྐབས། པཎ་ཆེན་ག་ཡ་དྷཱ་ར་གདམས་ངག་སྒོ་སྐྱེལ་གྱི་ཚུལ་དུ་བོད་ལ་ཕེབས་པ་དང་མཇལ་བས་གསེར་སྲང་ལྔ་བརྒྱ་དུས་གཅིག་ལ་ཕུལ་ནས་ལོ་ལྔ་ཡི་རིང་མཉེས་པ་གསུམ་གྱིས་བསྟེན་ཅིང་།་གསུང་ངག་ལམ་འབྲས་ཀྱིས་གཙོས་པའི་མན་ངག་དང་རྒྱུད་བཤད་མཐའ་ཡས་པ་གསན་བཞེས་མཛད་ཅིང་༡༠༤༣ ལོར་མུ་གུ་ལུང་ཕྱག་བཏབ་ནས་འཆན་ཉན་སྤེལ་བས། གྲུབ་པ་ཐོབ་པའི་སློབ་མ་ཕོ་གསུམ་དང་མོ་བཞི་སྟེ། སྒྱེ་སྒོམ་སེ་བོ། གཤེན་སྒོམ་རོག་པོ། དབུས་པ་གྲང་པོ་ཆེ་དང། རྟོད་མོ་རྡོ་རྗེ་མཚོ། དབྲད་སྒོམ་མ་དཀོན་ནེ། ཤབ་པ་མོ་ལྕམ་གཅིག འཕྱང་མོ་ནམ་མཁའ་མོ་སྟེ། དང་པོ་དྲུག་ནི་ཚེ་འདི་ཉིད་ལ་མཆོག་གི་དངོས་གྲུབ་བརྙེས། འཕྱང་མོ་ནམ་མཁའ་མོ་ནི་ཐུན་མོང་གི་དངོས་གྲུབ་ཐོབ་བོ། གཞན་ཡང་དངོས་གྲུབ་ཅི་རིགས་པ་ཐོབ་པའི་སློབ་མ་གྲུབ་པ་དང་མཁས་པ་མང་དུ་བཞུགས་ཤིང་། མན་ངག་ཚར་བ་གསུམ། རྒྱུད་ཚར་བ་ལྔ་ལ་སོགས་པའི་སློབ་བརྒྱུད་ཤིན་ཏུ་མང་པོ་ཡོད་པ་ལས་བཤད་སྒྲུབ་ཀྱི་རྒྱུད་འཛིན་གཙོ་བོ་ནི་འཁོན་དཀོན་རྒྱལ་པོ་དང་།འཁྱིན་ལོ་ཙཱ་བ་འོད་ཀྱི་སྣང་བ། མངའ་རིས་བ་གསལ་བའི་སྙིང་པོ།སེ་སྟོན་ཀུན་རིག་སྟེ་དེ་བཞི་ཡིན་ལ། དེ་དག་ལས་བླ་མ་ས་སྐྱ་པ་ཆེན་པོ་ལ་ཀྱཻ་རྡོར་འགྲེལ་བ་ལུགས་དང་མན་ངག་ལུགས་ལ་སོགས་པའི་ལམ་སྐོར་དགུས་དབུས་པའི་བླ་མེད་ཀྱི་དབང་དང་གདམས་པ་མཐའ་ཡས་པ་བརྒྱུད་དེ་བརྩེ་ཆེན་བསྟན་པའི་རིང་ལུགས་འདི་ཉིད་ད་བར་དར་ཞིང་རྒྱས་པ་ནི་བླ་ཆེན་འབྲོག་མི་ནས་དབུ་བརྙེས།ས་ཆེན་ཡབ་སྲས་ཀྱིས་དར་སྤེལ་དང་རྒྱུན་འཛིན་བགྱིས་པའི་བཀའ་དྲིན་ཉག་ཅིག་ལས་བྱུང་བ་ཡིན། དེ་ལྟར་བསྟན་འགྲོའི་དོན་རྒྱ་ཆེར་མཛད་ནས་མཐར་དགུང་གྲངས་གྱ་གཉིས་པ་ཤིང་ཕོ་སྟག་༡༠༧༤ ལོར་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས་པ་ཡིན་ནོ།
 
༣༽ མལ་ལོ་ཙཱ་བ་བློ་གྲོས་གྲགས་ནི་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་མགོ་ཙམ་དུ་འཁྲུངས་པའི་ལོ་ཙཱ་བ་ཆེས་སྙན་གྲགས་ཅན་ཞིག་སྟེ། ཐོག་མར་བོད་ཡུལ་ནས་སློབ་གཉེར་མཛད་ཅིང་། དེ་ནས་ཁ་ཆེ་དང་། བལ་ཡུལ། རྒྱ་གར་སོགས་སུ་ཕེབས་ཏེ་མགོན་པོའི་དངོས་སློབ་སློབ་དཔོན་ཨརྣ་ས་དང་། སུ་མ་ཀིརྟི་དང་ཕམ་མཐིང་པ་སྐུ་མཆེད། ནཱ་རོ་པའི་སློབ་མ་ཁ་ཆེ་བྱང་ཆུབ་བཟང་པོ། ཀ་ན་ཤྲཱིའི་སློབ་མ་བལ་པོ་ཐུགས་རྗེ་ཆེན་པོ། ལོ་ཆེན་རིན་བཟང་གི་སློབ་མ་བྲག་སྟེང་པ་ཚུལ་ཁྲིམས་ཡོན་ཏན་སོགས་རྒྱ་བོད་བལ་གསུམ་གྱི་པཎ་གྲུབ་མང་པོའི་ཞབས་ལ་གཏུགས་ནས་རྒྱ་གཞུང་དང་རྒྱ་གར་གྱི་སྐད་ཡིག་ལ་སྦྱངས་པ་མཐར་ཕྱིན་པ་མཛད་རྗེས།རྒྱ་གར་ནས་མགོན་པོའི་ཆོས་སྐོར་དུ་མ་སྤྱན་དྲངས་ནས་བོད་ཡུལ་དུ་ཕེབས། འཁོན་དཀོན་མཆོག་རྒྱལ་པོ་ ༡༠༣༤-༡༡༠༢ སོགས་སྐལ་ལྡན་གྱི་གདུལ་བྱ་འགའ་ལ་གསང་སྔགས་གསར་མའི་ཆོས་སྐོར་མང་དུ་གསུངས་པ་མ་ཟད། བླ་མ་ས་སྐྱ་པ་ཆེན་པོ་༡༠༩༢-༡༡༥༨ལ་གཤིན་རྗེ་གཤེད་སྐོར། ངན་སོང་སྦྱོང་རྒྱུད། མགོན་པོའི་ཆོས་སྐོར། འཁོར་ལོ་བདེ་མཆོག་ལཱུ་ནག་དྲིལ་གསུམ། ན་རོ་མཁའ་སྤྱོད་དང་བཅས་པའི་དབང་བཀའ་བཤད་བཀའ་ལུང་བཀའ་མན་ངག་གི་བཀའ་ལ་སོགས་པ་མལ་ལོ་ཉིད་ལ་མཆིས་པའི་ཆོས་བཀའ་མ་ལུས་པ་བསྩལ་ནས་ཆོས་ཀྱི་རྒྱལ་ཚབ་ཆེན་པོར་དབང་བསྐུར་ཞིང་། ཆོས་སྐྱོང་ལ་བཀའ་གཏད་དང་འབྲེལ་རྡོ་རྗེ་འཆང་གིས་དངོས་སུ་བྱིན་གྱིས་བརླབས་པའི་བླ་མ་བྲམ་ཟེ་མཆོག་སྲེད་ཀྱི་ཐུགས་དམ་བསེ་འབག་ནག་པོ་འགྲོ་ཤེས་བྱ་བ་བླ་མ་བརྒྱུད་པའི་བྱིན་རླབས་ཀྱིས་ང་ཡི་བཀའ་ཉན་དུ་ཡོད་པ་འདི་ཁྱེད་ཀྱི་རྗེས་སུ་གཏོང་བ་ཡིན་ཞེས་གསུངས་ནས་གུར་མགོན་ཆོས་སྐྱོང་དུ་གནང་བས། གུར་མགོན་འདི་དཔལ་ལྡན་ས་སྐྱ་པའི་གདུང་རྒྱུད་བསྟན་པ་དང་བཅས་པའི་སྲུང་མ་ཁྱད་པར་ཅན་དུ་གྱུར་པ་ཡིན། དཔལ་འཁོར་ལོ་སྡོམ་པའི་སྒྲུབ་ཐབས་དང་། རྗེ་བཙུན་མ་འཕགས་མ་སྒྲོལ་མ་སྤྱིའི་མངོན་པར་རྟོགས་པ་ཞེས་བྱ་བ་དང་ལྷ་མོ་སྒྲོལ་མའི་བསྟོད་པ་ཉི་ཤུ་རྩ་གཅིག་པའི་སྒྲུབ་ཐབས། སོ་སོའི་སྒྲུབ་ཐབས་ལས་ཚོགས་དང་བཅས་པ། དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་ཕྱག་མཚན་གྱི་རྣམ་པར་དག་པ་ཞེས་བྱ་བ་སོགས་བསྒྱུར་ཞིང་། འཇིག་རྟེན་དབང་ཕྱུག་སེང་གེ་སྒྲ་ཞེས་བྱ་བའི་བསྟོད་པ། འཕགས་མ་སྒྲོལ་མ་ལ་བསྟོད་པ་ཚིགས་སུ་བཅད་པ་བཅུ་གཉིས་པ། འཕགས་མ་སྒྲོལ་མའི་བསྟོད་པ་ཕྲིན་ལས་ཐམས་ཅད་སྒྲུབ་པ། འཕགས་མ་སྒྲོལ་མའི་བསྟོད་པ་མེ་ཏོག་ཕྲེང་བ། འཕགས་མ་སྒྲོལ་མ་ལ་འཇིགས་པ་བརྒྱད་སྐྱོབ་ཀྱི་བསྟོད་པ། འཕགས་མ་འཇིགས་པ་བརྒྱད་ལས་སྐྱོབ་པ་ཞེས་བྱ་བའི་སྒྲོལ་མའི་སྒྲུབ་ཐབས་རྣམས་ལ་འགྱུར་བཅོས་གནང་བ་སོགས་རང་འགྱུར་དང་འགྱུར་བཅོས་གནང་བའི་རྒྱུད་སྡེ་མང་པོ་ཞིག་བཀའ་བསྟན་ནང་བཞུགས་འདུག་ལ། མཚན་གྱི་རྣམ་གྲངས་གཞན་ལོ་ཙཱ་བ་ཆེན་པོ་མལ་གྱོ་བློ་གྲོས་གྲགས་ཀྱང་ཞུ་ཡིི་ཡོད། འཁྲུངས་འདས་ལོ་ཚིགས་སོགས་གསལ་བའི་རྣམ་ཐར་ཡིག་ཆ་མཇལ་ཡ་མེད་ལ། བླ་མ་བསྟེན་ཚུལ་དང་སྒྲུབ་པ་ཉམས་བཞེས་གནང་ཚུལ། དེ་བཞིན་སློབ་བརྒྱུད་ཇི་ཡོད་སོགས་ནི་འཇམ་མགོན་ཨ་མེས་ཞབས་ཀྱི་བདེ་མཆོག་ཆོས་འབྱུང་སོགས་ལས་ཤིན་ཏུ་རྒྱས་པར་གསལ་ཡང་འདིར་ནི་རགས་བསྡུས་འབྲི་བ་ལྷུར་བླངས་པས་འདི་ཙམ་གྱིས་འཐུས་པར་བྱའོ།།
 
༤༽བ་རི་ལོ་ཙཱ་བ་ནི་མདོ་ཁམས་སྨད་ཀྱི་ཆ་གཡེར་མོ་ཐང་ཞེས་པར་ལྕགས་འབྲུག་ ༡༠༤༠ ལོར་སྐུ་འཁྲུངས་ཤིང་ཆུང་དུས་ནས་མཆོག་གསུམ་ལ་དད་པ་དང་ཉམ་ཐག་ལ་སྙིང་རྗེ་ཆེ་ཞིང་། ཡིད་དམ་དང་ཆོས་སྐྱོང་གི་ཞལ་གཟིགས་ལུང་བསྟན་བརྙེས་པ།གཟུགས་སྔགས་ཡི་གེ་དྲུག་པ་རྒྱུན་དུ་འདོན་པ་ཞིག་ཡིན་ཞིང་། སྐབས་ཤིག་ལ་མནལ་ལམ་དུ་བུད་མེད་སྔོན་མོ་རིན་པོ་ཆེའི་རྒྱན་དང་ལྡན་པ་ཞིག་གིས། བུ་ཁྱོད་འདིར་མ་འདུག་པར་མྱུར་དུ་དབུས་ལ་ཐེ་ཚོམ་མེད་པར་སོང་དང་དོན་ཆེན་པོ་དང་ལྡན་པར་འགྱུར་རོ་ཞེས་ལུང་བསྟན་པ་ལྟར་དགུང་ལོ་༡༩ཐོག་དབུས་གཙང་དུ་བྱོན། དེ་ལ་སོགས་པའི་ཞལ་གཟིགས་ལུང་བསྟན་སྐོར་མང་ཡང་འདིར་མི་འབྲི། དབུས་ནས་མཁན་པོ་ཀུ་སུ་ལུ་པ་ལས་རབ་ཏུ་བྱུང་ཞིང་མཚན་ལ་རིན་ཆེན་གྲགས་ཞེས་གསོལ། དེ་ཉིད་དང་སློབ་དཔོན་ཡོན་ཏན་རིན་ཆེན། དགེ་བཤེས་གཉའ་ར་བ་དོན་གྲུབ་སོགས་ལས་གཞུང་བཀའ་པོད་ལྔ་དང་བཀའ་གདམས་པའི་མན་ངག་མཐའ་ཡས་པར་གསན་བསམ་མཛད།
དེ་ནས་ལྷ་སར་ཇོ་བོ་ལ་ཕྱག་དང་སྐོར་བ་འབུམ་ཐེར་བཏང་། མཆོད་པ་ཅི་འབྱོར་ཕུལ་ནས་གསོལ་བ་བཏབ་པས་ནུབ་གཅིག་གི་མནལ་ལམ་ན་ཇོ་བོའི་སྐུ་གཡས་ན་སྤྱན་རས་གཟིགས་ཞལ་བཅུ་གཅིག་པ་ཞིག་མཇལ་ནས་ཁྱོད་རྒྱ་གར་དུ་སོང་ལ་དོན་ཆེན་པོ་ཡོང་བ་སོགས་ལུང་བསྟན་པ་ལྟར་བལ་ཡུལ་དུ་ཕེབས་ནས་སློབ་དཔོན་པདྨ་བཛྲ་སོགས་ལས་བདེ་མཆོག་ལ་སོགས་པའི་བླ་མེད་ཀྱི་ཆོས་བཀའ་མང་དུ་གསན་ཞིང་།སྒྲའི་གནད་མ་ལུས་པ་ཐུགས་སུ་ཆུད་པ་མཛད། དེར་མུ་སྟེགས་པའི་སྟོན་པ་སྐལ་ལྡན་རྒྱལ་པོ་རིགས་པས་ཚར་བཅད་ཅིང་། དེ་ནས་རྒྱ་གར་དུ་བྱོན་ཏེ་ཛི་ཏཱ་རི་དགྲ་ལས་རྣམ་རྒྱལ་གྱི་སློབ་མ་རྡོ་རྗེ་གདན་པ་ཆེ་ཆུང་གཉིས། པཎྜིཏ་དོན་ཡོད་རྡོ་རྗེ་སོགས་མཁས་གྲུབ་དུ་མའི་ཞབས་ལ་གཏུགས་ཏེ། གསང་སྔགས་ཀྱི་དབང་དང་། རྒྱུད། སྒྲུབ་ཐབས། མན་ངག་སོགས་མདོ་སྔགས་རིག་གནས་ཀྱི་གདམས་པ་རྒྱ་མཚོ་ལྟ་བུ་ཐུགས་ལ་ལྷག་མེད་དུ་བསྐྱིལ་ཞིང་། དོན་ཞགས། གཙུག་ཏོར་རྣམ་རྒྱལ། རྡོ་རྗེ་རྣམ་འཇོམས། བདེ་མཆོག བ་རི་བརྒྱ་རྩ་སོགས་ཆོས་ཚན་མང་པོ་བོད་སྐད་དུ་བསྒྱུར་ཅིང་། ཚུར་ཕེབས་ཁར་རྒྱ་གར་ན་ཡི་དྭགས་རྣམས་བཀྲེས་སྐོམ་གྱི་གདུང་བ་ལས་བསྐྱབ་ཕྱིར་གཏོར་མའི་རྒྱུན་ཆེན་པོ་གསར་འཛུགས་བྱས་ཤིང་།བལ་ཡུལ་ནས་ཡམ་བུ་ཡ་གལ་ཞེས་པའི་ཐང་ཆེན་པོར་བཀའ་སྡུག་གིས་ཉེན་པའི་བོད་མི་ཚོང་པ་རྣམས་ལ་སྡོད་ཁང་བསྐྲུན་པ་སོགས་ཉམ་ཐག་སྐྱེ་འགྲོའི་ཚོགས་སྡུག་བསྔལ་ལས་སྒྲོལ་བར་མཛད་པས་རིས་མེད་འགྲོ་བའི་མགོན་དཔུང་དམ་པར་གྱུར།
དེ་ནས་དགུང་གྲངས་ཞེ་གསུམ་ཐོག་བོད་དུ་བྱོན་ནས་ལུང་སྟེང་པ་དགེ་བཤེས་དཀོན་མཆོག་སྐྱབས་ཀྱིས་དབུས་པའི་སྐལ་ལྡན་སློབ་མ་མང་པོར་མདོ་རྒྱུད་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར་ཅིང་བཞུགས།རྗེས་ནས་དཔལ་ལྡན་ས་སྐྱ་པའི་གདན་ས་ལོ་ཧྲིལ་བོ་བརྒྱད་ ༡༡༠༣-༡༡༡༡ ལ་མཛད་དེ་བཤད་སྒྲུབ་ལས་གསུམ་གྱི་བྱ་བས་བསྟན་འགྲོའི་དོན་རྒྱ་ཆེན་མཛད་ཅིང་།ཁྱད་པར་དུ་ཇོ་སྲས་ཀུན་སྙིང་ལ་འཇམ་དབྱངས་དང་མི་གཡོ་བའི་རྗེས་གནང་སྒྲུབ་ཐབས་དང་བཅས་པ་གནང་སྟེ།འཇམ་དབྱངས་སྒྲུབ་པར་བསྐུལ་བ་བཞིན་ས་ཆེན་གྱིས་ཟླ་བ་དྲུག་ནང་འཇམ་དབྱངས་ཀྱི་ཞལ་གཟིགས་ཤིང་ཞེན་པ་བཞི་བྲལ་གྱི་གདམས་པ་ཐོབ་ནས་རྟོགས་པ་མཆོག་ཏུ་བརྙེས།དེ་བཞིན་ཕར་ཕྱིན་གྱི་གཞུང་དང་སྒྲུབ་ཐབས་བརྒྱ་རྩ།གཤིན་རྗེ་གཤེད་དང་གསང་བ་འདུས་པ་ལ་སོགས་པའི་མདོ་རྒྱུད་ཀྱི་ཆོས་བཀའ་དཔག་ཏུ་མེད་པ་བསྩལ་ཞིང་།རོང་ངུར་སྨྲིག་གི་ཆོས་གྲྭ་སོགས་མཚན་ཉིད་ཀྱི་གྲྭ་ས་ཁག་ལ་སློབ་གཉེར་དུ་ཕེབས་དགོས་པའི་ཞལ་བཀོད་གནང་བ་སོགས་ས་ཆེན་དགུང་ལོ་ཆུང་བའི་སྐབས་ལ་བཀའ་དྲིན་བླ་ན་མེད་པར་བསྐྱངས།
དེ་ནས་བླ་མ་སྐྱ་པ་ཆེན་པོ་ཐོས་བསམ་སློབ་གཉེར་མཐར་སོན་པས་རྗེ་འདི་དགུང་ལོ་དོན་གཅིག་པར་གདན་ས་ས་ཆེན་ལ་གཏད་དེ་ལོ་གཉིས་རིང་ཐུགས་དམ་བཅད་རྒྱ་དམ་པོར་བཞུགས་ཤིང་།འཇམ་པའི་དབྱངས།མི་གཡོ་བ།སྤྱན་རས་གཟིགས།རྗེ་བཙུན་སྒྲོལ་མ།རྣམ་རྒྱལ་མ་ལ་སོགས་ཡི་དམ་དུ་མའི་ཞལ་གཟིགས།མཆོག་ཐུན་གྱི་དངོས་གྲུབ་བརྙེས་ནས་མཐར་དགུང་གྲངས་དོན་གསུམ་པ་ཆུ་འབྲུག་༡༡༡༢ལོའི་དབྱུག་གུ་ཟླ་བའི་ཚེས་༡༤ཉིན་ས་ཆེན་ལ་བསྟན་འགྲོའི་དོན་ཆེན་མཛད་ཕྱོགས་ཀྱི་ཞལ་ཏ་ངོ་མཚར་ལ་བྱིན་རླབས་ཆེ་བ་མང་དུ་གསུངས་ནས་མྱ་ངན་ལས་འདས་པའི་ཚུལ་བསྟན་པ་ཡིན་ནོ།།
 
བླ་མའི་བཀའ་དྲིན་བརྗོད་པས་མཇུག་བསྡུ་བ།
 
དེ་ལྟར་རྒྱ་བོད་བལ་གསུམ་དུ་མཁས་ཤིང་གྲུབ་པར་ཡོངས་སུ་གྲགས་པའི་ལོ་ཆེན་བཞིའི་བཤད་སྒྲུབ་མན་ངག་དང་བཅས་པའི་རྒྱུན་ཚང་ལ་མ་ནོར་བ་འཛིན་པའི་བརྩེ་ཆེན་ས་སྐྱ་པའི་ཆོས་བརྒྱུད་འདི་ཉིད་བླ་ཆེན་འབྲོག་མི་ནས་དབུ་བརྙེས་འཁོན་དཀོན་མཆོག་རྒྱལ་པོས་སྲོལ་གཏད།རྗེ་བཙུན་གོང་མ་རྣམ་ལྔས་དར་ཞིང་རྒྱས་པར་མཛད་པ་ནས་བཟུང་།བརྩེ་ཆེན་རྒྱལ་བའི་རིང་ལུགས་དྲི་མ་མེད་པ་འདི་ཉིད་ད་ལྟའི་བར་གྲ་མ་ཆག་གྲུ་མ་ཉམས་པར་གནས་ནས་ལས་ཅན་སྐྱེ་འགྲོ་གྲངས་མེད་པའི་བགོ་སྐལ་དུ་ཡོད་པ་ནི།ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་གུ་རུ་པདྨ་འབྱུང་གནས་དང་སེམས་དཔའ་ཆེན་པོ་དཔལ་ལྡན་ཨ་ཏི་ཤ་རྣམ་གཉིས་ནས་གནས་དང་གང་ཟག་གཉིས་ཀ་བྱིན་གྱིས་རླབས་ཤིང་ལུང་བསྟན་པ་ལྟར།འཁྲུལ་པའི་དྲི་མ་ཡོངས་སུ་ཟད་པའི་རྗེ་བཙུན་གོང་རྣམ་ལྔས་དབུས་པའི་མཚན་མཆོག་གསུམ་ལྡན་གྱི་གདུང་འཛིན་སྐྱེས་ཆེན་དམ་པ་རྣམས་ཀྱི་བཀའ་དྲིན་ཉག་གཅིག་ལས་བྱུང་བ་ཡིན་ལ།ལྷག་པར་དུ་སྐྱེ་འགྲོ་ཡོངས་ཀྱི་ཕན་བདེ་མ་ལུས་པ་འབྱུང་བའི་གཞིར་གྱུར་པའི་རྒྱལ་བསྟན་རིན་པོ་ཆེ་འདི་ཉིད་རྩ་བརླག་ཏུ་གཏོང་བའི་ནག་ཕྱོགས་ཀླ་ཀློའི་བསམ་སྦྱོར་ངན་པ་གང་སར་ལང་ལོང་དུ་འཕྱུར་བའི་དུས་ཚོད་ཤིན་ཏུ་གཉན་འཕྲང་ཅན་འདིར།ཇི་སྐད་དུ།སྔགས་འཆང་ཀུན་དགའ་རིན་ཆེན་ཉིད།བསམ་བཞིན་སྲིད་པ་བཟུང་བ་ཞེས།།འཇམ་དབྱངས་ཆོས་ཀྱི་བློ་གྲོས་ཀྱིས།བསླུ་མེད་བདེན་པའི་ཚིག་གིས་བསྔགས།།ཞེས་གསུངས་པ་ལྟར་སྔོན་དཔལ་ལྡན་ས་སྐྱ་པའི་བསྟན་པའི་མེ་རོ་སླར་གསོ་མཛད་པོ་མཐུ་དང་ནུས་པའི་མངའ་བདག་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོའི་ཐུགས་ཀྱི་རོལ་གར་འཛིན་པ་སྤྲུལ་བའི་སྔགས་འཆང་ཆེན་པོ་ཀུན་དགའ་རིན་ཆེན་ཞེས་བྱ་བ་དེ་ཉིད་བདག་སོགས་གདུལ་བྱ་རྣམས་ཀྱི་མགོན་དཔུང་དམ་པར་སླར་ཡང་རྡོར་འཛིན་བྱེ་བའི་གཙུག་རྒྱན་དུ་དཔལ་ལྡན་བླ་མ་ས་སྐྱ་ཆེན་པོ་འདི་ཉིད་ཀྱི་སྐུར་བྱོན་པར་ངེས་ཤིང་།དེའང་གུ་རུ་དངོས་བྱོན་ལྟ་བུའི་རྡོ་རྗེ་ཕུར་པའི་རྣལ་འབྱོར་པ་ཆེན་པོ་གྲུབ་དབང་ཨ་པཾ་གཏེར་སྟོན་ཞེས་པའི་གསང་སྔགས་རྙིང་མའི་རྣལ་འབྱོར་བ་ཞིག་གི་སྐུར་བཞེངས་ནས་མདོ་སྨད་འགུ་ལོག་ཕྱོགས་སུ་བསྟན་འགྲོའི་དོན་ཆེན་མཛད་ཀྱིན་མཆིས་པ་ན་དྲག་ཤུལ་ཕྲིན་ལས་རིན་ཆེན་གྱི་ལུང་བསྟན་ཇི་བཞིན་བླ་མ་ས་སྐྱ་ཆེན་པོར་ཕེབས་དགོས་ཞེས།དཔལ་ས་སྐྱ་པའི་ལྷ་དང་བླ་མ་ཆོས་སྐྱོང་དང་བཅས་པས་ཇི་ལྟར་ནན་སྐུལ་གནང་བ་བཞིན་རྒྱལ་བསྟན་སྤྱི་དང་བྱེ་བྲག་ལ་དགོངས་ནས་མཚན་མཆོག་གསུམ་ལྡན་གྱི་གདུང་རིགས་ཁྱད་པར་ཅན་འདིར།ཡབ་རྗེ་རྡོ་རྗེ་འཆང་ཀུན་དགའ་རིན་ཆེན་དང་རྒྱལ་ཡུམ་བསོད་ནམས་སྒྲོལ་དཀར་གཉིས་ཀྱི་སྲས་སུ་ཕྱི་ལོ་༡༩༤༥རང་བྱུང་བཅུ་དྲུག་པའི་ཤིང་བྱ་ལོའི་ཧོར་ཟླ་བརྒྱད་པའི་ཡར་ཚེས་གཅིག་ལ་ངོ་མཚར་བའི་དགེ་མཚན་འབུམ་དང་བཅས་ཏེ་སྐུ་བལྟམས་ཤིང་མཚན་ལ་ཨ་ཡུ་བཛྲ་ཞེས་གསོལ།དེའང་འདེན་མཆོག་བླ་མ་འདིའི་སྐུ་ཕྲེང་གོང་མ།སྐྱེ་འཆི་ལ་རང་དབང་ཐོབ་ཅིང།སྐུ་ལུས་ཟང་ཐལ་དུ་ཕེབས་པའི་གྲུབ་པའི་རིག་འཛིན་ཆེན་མོ་ཨ་པཾ་གཏེར་ཆེན་གྱི་ཞལ་ཆེམས་རྡོ་རྗེའི་བཀའ་ལུང་སོགས་ལས་གྲུབ་སྟེ།ཇི་སྐད་དུ།ས་སྐྱའི་བླ་མ་ལྷ་སྲུང་བཅས་པ་ཡིས།།ཐུགས་དམ་གནད་ནས་བསྐུལ་བའི་དོན་ཇི་བཞིན།།འདི་སྣང་གཞན་དུ་འཕོ་བའི་དུས་ལ་བབས།།འཆི་བར་དབང་ཐོབ་ཡར་ངོའི་ཚེས་བཅུར་འཕོ།།སྐྱེ་བར་དབང་ཐོབ་ས་སྐྱ་གོང་དུ་འགྲོ།འཇུག་པར་དབང་ཐོབ་ལྷ་རིགས་འཁོན་གྱི་གདུང་།།སྨོན་ལམ་དབང་ཐོབ་རིགས་ཆོས་ཉམས་པ་གསོ།འཆི་མེད་རྡོ་རྗེའི་སྐུར་གྲུབ་པདྨ་འབྱུང་།མཚན་དཔེའི་འོད་ཀྱིས་འཇིག་རྟེན་མཛེས་བྱེད་ཅིང་།།རང་གཏེར་ཟབ་མོའི་ཐུགས་དམ་མཐིལ་ཕྱིན་ན།དཔལ་ལྡན་ས་སྐྱའི་ཆོས་སྲིད་རྒྱས་པ་དང་།།རྒྱལ་བསྟན་ཡོངས་ཀྱི་སྤྱི་དཔལ་ཨེ་མ་ཧོ།།སྤྱིར་ན་དུས་ངན་སྙིགས་མར་བར་ཆད་མང་།།ཁྱད་པར་བོད་ཀྱི་བསོད་ནམས་ཉམས་པར་བརྟེན།།ས་བསྟན་དར་རྒུད་ཤིན་ཏུ་ཟློག་དཀའ་ཡང་།།ཉམས་པའི་བཅུ་ཆ་རྡོ་རྗེའི་སྟན་དུ་སྦྱོར།ཞེས་སོགས་གསུངས་པ་དང་།ད་དུང་གཞན་ཡང་གཏེར་ཆེན་དེ་ཉིད་དབུ་ཕྱོགས་སུ་གནས་སྐོར་ལ་ཕེབས་པའི་སྐབས་ཤིག་ལ།མཁའ་འགྲོ་མས་ཁྱོད་ཀྱི་སྐྱེ་བ་ཕྱི་མར་ས་སྐྱའི་གདན་ས་སྐྱོང་དགོས།བསྟན་པ་དང་འགྲོ་བ་ལ་ཕན་ཐོགས་རྒྱ་ཆེར་འབྱུང་ཞེས་ལུང་བསྟན་རྡོ་རྗེའི་ཚིག་གིས་བཀའ་བསྒོས་པ་དང་།གཏེར་ཆེན་ཉིད་ཀྱིས་ཀྱང་དེ་བཞིན་གཡར་དམ་བགྱིས་པ་སོགས་གཏེར་ཆེན་ཉིད་ཀྱི་ཞལ་གསུང་མ་ལས་འབྱུང་བ་དང་།དེ་བཞིན་འདྲེན་མཆོག་བླ་མ་ཉིད་ཀྱི་རམ་རྣམ་ལས་ཀྱང་།གཏེར་ཆེན་དེ་ཉིད་དང་འབྲེལ་བའི་སྔོན་གནས་རྗེས་དྲན་གྱི་རྣམ་ཐར་ངོ་མཚར་ཅན་དུ་མ་ཞིག་གསུངས་ནས།དེ་ལྟར་གསུངས་པའི་དགོས་པའང་།གཡོ་ཟོལ་སྤངས་པའི་དངོས་བྱུང་གི་ལོ་རྒྱུས་བརྗོད་གལ་ཆེ་བ་མ་ཟད་འདི་རིགས་ཀྱིས་སྐྱེ་བ་སྔ་ཕྱི་སྒྲུབ་པའི་རིགས་པའི་དཔྱད་གཞི་ལ་ཡང་ཕན་སྲིད་སྙམ་པའི་སྤྱི་བརྟོལ་བསྐྱེད་དེ་སྨྲས་པ་ཡིན་ཡང་”ཞེས་སོགས་བསླུ་མེད་རྡོ་རྗེའི་ཚིག་གིས་བདེན་པའི་བྱུང་བ་བརྗོད་པ་ལྟར།འདྲེན་མཆོག་བླ་མ་དམ་པ་འདི་ཉིད་ནི་སྐྱེ་འཆི་ལ་རང་དབང་ཐོབ་པའི་སེམས་དཔའ་ཆེན་པོ་ཞིག་དེ་ལྟར་བསམ་བཞིན་དུ་སྲིད་པར་སྐྱེ་བ་བཞེས་པ་སྐུ་སྐྱེ་གོང་འོག་གི་ཞལ་གསུང་དང་རྣམ་ཐར་ནང་གསལ་བ་གོང་སྨྲས་ཇི་ལྟ་བ་བཞིན་དུ་སྐུ་ཕྲེང་གོང་འོག་གི་འབྲེལ་ཡོད་དམིགས་བསལ་བ་རྣམས་དང་ཉེ་གནས་རྒན་རབས་ཚོའི་སེམས་ན་གསལ་ཞིང་།སྒྲོ་སྐུར་བྲལ་བའི་ངག་རྒྱུན་གསོན་ཤུགས་ལྡན་པ་ད་ལྟ་ཡང་ཐོས་འཛིན་གྱི་ཡུལ་དུ་ཡོད་པ་བཞིན་ཡིན་ལ།སྔོན་རྒྱལ་སྲས་གཞོན་ནུ་དོན་གྲུབ་སྐུ་ན་ཆུང་དུས་སྲུ་སྐྱེ་དགུ་བདག་མོས་ཡོངས་སུ་བསྐྱངས་པ་ཇི་བཞིན།སེམས་དཔའ་ཆེན་པོ་འདི་ཉིད་ཀྱང་བསྐྱེད་པའི་ཡབ་ཡུམ་སྐུ་ན་ཆུང་དུས་ནས་ཞིང་གཞན་ལ་ཕེབས་པར་བརྟེན་སྲུ་མོ་འཕྲིན་ལས་འཆི་མེད་དཔལ་འབྱོར་མཆོག་གིས་བསྐྱངས་ཤིང་།ཁོང་ནི་སྒོམ་སྒྲུབ་ལ་རྩེ་གཅིག་ཏུ་གཞོལ་བའི་རྣལ་འབྱོར་མ་བསམ་གྱིས་མི་ཁྱབ་པ་ཞིག་ཡིན་པ་མ་ཟད།ཆོས་འཇིག་རྟེན་གྱི་མཁྱེན་རྒྱ་ཤིན་ཏུ་ཡངས་པའི་བྱང་ཆུབ་སེམས་མ་ཞིག་ཡིན་པ་བཞིན།སྐུ་ཡི་སྲུ་མོ་ཁོང་དང་ཡོངས་འཛིན་རྣམས་ཀྱི་བཀའ་དྲིན་ལ་བརྟེན་ནས་རྒྱལ་སྲས་སེམས་དཔའ་ཆེན་པོ་འདི་ཉིད་ཀྱིས་ཀྱང་དགུང་ལོ་ཆུང་ཆུང་དུས་ནས་རིས་མེད་ཀྱི་བླ་མ་མང་པོའི་ཞབས་ལ་གཏུགས་ཏེ་མདོ་སྔགས་རིག་གནས་དང་བཅས་པ་བུམ་པ་གང་བྱོའི་ཚུལ་དུ་གསན་བཞེས་མཛད་དེ་དགུང་ལོ་དེ་ཙམ་ནས་མདོ་རྒྱུད་མ་ལུས་པའི་བང་མཛོད་ལྟ་བུར་གྱུར་པ་ནི།རིན་པོ་ཆེ་དགུང་ལོ་བཅོ་ལྔའི་གོང་གི་གསན་ཡིག་པོད་ཆེན་པོ་གཉིས་མཆིས་པ་དེར་གསལ་བས།པོད་གཉིས་པོ་མཇལ་བ་ཙམ་གྱིས་རྗེ་བླ་མ་འདིའི་གསན་བསམ་མཛད་ཚུལ་ཙམ་ཡང་ང་ཚོའི་ཡིད་ཡུལ་དུ་མི་ཤོང་བ་ཞིག་རེད།ད་ཆ་འཛམ་གླིང་ཆེ་དགུ་ཡོངས་ཀྱིས་སྤྱི་བོའི་གཙུག་ཏུ་བཀུར་ཞིང་།ལེགས་པ་དོན་གཉེར་གྱི་ཤེས་ལྡན་ཀུན་གྱིས་དབང་དང་གདམས་པ་ཟབ་མོ་མཐའ་ཡས་པ་ནོད་དེ་འདི་ཕྱིའི་གཏན་གྱི་སྐྱབས་གནས་དམ་པར་ཐུན་མོང་གིས་བསྟེན་གྱིན་ཡོད་པ་བཞིན་སྒྲུབ་བརྒྱུད་ཤིང་རྟ་བརྒྱད་དམ་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞིའི་དབང་ལུང་ཁྲིད་མན་དག་ཀུན་གྱི་མངའ་བདག་ཏུ་བཞུགས་པ་མ་ཟད།ཉམས་དང་རྟོགས་པའི་གོ་འཕགས་མཐོན་པོར་གཤེགས་པའི་རྟགས་མཚན་མངོན་ཤེས་ལ་སོགས་པའི་མཐུ་དང་ནུས་པའི་ཕྲིན་ལ་མངའ་བརྙེས་པའི་གྲུབ་པའི་དབང་པོར་བཞུགས་པ་ཡང་།རྒྱལ་ཕྱི་ནང་གི་སྤྱི་ཚོགས་སྤྱི་དང་མི་རིགས་འདྲ་མིན་ཚང་མས་དེང་སང་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་འདི་ཉིད་ཁོ་ན་བསླུ་མེད་ལུང་བསྟན་ཞུ་ས་དང་།ལྷ་འདྲེ་གདོན་བགེགས་ཀྱི་གནོད་པ་ལས་སྐྱོབ་པའི་མགོན་དཔུང་།སྨྱོ་འབོག་སེམས་འཁྲུག་ལ་སོགས་པའི་ནད་གདོན་ཐམས་ཅད་ཞི་བར་བྱེད་པའི་སྐྱབས་གནས་བླ་ན་མ་མཆིས་པ་ཉིད་དུ་དད་འདུད་ཡིད་ཆེས་རྩེ་གཅིག་ཏུ་བྱེད་བཞིན་པ་འདི་ལས་ཤེས།
དགུང་ལོ་བཅོ་ལྔའི་གོང་གི་གསན་ཡིག་ནང་གསལ་བ་བཞིན་སྐུ་ན་དེ་ཙམ་ནས་དེ་ལྟར་གསན་བསམ་རྒྱ་མཚོའི་ཕ་རོལ་དུ་སོན་ཏེ།ཇི་སྐད་དུ།དེང་དུས་བརྩེ་བ་ཆེན་པོ་ཡི།།མདོ་དང་སྔགས་ཀྱི་བསྟན་པ་ནི།།ཚེས་པའི་ཟླ་བའི་རྗེས་འགྲོ་བ།ཁྱེད་ཀྱི་འཕྲིན་ལས་ལགས་པར་ཁུམས།ཞེས་གསུངས་པ་ལྟར་ཕྱི་ལོ་༡༩༥༩རང་བྱུང་བཅུ་དྲུག་པའི་ས་ཕག་ལོའི་བོད་ཟླ་དང་པོར་དཔལ་ལྡན་ས་སྐྱ་པའི་བསྟན་པ་ཡོངས་ཀྱི་བདག་པོར་དངོས་སུ་བཞེངས་པ་ནས་བཟུང་ད་བར་མི་ལོ་ཧྲིལ་བོ་ལྔ་བཅུ་རྩ་བརྒྱད་ཐམ་པའི་རིང་ལ་བརྩེ་ཆེན་ས་སྐྱ་པའི་བསྟན་པ་འདི་ཉིད་ཀླ་ཀློའི་བསམ་སྦྱོར་ངན་པའི་སྡུག་རྩུབ་ལས་ཡོངས་སུ་བསྐྱབས་ཤིང་ཡར་ངོའི་ཟླ་བའི་རྗེས་སུ་འགྲོ་བ་དང་།ཇི་སྐད་དུ།ཆོས་ཀྱི་སྣང་བས་མ་ཁྱབ་པའི་།།ཅི་ཡང་སྨྲ་བའི་ཡུལ་རྣམས་སུ།།ཐུབ་དབང་བསྟན་པའི་ཉི་མ་ནི།།ཁྱེད་ཀྱི་ཐུགས་རྗེའི་ཤིང་རྟས་དྲངས།།ཞེས་གསུངས་པ་ལྟར་འཛམ་གླིང་མཐའ་གྲུ་ཀུན་ལ་རྒྱལ་བསྟན་ཉིན་མོ་ལྟར་གསལ་བར་བྱས་པ་མ་ཟད།བོད་ཀྱི་བསྟན་སྲིད་ཀྱི་ཆགས་འཇིག་ཉིད་ལ་དགོངས་ནས་དབུ་ནག་བོད་མའི་ཡོངས་ཀྱི་མགོན་སྐྱབས་དམ་པ་༸གོང་ས་ལྷ་མའི་རྣམ་འདྲེན་རྒྱལ་དབང་ཐམས་ཅད་མཁྱེན་པ་༸གོང་ས་བཅུ་བཞི་པ་ཆེན་པོ་མཆོག་ལ་རྒྱབ་འདུན་ངོ་ལྐོག་མེད་པར་བོད་ཀྱི་ཆོས་སྲིད་ཀྱི་དབུ་ཁྲིད་དམ་པར་གོང་དུ་བཀུར་ཞིང་མཐུ་དཔུང་ནུས་པ་གཅིག་ཏུ་སྦྲེལ་ནས།ཆོས་བརྒྱུད་ཁག་གི་བར་དང་ཆོལ་ཁ་ནང་ཁུལ་མཐུན་འབྲེལ་གོང་བུ་གཅིག་གྱུར་ཡོང་བར་བབ་རླིང་བརྟན་གསུམ་གྱིས་ཤུགས་སྣོན་རྩེ་གཅིག་ཏུ་གནང་བས་མཚོན་བོད་བསྟན་སྲིད་སྤྱི་དང་བྱེ་བྲག་ལ་བླ་ན་མེད་པའི་བཀའ་དྲིན་བསྐྱངས་ཡོད་པ་ཡང་།ང་ཚོ་སྤྱི་བོ་གནམ་བསྟན་བོད་མའི་ཡོངས་ཀྱི་ཡིད་ངོ་ན་ཁྲ་ལམ་མེར་གསལ་བསྡད་ཡོད་པས།ངས་འདིར་ཚིག་གི་སྤྲོས་པ་དགོས་དོན་མ་མཆིས་པ་བཞིན་ད་ནི་འདིར་མཇུག་བསྡུ་བར་བྱའོ།།
སླར་སྨྲས་པ།

བདག་བློ་དད་པའི་ས་བོན་ལས་འཁྲུངས་པའི། །རྣམ་དཀར་བགྱི་བའི་འབྲས་བཟང་ཡོངས་སྨིན་ཏེ།།
མ་གྱུར་འགྲོ་བས་ཅི་དགར་ལོངས་སྤྱད་ནས། །སྲིད་ཞིའི་ཕན་བདེས་འགྲོ་ཀུན་ཚིམ་པར་ཤོག།
 
ས་ཆེན་བསྟན་པས་ས་གསུམ་འགྲོ་ལ་ཁྱབ།།ས་སྐྱ་པ་ཡིས་ས་གཞི་ཡོངས་ཁེངས་ནས།།
ས་བསྟན་ཉི་འོད་ས་ཕྱོགས་ཀུན་ལ་སྤྲོས། །ས་དང་ལམ་གྱི་ས་བསྟན་ཡུན་གནས་ཤོག།

ཅེས་པ་འདི་ནི་མགོན་པོ་གང་ཉིད་ཀྱི་སློབ་འབངས་རྒྱ་མཚོའི་མཐར་གནས་བཙུན་གཟུགས་འཆང་བ་ཐུབ་བསྟན་རབ་གསལ་ལམ་བཏགས་མིང་རིག་སྨྱུག་ཅེས་འབོད་པས་དཔལ་ས་སྐྱའི་མཐོ་རིམ་སློབ་གྲྭ་ཆེན་མོ་རུ་ཕྱི་ལོ་༡༠༡༧ བོད་རྒྱ་ལོ་༢༡༤༣ མགོ་ཟླ་བའི་ཡར་ཚེས་༡༡སློབ་དཔོན་རིན་པོ་ཆེ་བསོད་ནམས་རྩེ་མོའི་དགོངས་རྫོགས་དུས་ཆེན་ཉིན་གྲུབ་པར་བྱས་པ་དགེའོ། དགེའོ། སརྦ་མངྒལཾ།
 

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*