བདག་མེད་གཉིས་ཀྱི་དཔྱད་པ།

བདག་མེད་གཉིས་ཀྱི་སྒོ་ནས་དཀའ་བའི་གནད་ལ་དཔྱད་པ་ལུང་རིགས་ནོར་བུའི་ཕྲེང་མཛེས་ཞེས་བྱ་བ་བཞུགས་སོ།།

རྩོམ་པ་པོ།  གདོང་གྲྭ་མགོན་པོ་ཕུན་ཚོགས།

( བོད་འབྱོར་རྩོམ་ཡིག  བོད་རྫོང་གསར་བཤད་གྲྭའི་ནང་དུ་སློབ་སྦྱོང་གནང་བཞིན་པ།)

བླ་མ་དང་གཉིས་སུ་མེད་པའི་རྗེ་བཙུན་འཇམ་དཔལ་དབྱངས་ལ་སྒོ་གསུམ་གུས་པས་ཕྱག་འཚལ་ཞིང་།
སྐྱབས་སུ་མཆིའོ།། དུས་ཀུན་ཏུ་རྗེས་སུ་བཟུང་དུ་གསོལ།

ཀུན་རྫོབ་རྒྱུ་འབྲས་འཆིང་ལས་གྲོལ་ཀྱང་འཁྲུལ་ངོར་རྒྱུ་འབྲས་མ་ནོར་སྟོན། །  ཀུན་རྫོབ་ཆོས་རྣམས་རྟེན་འབྲེལ་ཡིན་ཀྱང་ཆོས་ཀྱི་དབྱིངས་སུ་མཉམ་པར་སྟོན། ། ཀུན་ཀྱང་དབྱིངས་སུ་ཞི་བར་རྟོགས་ཀྱང་ཆོས་དབྱིངས་ངང་ནས་འོད་གསལ་སྟོན། ། གདུལ་བྱའི་བློ་དང་གང་འཚམས་ཆོས་སྟོན་རྣམ་འདྲེན་བཞི་པ་གང་དེར་འདུད། ། རྒྱལ་བའི་གསུང་རབ་ནམ་མཁའི་དབྱིངས་སུ། ། རབ་དགའི་བློ་གྲོས་གཤོག་རྩལ་ཞིག་གིས། ། བློ་ཆུང་སྐྲག་མཛད་ཚོགས་གསུམ་བསྒྲགས་པ། །
ཀླུ་སྒྲུབ་ཁྱུང་ཆེན་ཞབས་ལ་འདུད་དོ། ། རྟོག་གེའི་གོམས་པའི་བློ་གྲོས་ཤིག་གི ། ཡུལ་གྱི་རུམ་ན་ཤོང་ཐབས་བྲལ་བའི། །ཀུན་རྫོབ་ཆོས་རྣམས་འཁྲུལ་སྣང་སྟོན་མཛད། །དཔལ་ལྡན་ཟླ་གྲགས་གཙུག་ཏུ་མཆོད་དོ། །འཇམ་དབྱངས་ཐུགས་ཀྱི་འོད་ཟེར་དཀར་པོས། །བློ་གྲོས་འདབ་སྟོང་ཅིག་ཆར་བཞད་པའི། །བཅུ་ཕྲག་གཞུང་གི་སྲོག་ཤིང་གཅིག་པུར། །འཇམ་མགོན་བླ་མས་བདག་བློ་རྒྱས་མཛོད། །འཕགས་ཡུལ་མཁས་གྲུབ་དབུ་མའི་གཞུང་ལས། །སྟོན་ཚུལ་ཚིག་ལ་ཁྱད་པར་ཡོད་ཀྱང་། །དོན་གྱི་དགོངས་པ་གཅིག་ཏུ་སྟོན་མཛད། །ཀུན་མཁྱེན་བླ་མས་བདག་ཡིད་སྐྱོངས་ཤིག །ཕྱི་ཡི་སྤྱོད་པ་ཚུལ་འཆོས་མ་འདྲེས། །ནང་གི་བསམ་བློར་ཆོས་བརྒྱད་མ་གོས། །དོན་གྱི་ཆོས་པ་ཁོ་བོའི་ཡོངས་འཛིན། །དམ་པའི་ཞབས་ལ་ལན་བརྒྱར་འདུད་དོ། །ཟབ་རྒྱས་དབུ་མའི་གཞུང་ལུགས་རྒྱ་མཚོར། །ཅུང་ཟད་གོམས་པས་ཆུ་ཐིགས་ཙམ་ཞིག །དམ་པ་རྣམས་ཀྱི་གསུང་ལ་བརྟེན་ཏེ། །རང་བློ་གང་འཚམས་བརྗོད་ལ་སྤྲོ་འོ། །

དེ་ཡང་བདག་འཛིན་མ་རིག་པའི་དབང་གིས་ཐོག་མེད་ནས་འཁོར་བའི་ཁྲོན་པ་ཆེན་པོའི་ནང་དུ་ཟོ་ཆུན་གྱི་ཁྱུད་མོ་ལྟར་རང་དབང་མེད་པར་འཕྱན་པའི་བདག་གཞན་སེམས་ཅན་རྣམས་འཁོར་བའི་ཁྲོན་པ་ཆེན་པོ་ལས་བརྒལ་ཏེ།མྱང་འདས་ཀྱི་ཐང་དབྱིངས་སུ་འཁྲིད་པ་ལ་བརྩེ་བའི་ཐུགས་རྗེ་མ་མདོར་བའི་བདག་ཅག་གི་སྟོན་པས་གདུལ་བྱའི་ཁམས་མོས་སོ་སོར་བསྟུན་ཏེ་གནས་སྐབས་ཆོས་འཁོར་དྲང་ངེས་སྣ་ཚོགས་ཤིག་བསྐོར་ཀྱང་མཐར་ཐུག་གི་བབས་སོ་སྟེ།ཇོ་བོ་རྗེས་བདེན་གཉིས་ལས།ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དང་།།བཞི་སྟོང་གསུངས་པ་ཐམས་ཅད་ནི།།ཆོས་ཉིད་འདི་ལ་གཞོལ་ཞིང་བབས།།ཞེས་ཆོས་ཉིད་དམ་བདག་མེད་ལ་འབབ་ཅིང་གཞོལ་བར་གསུངས་པས།དེ་ཉིད་རྒྱལ་བའི་ཐུགས་ཀྱི་དགོངས་དོན་མཐར་ཐུག་དང་།སངས་རྒྱས་པའི་གྲུབ་མཐའ་སྤྱིའི་སྲོག་ཤིང་ངམ་ཡང་སྙིང་ལྟ་བུར་གྱུར་ཡོད།ལྷག་ཏུ་ལུང་རིགས་ལྟར་སྣང་སྨྱོན་ཆུ་འཐུང་བའི་རང་གཞན་སྡེ་པས་འཁུམས་མ་ནུས་པའི་དབུ་མའི་ལུགས་ཀྱི་བདག་མེད་དེ།ཕྱི་རོལ་པས་དོན་དང་ཐ་སྙད་གཉིས་ཀ་ལས་ཉམས་ལ།རང་སྡེས་ཀྱང་དོན་ལས་ཉམས་པའི་བདག་མེད་དེ་ཉིད་སྐབས་དོན་གྱི་གླེང་བྱའོ།།འདི་ལ་བསྟན་བྱ་བདག་མེད་གཉིས་ཀྱི་ངོ་བོ་ངོས་བཟུང་བ།ཐལ་རང་གིས་དེ་གཉིས་སྒྲུབ་པའི་རིགས་པའི་འགོད་ཚུལ་གྱི་གནད་བཤད་པ།དེ་གཉིས་ཐེག་གསུམ་གྱི་རྟོགས་བྱ་གང་ཡིན་དཔྱད་པ་དང་གསུམ་ལས།དང་པོ་ནི།སྤྱིར་ཕྱི་རོལ་པ་ཀུན་གྱིས་རྟག་པའི་བདག་འཚོལ་བས་བདག་མེད་ཅེས་པའི་ཐ་སྙད་ཀྱང་ཁས་མི་ལེན་ཅིང་།དེའི་དོན་ཡང་གཏན་ལ་འབེབས་མ་ནུས་སོ།།སངས་རྒྱས་པའི་གཞུང་ལས་ཉན་ཐོས་སྡེ་གཉིས་ཀྱི་ཁས་མི་ལེན་པའི་ཐེག་ཆེན་གྱི་གཞུང་ལས་བདག་མེད་ཅེས་པའི་ཐ་སྙད་བྱུང་བ་མ་ཟད།དེ་གཉིས་ཀྱིས་ཁས་བླངས་བའི་བདེན་བཞིའི་ཆོས་འཁོར་ལས་ཀྱང་ཆོས་ཐམས་ཅད་བདག་མེད་སྟོང་ཞིང་བདག་མེད་པ་ཞེས་འབྱུང་བས་གྲུབ་མཐའ་སྨྲ་བ་བཞི་ཆར་གྱིས་ཆོས་ཀྱི་སྡོམ་བཞིའི་ཡ་གྱལ་གྱི་བདག་མེད་ཁས་བླངས་ཏེ།མང་བཀུར་བའི་སྡེ་པས་ཕྱི་རོལ་པས་བརྟག་པའི་བདག་གིས་སྟོང་པ་ལ་འདོད་ལ།ཁ་ཆེ་བྱེ་བྲག་སྨྲ་བ་ནས་མདོ་སྡེ་པ་མན་ཆད་ཀྱིས་ཕུང་པོ་ངོ་བོར་གྱུར་པའི་བདག་དང་།དེ་ལས་དོན་གཞན་པའི་བདག་གིས་སྟོང་པ་ལ་འདོད་དོ།།འོན་ཀྱང་ཉན་ཐོས་སྡེ་གཉིས་ཀྱི་གཞུང་ལས་བསྟན་པའི་བདག་མེད་ཀྱི་དོན་ཡང་།ཆགས་སྡང་སྐྱེས་སའི་གཞི་ལས་བྱེད་པོ་དང་རྣམ་སྨིན་མྱོང་པོ་ཕུང་པོར་འདོད་ནས་དེ་བདེན་གྲུབ་ཏུ་སྨྲས་ཏེ་དེ་ལས་གཞན་ཕུང་པོ་ངོ་བོར་གྱུར་པའི་བདག་དང་དེ་ལས་གཞན་པའི་བདག་སྟེ།རི་བོང་གི་རྭ་ལྟར་བུ་ཞིག་གིས་སྟོང་པ་ལ་འདོད་པས།དེའི་དོན་ཇི་ལྟ་བ་བཞིན་མ་རྟོགས་ཏེ།དཔལ་ལྡན་ཟླ་བས་འཇུག་པ་ལས།བདག་མེད་རྟོགས་ཚེ་རྟག་པའི་བདག་སྤོང་ཞིང་།།འདི་ནི་ངར་འཛིན་རྟེན་དུའང་མི་འདོད་པ།།དེ་ཕྱིར་བདག་མེད་ཤེས་པས་བདག་ལྟ་བ།།དཔྱིས་ཀྱང་འབྱིན་ཞེས་སྨྲ་བ་ཤིན་ཏུ་མཚར།།ཞེས་གསུངས་པ་དེ་དངོས་སུ་མང་བཀུར་བ་འགོག་བྱེད་དུ་གསུངས་ཀྱང་དོན་ལ་རང་སྡེ་ཐམས་ཅད་ཀྱི་ལོག་རྟོག་བྲག་རི་བཅོམ་པའི་རྡོ་རྗེ་སྟེ།ལས་དང་རྣམ་སྨིན་མྱོང་པོ་ཕུང་འདོད་ཅིང་།།བདག་མེད་རྟོགས་ཚེ་དེ་ལས་འབྲེལ་མེད་དེ།།རི་བོང་རྭ་འདྲ་ཞིག་གིས་སྟོང་ཤེས་པས།།བདག་ལྟ་དྲུངས་འབྱིན་སྨྲ་བ་ཨེ་མ་མཚར།།ཞེས་ཀྱང་སྨྲའོ།།སེམས་ཙམ་པས་གང་ཟག་བདག་མེད་ཉན་ཐོས་སྡེ་གཉིས་ཀྱིས་འདོད་པ་དང་འདྲ་ཡང་བདག་མེད་པའི་ཁྱད་བྱས་པའི་ཕུང་པོ་གཟུགས་ཕུང་མི་འདོད་དོ།།དེས་ཆོས་ཀྱི་བདག་མེད་ཀྱང་ཁས་བླངས་ཏེ།སློབ་དཔོན་དབྱིག་གཉེན་གྱིས་ཉི་ཤུ་པ་ལས།བསྟན་པས་ཆོས་ལ་བདག་མེད་པར།།འཇུག་འགྱུར་བརྟགས་པའི་བདག་ཉིད་ཀྱིས།།དེ་ནི་གཅིག་ནའང་ཡུལ་མིན་ལ།།ཕྲ་རབ་རྡུལ་དུ་དུ་མའང་མིན།།ཞེས་གཞི་གཞན་དབང་གི་སྟེང་དུ་གཟུང་འཛིན་ཀུན་བརྟགས་ཀྱིས་སྟོང་པ་ལ་འདོད་དོ།།  འོན་ཀྱང་ཆོས་ཀྱི་བདག་མེད་ཇི་ལྟ་བ་བཞིན་མ་རྟོགས་ཏེ།ཕྱི་དོན་ཕྲ་རགས་དང་བཅས་པ་བདེན་མེད་དུ་གཏན་ལ་འབེབས་པས་བཟུང་བ་ཆོས་ཀྱི་བདག་མེད་རགས་པ་ལ་མ་འཁྲུལ་ཡང་།དེ་ཕྲ་བ་དང་ཤེས་པ་ཀུན་བདེན་གྲུབ་སྨྲ་བས་ཆོས་ཀྱི་བདག་མེད་ཀྱང་ཕྱི་ཅི་མ་ལོག་པར་རྟོགས་མ་ནུས་སོ།།ད་འདིའི་སྐབས་དོགས་གཞི་ཞིག་ལ་རྗེ་བཙུན་བསོད་ནམས་རྩེ་མོས་རྒྱུད་སྡེ་སྤྱི་རྣམ་༼༨༽ལས་ལྟ་བ་བཀའ་བཏགས་ཕྱག་རྒྱ་བཞི་གནས་མ་བུ་པས་ཁས་མི་ལེན་པ་གསུངས་པ་དང་།པཎ་ཆེན་ཤཱཀ་མཆོག་གིས་ཟབ་ཞི་སྤྲོས་བྲལ་བཤད་པ་བདུད་རྩི་ལམ་པོ་ཆེའི་༼༨༨༽ནང་དུ།ཆོས་ཀྱི་བདག་མེད་ཉན་ཐོས་སྡེ་གཉིས་ཀྱིས་ཁས་ལེན་པ་མ་ཟད་ཕྱི་རོལ་པས་ཀྱང་ཁས་ལེན་པ་གསུངས་པ་ནི།གནས་མ་བུ་པས་ལྟ་བ་བཀའ་བཏགས་ཀྱི་ཕྱག་རྒྱ་བཞི་སྒྲ་ཇི་བཞིན་དུ་ཁས་མི་ལེན་པ་དང་།དབུ་མ་པའི་ངོ་ནས་བལྟས་ན་ཉན་ཐོས་སྡེ་གཉིས་དང་ཕྱི་རོལ་པས་ཆོས་ཅན་ཉེ་ཚེ་བ་ཞིག་གི་སྟེང་དུ་ཆོས་ཀྱི་བདག་མེད་ཉེ་ཚེ་བའི་དོན་ལྟ་བུ་ཞིག་ཁས་བླངས་དགོས་ཞེས་པའི་དོན་ཡིན་གྱི་ཆོས་ཀྱི་བདག་མེད་ཁས་བླངས་ཞེས་པའི་དོན་ནི་མ་ཡིན་ཏེ།གཞན་དུ་ན་ལང་ཀ་གཤེགས་པ་ལས།ཆོས་ལྔ་དང་ནི་རང་བཞིན་གསུམ།།རྣམ་པར་ཤེས་པ་བརྒྱད་ཉིད་དང་།།བདག་མེད་གཉིས་ཀྱི་ནང་དུ་ནི།།ཐེག་ཆེན་མཐའ་དག་འདུས་པར་ཟད།།ཅེས་སྡེ་སྣོད་དང་གྲུབ་མཐའི་དབང་དུ་བྱེད་པའི་ཐེག་པ་ཆེ་ཆུང་གི་ཁྱད་འབྱེད་པས་ཉན་ཐོས་སྡེ་གཉིས་ཀྱང་དེའི་དབང་དུ་བྱེད་པའི་ཐེག་ཆེན་ཐལ་བའི་ཕྱིར་དང་།རང་ངོ་ནས་ཁས་ལེན་པ་དང་རིགས་པས་འཕུལ་ནས་ཁས་ལེན་དགོས་པའི་ཁྱད་པར་ཡང་མ་ཕྱེད་པ་སྟེ།གྲུབ་མཐའ་དེ་དང་དེས་ཁས་ལེན་མི་ལེན་ནི་རང་ངོ་ནས་ལྟ་དགོས་ལ།རིགས་པས་འཕུལ་ནས་ཁས་ལེན་དགོས་པས་ཁས་བླངས་ན་རྩོད་ཟློག་ལས།དེ་བས་ཁྱོད་ཀྱི་འདུས་བྱས་ཀུན།།འདུས་མ་བྱས་པ་ཉིད་དུ་འགྱུར།།ཞེས་དངོས་སྨྲ་བས་འདུས་བྱས་ཀུན་འདུས་མ་བྱས་སུ་ཁས་ལེན་པར་འགྱུར་བའི་ཕྱིར་རོ།།དེས་ན་དེང་སང་མང་བཀུར་བའི་སྡེ་པ་རྣམས་ཀྱིས་ལྟ་བ་བཀའ་བཏགས་ཀྱི་ཕྱག་རྒྱ་བཞི་ཁས་མི་ལེན་ཅེས་སྨྲས་པ་དེ་ཡང་ཚུལ་འདིས་དང་།རོང་སྟོན་ཆེན་པོས་རིགས་ལམ་ཀུན་གསལ་༼༨༠༣༽ལས།འགའ་ཞིག་གནས་མ་བུ་པའི་སྡེ་པས་ལྟ་བ་བཀའ་བཏགས་ཀྱི་ཕྱག་རྒྱ་བཞི་ཁས་མི་ལེན་ཟེར་བ་ཡང་འཁྲུལ་བར་སྣང་ངོ་ཞེས་གསུངས་པ་དེས་ཀྱང་བསལ་བ་ཡིན་ནོ།།དབུ་མ་པའི་ལུགས་ལ།མདོ་དང་དེའི་དགོངས་པ་ཀླུ་སྒྲུབ་ཡབ་སྲས་ཀྱིས་བཀྲལ་ཚུལ།ཐལ་རང་གི་སློབ་དཔོན་སོ་སོའི་བཞེད་ཚུལ་བཀོད་པ།འཐད་པའི་ཕྱོགས་རྣམས་རང་ལུགས་སུ་བཞག་སྟེ་སྒྲུབ་བྱེད་འགོད་པའོ།།དང་པོ་ནི།རྒྱལ་པོ་འཆར་བྱེད་ལ་གདམས་པའི་མདོ་ལས།གང་ཟག་བདག་མེད་རྒྱལ་པོ་ཉན་པར་གྱིས།།གང་ཟག་ལྔ་ཕུང་རྒྱུན་ཡིན་ཅི་ཕྱིར་ན།།ཞེས་སོགས་ནས།ཆོས་ལ་བདག་མེད་རྒྱལ་པོ་ཉན་པར་གྱིས།།ཆོས་ནི་གཟུགས་སོགས་དངོས་པོ་ཐམས་ཅད་ཡིན།།ཞེས་པ་ནས།དེ་ལྟར་རྒྱལ་པོ་བདག་མེད་བསྒོམ་བྱས་ནས།།བདག་འཛིན་འཁོར་བ་རྩད་ནས་ཆོད་པར་འགྱུར།།ཞེས་དང་༼མདོ་འདི་ཀུན་མཁྱེན་བླ་མས་ངེས་དོན་རབ་གསལ་རྒྱ་དེབ་ཤོག་གྲངས་༡༨༢ལས་དྲངས།༽གཞན་ཡང་བདེན་བཞིའི་ཆོས་འཁོར་ལས་ཀྱང་ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ་ཞེས་གསུངས་སོ།།དེའི་དོན་མགོན་པོ་ཀླུ་སྒྲུབ་ཀྱིས་རྩ་ཤེར་རབ་བྱེད་བཅོ་བརྒྱ་པ་ལས།བདག་ཉིད་ཡོད་པ་མ་ཡིན་ན།།བདག་གི་ཡོད་པར་ག་ལ་འགྱུར།།བདག་དང་བདག་གི་ཞི་བའི་ཕྱིར།།ངར་འཛིན་ང་ཡིར་འཛིན་མེད་འགྱུར།།ཞེས་བདག་དང་བདག་གི་བ་ངོ་བོས་གྲུབ་པར་འཛིན་པའི་བློ་དེ་བདག་འཛིན་ལ་འཇོག་པས།དེའི་ལོག་ཕྱོགས་དེ་གཉིས་རང་གི་ངོ་བོས་མ་གྲུབ་པ་དེ་བདག་མེད་དང་དེ་རྟོགས་པའི་བློ་བདག་མེད་རྟོགས་པའི་བློ་ཡིན་པར་བཞེད་དོ།།གཞན་ཡང་རིན་ཆེན་ཕྲེང་བ་ལེའུ་བཞི་པ་ལས།ཐེག་པ་ཆེ་ལས་སྐྱེ་མེད་བསྟན།།གཞན་གྱི་ཟད་པ་སྟོང་ཉིད།།ཟད་དང་མི་སྐྱེ་དོན་དུ་ནི།།གཅིག་པས་དེ་ཕྱིར་བཟོད་པར་གྱིས།།ཞེས་ཐེག་དམན་གྱི་མདོ་ལས།གཟུགས་ནི་དབུ་བ་རྡོས་པ་འདྲ།།ཚོར་བ་ཆུ་ཡི་ཆུ་བུར་བཞིན།།འདུ་བྱས་སྨིག་རྒྱུ་ལྟ་བུ་སྟེ།།འདུ་བྱེད་རྣམས་ནི་ཆུ་ཤིང་བཞིན།།རྣམ་པར་ཤེས་པ་སྒྱུ་མ་ལྟར།།ཉི་མའི་གཉེན་གྱིས་བཀའ་སྩལ་ཏོ།།ཞེས་ཕུང་པོ་ལྔ་མི་རྟག་པ་དང་ཆུ་ཤིང་སོགས་བཞིན་དུ་སྙིང་པོ་མེད་པ་གསུངས་པ་དང།ཐེག་ཆེན་ལས་ཆོས་ཐམས་ཅད་སྐྱེ་མེད་གསུངས་པ་དེ་གཉིས་དོན་གཅིག་ཏུ་བསྟན་ནས་རང་རྒྱུད་པ་མན་ཆད་ཀྱི་སློབ་དཔོན་དག་གི་བློ་ཡུལ་དུའང་འཆར་མ་མྱོང་བ་སྟེ།ཐེག་དམན་གྱི་མདོ་ལས་ཀྱང་ཆོས་ཐམས་ཅད་ངོ་བོས་མ་གྲུབ་པ་བསྟན་པར་བཞེད་དོ།།སློབ་དཔོན་འཕགས་པ་ལྷས་བཞི་བརྒྱ་པ་རབ་བྱེད་བཅུ་གཉིས་པ་ལས།ཞི་སྒོ་གཉིས་པ་མེད་པ་དང་།།ལྟ་བ་ངན་རྣམས་འཇིག་བྱེད་ཅིང་།།སངས་རྒྱས་ཀུན་གྱི་ཡུལ་འགྱུར་ལ།།བདག་མེད་ཅེས་ནི་བྱ་བར་བརྗོད།།ཅེས་འཁོར་བ་ལས་གྲོལ་བར་ངེས་པ་རྟོགས་དགོས་པའི་སྟོང་ཉིད་དེ་ཐེག་པ་ཐུན་མོང་གི་སྟོང་ཉིད་དང་།སངས་རྒྱས་ཀུན་གྱི་རྟོགས་བྱ་སྟོང་ཉིད་དེ་ཐེག་ཆེན་ཐུན་མོང་མིན་པའི་སྟོང་ཉིད་ལ་བདག་མེད་ཅེས་བཞེད་དོ།།  གཉིས་པ་ལ།སློབ་དཔོན་སངས་རྒྱས་བསྐྱབས་ཀྱིས་བདྷ་པཱ་ལི་ཏ་༼༧༩༽ལས།ཆོས་ཐམས་ཅད་བདག་མེད་དོ་ཞེས་གསུངས་པ་དང་བདག་མེད་པ་ཞེས་བྱ་བ་ནི་ངོ་བོ་ཉིད་མེད་པའི་དོན་ཏེ།བདག་ཅེས་བྱ་བའི་སྒྲ་ནི་ངོ་བོ་ཉིད་ཀྱི་ཚིག་ཡིན་པའི་ཕྱིར་རོ།།ཞེས་དང་དཔལ་ལྡན་ཟླ་བས་ཀྱང་བཞི་འགྲེལ་༼༣༦༥༽ལས།དེ་ལ་བདག་ཅེས་བྱ་བ་ནི་གང་ཞིག་དངོས་པོ་རྣམས་ཀྱི་གཞན་ལ་རག་མ་ལས་པའི་ངོ་བོ་རང་བཞིན་ཏེ་དེ་མེད་པ་ནི་བདག་མེད་པའོ།།དེ་ནི་ཆོས་དང་གང་ཟག་གི་དབྱེ་བས་གཉིས་སུ་རྟོགས་ཏེ་ཆོས་ཀྱི་བདག་མེད་པ་དང་།གང་ཟག་གི་བདག་མེད་པ་ཞེས་བྱ་བའོ།།ཞེས་ཐལ་འགྱུར་བའི་སློབ་དཔོན་དེ་གཉིས་ཀྱིས་བདག་མེད་ཅེས་པའི་བདག་དེ་ངོ་བོས་གྲུབ་པར་བཞེད་ནས།དེ་མ་གྲུབ་པ་ལ་བདག་མེད་པ་བཞེད་ཅིང་།ཐེག་དམན་གྱི་མདོ་ལས་གསུངས་པའི་ཆོས་ཐམས་ཅད་བདག་མེད་པ་གསུངས་པའི་དོན་ཡང་དེ་ཐམས་ཅད་ངོ་བོས་མ་གྲུབ་པར་བཞེད་པས་མགོན་པོ་ཀླུ་དང་མཚུངས་སོ།།འོ་ན་བདག་ཅེས་བྱ་བའི་དོན་ངོ་བོ་ཉིད་ཀྱིས་གྲུབ་པ་དང་།བདག་མེད་ཅེས་བྱ་བའི་དོན་ཡང་ངོ་བོ་ཉིད་ཀྱིས་མ་གྲུབ་པ་ཁོ་ནར་བཞེད་དམ་སྙམ་ན།གང་ཟག་གི་བདག་ཡིན་ན་དེ་ཁོ་ནར་ཡིན་དགོས་ཀྱང་ཆོས་ཀྱི་བདག་ལ་མ་ངེས་ཏེ།མགོན་པོ་ཀླུ་སྒྲུབ་ཀྱིས་རྩ་ཤེར་རབ་བྱེད་ཉི་ཤུ་གཉིས་པ་ལས།སྟོང་ངོ་ཞེས་ཀྱང་མི་བརྗོད་དོ།།མི་སྟོང་ཞེས་ཀྱང་མི་བྱ་ཞིང་།།གཉིས་དང་གཉིས་མིན་མི་བྱ་སྟེ།།གདངས་པའི་དོན་དུ་བརྗོད་པར་བྱ།།ཞེས་དང་།རང་བཞིན་གྱིས་ནི་སྟོང་དེ་ལ།།སངས་རྒྱས་མྱ་ངན་འདས་ནས་ནི།།ཡོད་དོ་ཞེའང་མེད་དོ་ཞེས།།བསམ་པ་འཐད་པ་ཉིད་མི་འགྱུར།།ཞེས་སྟོང་མི་སྟོང་སོགས་དང་ཡོད་མེད་སོགས་འཛིན་པའི་བློ་དེ་བདག་འཛིན་དུ་གསུངས་པས་དེའི་འཛིན་སྟངས་ཡུལ་ཐམས་ཅད་ཀྱང་ཆོས་ཀྱི་བདག་ཏུ་ཁས་བླངས་དགོས་པའི་ཕྱིར་དང་།དེ་བཞིན་འཇིག་རྟེན་ལས་འདས་པའི་བསྟོད་ལས་ཀྱང་།མཚན་མ་མེད་མ་མ་རྟོགས་པར།།ཁྱོད་ཀྱི་ཐར་པ་མེད་པར་གསུངས།།དེ་ཕྱིར་ཁྱོད་ཀྱིས་ཐེག་ཆེན་ལས།།དེ་ནི་ཚང་ན་བསྟན་པ་ལགས།།ཞེས་དང་།དཔལ་ལྡན་ཟླ་བས་ཀྱང་འཇུག་འགྲེལ་༼༡༨༦༽ལས།ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་ཀྱང་རྟེན་ཅིང་འབྲེལ་བར་འབྱུང་བ་རྐྱེན་ཉིད་འདི་པ་ཙམ་མཐོང་མོད་ཀྱི།དེ་ལྟ་ན་ཡང་དེ་དག་ལ་ཆོས་ཀྱི་བདག་མེད་པ་ཡོངས་སུ་རྫོགས་པར་སྒོམ་པ་མེད་དེ།ཁམས་གསུམ་ན་སྤྱོད་པའི་ཉོན་མོངས་པ་སྤོང་བའི་ཐབས་ཙམ་ཞིག་ནི་ཡོད་དོ།།དེ་དག་ལ་གང་ཟག་བདག་མེད་པ་མ་ལུས་པར་སྒོམ་པ་ནི་ཡོད་པར་རྣམ་པར་བཞག་གོ།ཞེས་ཉན་ཐོས་ཀྱིས་མཚན་མེད་ཚང་བ་དང་།ཆོས་ཀྱི་བདག་མེད་རྫོགས་པ་མ་རྟོགས་པར་གསུངས་པས་ཀྱང་ཆོས་ཀྱི་བདག་ངོ་བོས་གྲུབ་པ་ཁོ་ནར་བཞེད་པར་མ་གྲུབ་སྟེ།ཆོས་ཀྱི་བདག་མེད་ཚང་བ་དང་རྫོགས་པ་མཐའ་ཕྱི་མ་གསུམ་དང་བྲལ་བར་འཇོག་དགོས་ཏེ།གཞན་དུ་དེ་ཚང་བ་དང་རྫོགས་པ་མི་འཐད་པ་འོག་ཏུ་འབྱུང་ངོ་།།ཡང་ཉན་རང་གིས་གང་ཟག་བདག་མེད་རྫོགས་པར་སྒོམ་པར་གསུངས་པས།གང་ཟག་གི་སྟེང་དུ་མཐའ་ཕྱི་མ་གསུམ་དང་བྲལ་བའི་ཆ་ནས་གང་ཟག་བདག་མེད་མི་འཇོག་སྟེ།གཞན་དུ་ན་ཉན་རང་གིས་གང་ཟག་བདག་མེད་རྫོགས་པར་སྒོམ་པར་མི་འཐད་དོ།།དེས་ན་གནད་ཀྱི་དོན་ནི།གང་ཟག་གི་བདག་བདེན་གྲུབ་ཁོ་ནར་བཞེད་པས།གང་ཟག་བདག་འཛིན་ཡིན་ན་བདེན་འཛིན་པའི་ཁྱབ་བར་གྲུབ་ལ།ཆོས་ཀྱི་བདག་བདེན་གྲུབ་ཁོ་ནར་མི་བཞེད་པས་ཆོས་ཀྱི་བདག་འཛིན་ལ་བདེན་འཛིན་གྱིས་མ་ཁྱབ་པར་ཡང་ཤེས་སོ།།དེ་ཤེས་ན་གང་ཟག་གི་སྟེང་དུ་མཐའ་ཕྱི་མ་གསུམ་དང་བྲལ་བའི་ཆ་ནས་གང་ཟག་བདག་མེད་མི་འཇོག་པས།དེར་ཕྲ་རགས་གཉིས་སུ་ཕྱེ་བ་རང་དགར་རྟོག་པས་བཏགས་པ་ཁོ་ནར་ཡིན་པའི་གདེང་ཚོད་ཀྱང་གཞི་ནས་རྙེད་དོ།།རང་རྒྱུད་པས་སློབ་དཔོན་རྣམས་ཀྱིས་བདག་གཉིས་དང་བདག་འཛིན་གཉིས་བཞེད་ཚུལ་ནི་ཀླུ་སྒྲུབ་ཀྱིས་བཞེད་ཚུལ་དང་མི་མཐུན་པར་མ་མཐོང་ངོ་།།འོན་ཀྱང་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་ཐེག་དམན་གྱི་མདོ་ལས་ཆོས་ཀྱི་བདག་མེད་མ་བསྟན་པར་གསུངས་ཏེ།སངས་རྒྱས་བསྐྱངས་ཀྱིས་བུདྷ་པཱ་ལི་ཏ་༼༧༩༽ལས།ཐེག་དམན་གྱི་མདོར་ཆོས་ཐམས་ཅད་བདག་མེད་པ་གསུངས་པའི་དོན་ཆོས་རྣམས་ངོ་བོས་མ་གྲུབ་པར་འཆད་པ་ལ།ཤེས་རབ་སྒྲོན་མ་༼༡༤༥༽ལས།གཞན་མ་ཡིན་པ་ན་རེ་དེ་ལ་འདིར་བདག་ཏུ་སྣང་བ་ནི་ནོར་བའི་དེ་བཞིན་ཉིད་ཡིན་པའི་ཕྱིར་དང་བདག་ཅེས་བྱ་བའི་སྒྲ་ཡང་བདག་གི་ཚིག་ཡིན་པའི་ཕྱིར་དེ་དག་ལ་བདག་གཞན་ཡང་མེད་ལ།རང་ཉིད་ཀྱང་བདག་མ་ཡིན་ཏེ།དབང་ཕྱུག་མ་ཡིན་པ་བཞིན་པས་ཁུངས་དེས་ནི་ཉན་ཐོས་ཀྱི་ཐེག་པ་ལ་གང་ཟག་གི་བདག་མེད་པའི་སྒྲའི་དོན་བྱེ་བྲག་ཏུ་རྟོགས་པར་བྱ་བ་ཡིན་པའི་ཕྱིར་ཆོས་བདག་མེད་པ་ཉིད་བསྟན་པ་མི་ནུས་སོ།།ནུས་པ་གྱུར་ན་ནི་ཐེག་པ་གཞན་ཡོངས་སུ་བཟུང་བ་དོན་མེད་པ་ཉིད་དུ་གྱུར་རོ་ཞེས་ཟེར་རོ།།ཞེས་དགག་པར་མཛད་དོ།།འོན་ཀྱང་དེང་སང་ཕལ་མོ་ཆེས་འདིར་གཞན་མ་ཡིན་པ་ན་རེ་ཞེས་སྨྲས་པས་འགོག་མཁན་ལེགས་ལྡན་འབྱེད་མ་ཡིན་ནོ་ཞེས་ཟེར་ཡང་སྒྲུབ་བྱེད་མི་འཐད་པ་ཁོ་ནར་ཏེ།ཤེས་རབ་སྒྲོན་མ་༼༤༽ལས།གཞན་མ་ཡིན་པ་ནི་འདིར་དོན་དམ་པ་ཐམས་ཅད་བཀག་སྟེ།ངེས་པར་བཟུང་བའི་ཕྱིར་རོ་ཞེས་མཚོན་པའི་མགོ་འཇུག་གང་མང་ཞིག་ལ་གཞན་མ་ཡིན་པ་དེ་རང་ལུགས་སུ་བཞེད་ནས་གསུངས་པའི་ཕྱིར་རོ།།  གལ་ཏེ་འགོག་མཁན་ལེགས་ལྡན་མ་ཡིན་ཡང་དེས་ཐེག་དམན་གྱི་མདོར་ཆོས་ཀྱི་བདག་མེད་མ་བསྟན་པར་བཞེད་པར་གྲུབ་སྟེ།མཁས་པ་རྣམས་ཀྱིས་བསྟན་བཅོས་རྩོམ་པ་ཚེ་གཞན་ལུགས་བཀོད་ན་དེ་འགོག་པའམ་རང་ལུགས་སུ་བཞག་པ་གང་རུང་བྱེད་དགོས་པས་ལེགས་ལྡན་འབྱེད་ཀྱིས་ཀྱང་སངས་རྒྱས་བསྐྱངས་འགོག་མཁན་དེ་མ་དགག་པས་དེ་རང་ལུགས་སུ་གྲུབ་བོ།།གཞན་ཡང་སློབ་དཔོན་དེས་ཉན་རང་གིས་ཆོས་ཀྱི་བདག་མ་རྟོགས་ཡང་ཡང་གསུངས་པ་ལས་༼རྟོག་གེ་འབར་བའི་ཤོག་ གྲངས༡༡༡-༣༡༢-༣༢༧-༣༨༢དང་ཤེར་སྒྲོན་རབ་བྱེད་བཅོ་བརྒྱད་པའི་འགྲེལ་བར་གསལ།༽ཀྱང་ཤེས་སོ།།དེ་བཞིན་རང་རྒྱུད་ཤར་བ་སྐོར་གསུམ་ལས་ཡེ་ཤེས་སྙིང་པོ་དང་ཞི་བ་འཚོ་གཉིས་ཀྱིས་ཉན་ཐོས་ཀྱིས་ཆོས་ཀྱི་བདག་མེད་མ་རྟོགས་པ་གསུངས་པ་གསལ་བ་མ་མཐོང་ཡང་ཀ་མ་ལ་ཤཱི་ལས་དབུ་མ་སྣང་བར༼༢༦༠༽།ཉན་ཐོས་རྣམས་ཀྱི་དབང་དུ་མཛད་ནས་འཁོར་བ་ལ་ཡིད་འབྱུང་བར་བྱ་བའི་ཕྱིར་དང་།གང་ཟག་བདག་མེད་པའི་དེ་ཁོ་ན་ཉིད་ཙམ་ལ་བཟུད་པའི་ཕྱིར་ལ།དེ་མི་རྟག་པ་ལ་སོགས་པའི་ངོ་བོ་བསྟན་པ་འབའ་ཞིག་ཏུ་ཟད་ཀྱི།བདག་མེད་པ་གཉི་ག་བསྟན་པའི་དབང་དུ་མཛད་པ་ནི་མ་ཡིན་ནོ་ཞེས་བྱ་བར་ཤེས་པར་བྱའོ།།ཞེས་འབྱུང་བས་དེ་ཡང་ལེགས་ལྡན་འབྱེད་དང་མཚུངས་སོ།།དེས་ན་རང་ཉིད་ཐལ་འགྱུར་བའི་ལུགས་བཟུང་ནས་རང་རྒྱུད་པའི་ལུགས་ལ་ཉན་ཐོས་ཀྱིས་ཕུང་པོ་བདེན་མེད་དུ་རྟོགས་དགོས་སོ་ཞེས་ཚུར་འཐེན་པ་དང་།ཡང་རང་ཉིད་རང་རྒྱུད་པའི་ལུགས་བཟུང་སྟེ་ཐལ་འགྱུར་བའི་ལུགས་ལ་ཉན་ཐོས་ཀྱིས་ཕུང་པོ་ཕྲ་བ་ནས་བདེན་མེད་དུ་རྟོགས་མི་དགོས་སོ་ཞེས་ཚུར་འཐེན་ཚུལ་རྣམས་ནི་རང་ཉིད་ཀྱི་ཞེ་འདོད་མ་ཡིན་ཡང་།དགོས་པ་གང་ཞིག་གི་ཆེད་དུ་སྔོན་བྱོན་མཁས་པ་འགས་གསུངས་པ་ཡིན་ནམ་སྙམ།འོན་ཀྱང་དེང་སང་ཞེ་ནས་འདོད་དེ་དེ་འདྲའི་འཐེན་ཚུལ་རྣམས་ནི་ཧ་ཅང་ཐལ་བའི་འཐེན་ཚུལ་ཞིག་སྟེ།གང་རུང་ཞིག་ལ་སྒྲོ་འདོགས་པས་སོ།།གསུམ་པ་ནི།རང་རྒྱུད་པའི་སློབ་དཔོན་རྣམས་ཀྱིས་ཐེག་དམན་གྱི་མདོར་ཆོས་ཀྱི་བདག་མེད་མ་བསྟན་པ་འདོད་པ་ནི་མི་འཐད་དེ།དེ་ལྟ་ན་ཐེག་དམན་གྱིས་ཆོས་ཀྱི་བདག་མེད་མ་རྟོགས་པ་ཁས་བླངས་དགོས་ལ།དེ་ཡང་འདོད་ན།དེས་ཉེར་ཕུང་བདེན་མེད་དུ་མ་རྟོགས་པས་དེར་རྡོ་དང་དབྱུག་སོགས་བརྒྱབ་ན་ན་ཟུག་དབང་མེད་དུ་འབྱུང་ཞིང་ཆགས་སོགས་ཀྱང་སྐྱེས་བས་གང་ཟག་བདག་མེད་རྟོགས་མི་ནུས་ཏེ།གོམས་རྐྱེན་དང་བྲལ་བས་སོ།།རིགས་པས་གནོད་པ་མ་ཟད་ལུང་གིས་ཀྱང་གནོད་དེ།སློབ་དཔོན་ཀླུ་སྒྲུབ་ཀྱིས་ཀྱང་གོང་དུ་དྲངས་པའི་ལུང་དང་གཞན་ཡང་རྩ་ཤེར་རབ་བྱེད་བཅོ་ལྔ་པ་ལས།བཅོམ་ལྡན་དངོས་དང་དངོས་མེད་དང་།།མཁྱེན་པས་ཀ་ཏ་ཡ་ན་ཡི།།གདམས་ངག་ལས་ནི་ཡོད་པ་དང་།།མེད་པ་གཉིས་ལའང་དགག་པ་མཛད།།ཞེས་དང་།འདུལ་བ་ལུང་དང་།གང་པོའི་རྟོགས་བརྗོད་སོགས་ལས་ཀྱང།ཉན་ཐོས་དགྲ་བཅོམ་གྱིས་མཁའ་དང་ལག་མཐིལ་མཉམ་པ་དང་།གསེར་དང་བོང་བ་མཉམ་པ་སོགས་ཆོས་ཀུན་མཉམ་ཉིད་རྟོགས་པའང་གསུངས་ཏེ།འཇམ་མགོན་བླ་མས་སྡོམ་གསུམ་རབ་དབྱེ་ལས།འདུལ་བ་ལུང་ལ་སོགས་པ་རུ།།སྟོང་པ་ཉིད་དང་སྐྱེ་མེད་དང་།།མཁའ་དང་ལག་མཐིལ་མཉམ་པ་སོགས།།ཆོས་ཀུན་མཉམ་ཉིད་རྟོགས་པའང་གསུངས།།ཞེས་མཐའ་ཡས་པའོ།།དེས་ན་འདུལ་བ་ལུང་འགར་ཉན་ཐོས་དགྲ་བཅོམ་པས་ཉེར་ཕུང་ལ་གཤེད་མ་རལ་གྲི་གདེངས་པ་ལྟར་འཇིགས་སྐྲག་སྐྱེ་བ་གསུངས་པ་ནི་གདུལ་བྱའི་གཞན་ངོའི་སྣང་ཚུལ་ཙམ་དུ་ཟད་དོ།།  རྩ་བའི་ས་བཅད་གཉིས་པ་ཐལ་རང་གིས་དེ་གཉིས་སྒྲུབ་པའི་རིགས་པའི་འགོད་ཚུལ་གྱི་གནད་བཤད་པ་ལ།ཁྱད་པར་གྱི་གཙོ་བོ་ངོས་བཟུང་བ།གནས་སྐབས་གང་གི་སྟེང་དུ་འབྱེད་པ།དོན་གྱི་དགོངས་པ་གཅིག་ཏུ་བསྟན་པ་སྟེ་གསུམ་ལས།དང་པོ་ནི།མགོན་པོ་ཀླུས་རྩ་ཤེར་རབ་བྱེད་དང་པོར།བདག་ལ་མ་ཡིན་ཞེས་སོགས་ཏེ།མཐའ་བཞི་སྐྱེ་བ་དགག་པའི་དམ་བཅའ་བཞི་བཞག་ཅིང་།དེ་སྒྲུབ་པའི་རིགས་པར་ཐོག་མ་སངས་རྒྱས་བསྐྱངས་ཀྱིས་བུདྷ་པཱ་ལི་ཏ་༼༧༽ལས།དངོས་པོ་རྣམས་བདག་ལས་སྐྱེ་བ་མེད་དེ།དེ་དག་གི་སྐྱེ་བ་དོན་མེད་པ་ཉིད་དུ་འགྱུར་བའི་ཕྱིར་དང་།ཞེས་ཐལ་བ་ཁོ་ནའི་སྒོ་ནས་སྒྲུབ་པ་ལ།ལེགས་ལྡན་འབྱེད་ཀྱིས་ཤེས་རབ་སྒྲོན་མར༼༩༽།དེ་ནི་རིགས་པ་མ་ཡིན་ཏེ།གཏན་ཚིགས་དང་དཔེ་མ་བརྗོད་པའི་ཕྱིར་དང་།གཞན་གྱིས་སྨྲས་པའི་ཉེས་པ་མ་བསལ་བའི་ཕྱིར་རོ།།ཐལ་བ་འགྱུར་བའི་ཚིག་ཡིན་པའི་ཕྱིར།སྐབས་ཀྱི་དོན་ལས་བཟློག་པས་ཞེས་སངས་རྒྱས་བསྐྱངས་ཀྱི་ངག་དེ་རང་རྒྱུད་ཀྱི་ངག་ནི་མ་ཡིན་ཏེ།ནང་གི་སྐྱེ་མཆེད་རྣམས་བདག་ལས་སྐྱེ་བ་མེད་དེ།ཡོད་པའི་ཕྱིར།དཔེར་ན་ཤེས་པ་བཞིན་ཞེས་བཀོད་པ་ལྟར་གཏན་ཚིགས་དང་དཔེ་མ་བརྗོད་པའི་ཕྱིར་དང་།གཞན་ཡང་གྲངས་ཅན་གྱིས་རྒྱུ་བདག་ཉིད་དུ་ཡོད་པས་བདག་ལས་སྐྱེ་བ་མེད་པའམ་འབྲས་བུའི་བདག་ཉིད་དུ་ཡོད་པས་བདག་ལས་སྐྱེ་བ་མེད་པ་གང་ཡིན་དང་པོ་ལྟ་ན་འགལ་བ་ཡིན་ཞིང་།ཕྱི་མ་ལྟ་ན་གྲུབ་ཟིན་པ་ཡིན་ཞེས་པའི་ཉེས་པའང་མ་བསལ་བའི་ཕྱིར་རོ།།ཐལ་འགྱུར་གྱི་ངག་ཀྱང་མ་ཡིན་ཏེ།སྐབས་འདི་རང་རྒྱུད་ཀྱི་ངག་བརྗོད་དགོས་པས་དེ་དངོས་སུ་མ་བསྟན་ལ།དེ་ལྟ་ན་ངག་དེ་བཟློག་སྟེ་བསྟན་པ་ཁས་བླངས་དགོས་པས།སྐྱེ་བ་དོན་ཡོད་དང་ཐུག་ཡོད་འགྱུར་བའི་ཕྱིར་དང་།བདག་སྐྱེ་མེད་པ་བཟློག་ནས་སྐྱེ་བ་དོན་ཡོད་པར་འགྱུར་དགོས་པས་ནང་གི་སྐྱེ་མཆེད་རྣམས་གཞན་ལས་སྐྱེ་བ་ཁས་བླངས་དགོས་པས་གྲུབ་པའི་མཐའ་དང་འགལ་བར་འགྱུར་རོ་།།ཞེས་རོང་སྟོན་ཆེན་པོས་རྩ་ཤེར་འགྲེལ་བ་༼༤༣༽ལས་གསུངས་པ་དེ་ཤིན་ཏུ་འཐད་པ་སེམས་སོ།།དེ་ཕྱིར་ལེགས་ལྡན་འབྱེད་ཀྱིས་རང་ལུགས་དམ་བཅའ་བཞི་པོ་རང་རྒྱུད་ཀྱི་གཏན་ཚིགས་ཀྱིས་ཀྱང་སྒྲུབ་པའི་གཞུང་འཛུགས་ཏེ།ཐལ་རང་གི་བཞེད་སྲོལ་མི་འདྲ་བ་གཉིས་བྱུང་ངོ་།།དེ་རྗེས་དཔལ་ལྡན་ཟླ་བས་ཚིག་གསལ་༼༡༣༽ལས།གཞན་ཡང་རྟོག་གེ་པ་འདིས་བདག་ཉིད་རྟོག་གེ་བསྟན་བཅོས་ལ་ཤིན་ཏུ་མཁས་པ་ཙམ་ཞིག་བསྟན་པ་འདོད་ནས།དབུ་མའི་ལྟ་བ་ཁས་ལེན་བཞིན་དུ་ཡང་རང་རྒྱུད་ཀྱི་སྦྱོར་བའི་ངག་བརྗོད་པ་གང་ཡིན་པ་དེ་ནི་ཆེས་ཤིན་ཏུ་ཉེས་པ་དུ་མའི་ཚོགས་ཀྱི་གནས་སུ་རྟོགས་ཏེ།ཞེས་ལེགས་ལྡན་འབྱེད་ཀྱིས་རང་རྒྱུད་ཀྱི་ངག་བརྗོད་པ་དེ་བཀག་སྟེ་སངས་རྒྱས་བསྐྱངས་ཀྱི་ལུགས་སྒྲུབ་པ་མཛད་དོ།།དེ་རྗེས་ཟླ་བས་ལེགས་ལྡན་འབྱེད་ལ་སྐྱོན་བརྗོད་མཛད་པར་སྐྱོན་སྤོང་མཛད་མཁན་མི་སྣང་ཟེར་བའང་མི་འཐད་པ་མངོན་ཏེ།སློབ་དཔོན་ཀ་མ་ལ་ཤཱི་ལས་དབུ་མ་སྣང་བར༼༡༨༢༽།དེའི་ཕྱིར་སློབ་དཔོན་ཁ་ཅིག་གིས་དོན་དམ་པར་ནང་གི་སྐྱེ་མཆེད་རྐྱེན་གཞན་དག་ལས་མི་སྐྱེ་སྟེ།གཞན་ཡིན་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་བཤད་གང་ཡིན་པའི་གཏན་ཚིགས་དེ་ཡང་ལྡོག་པ་ལ་ཐེ་ཚོམ་ཟ་བ་ཉིད་མ་ཡིན་ཏེ།ཞེས་སྐྱོན་སྤངས་ནས་དེའི་འཇུག་ཐོགས་སུ་དེའི་ཕྱིར་ཁ་ཅིག་འདི་ལ་མ་ངེས་པ་དང་།མ་གྲུབ་པ་བརྗོད་པར་བྱེད་པ་གང་ཡིན་པ་དེ་ནི་འབྲེལ་བ་མེད་པ་ཡིན་ནོ།།ཞེས་འབྱུང་བས་སོ།།དེས་ན་རྒྱ་གར་འཕགས་ཡུལ་གྱི་ཐལ་རང་གི་པཎྜི་ཏ་རྣམས་ཀྱིས་མཐའ་བཞིའི་སྐྱེ་བ་འགོག་པའི་སྐབས་རང་རྒྱུད་འཐད་མི་འཐད་ཀྱི་སྒོ་ནས་རྩོད་ཅིང་།བོད་གངས་ཅན་ལྗོངས་སུ་བྱོན་པའི་མཁས་གྲུབ་ཀུན་གྱིས་ཀྱང་དེ་གཉིས་ཀྱི་ཁྱད་པ་རང་རྒྱུད་ཁས་ལེན་མི་ལེན་གྱི་སྒོ་ནས་འབྱེད་ཀྱང་དེའི་རྒྱུ་མཚན་འཚོལ་བར་གསུམ་དུ་སྣང་སྟེ།རང་གི་མཚན་ཉིད་ཀྱིས་གྲུབ་པ་ཁས་ལེན་མི་ལེན་དང་།སྐྱེ་བ་འགོག་པའི་སྐབས་སུ་ཆོས་ཅན་ཚད་མས་མ་གྲུབ་པ་ཁས་བླངས་པ་འདྲ་ཡང་དེའི་ཚེ་ཀུན་རྫོབ་ཏུ་ཚད་མས་གྲུབ་པ་ཁས་ལེན་མི་ལེན་དང།སྤྱིར་དེའི་ཚེ་ན་ཚད་གྲུབ་འདོད་མི་འདོད་ཀྱི་ཁྱད་པར་ཏེ།དང་པོ་ནི་རྗེ་རིན་པོ་ཆེ་རྗེས་འབྲང་དང་བཅས་པ་ཡིན་ལ།གཉིས་པ་ནི་རྐརྨ་པ་མི་བསྐྱོད་རྡོ་རྗེ་སོགས་ཡིན་ཞིང་།གསུམ་པ་ནི་ས་རྙིང་གི་མཁས་གྲུབ་ཐམས་ཅད་དོ།།འོན་ཀྱང་དང་པོ་གཉིས་ནི་མི་འཐད་པ་སྣང་སྟེ།ཤེར་སྒྲོན་༼༢༢༩༽ལས།དཔེར་ན་ཐ་སྙད་དུ་ཡང་མེ་གྲང་བ་ལ་མ་ལྟོས་པར་རང་གི་ངོ་བོ་ཉིད་ཀྱིས་ཚ་བ་ཉིད་མེད་པ་བཞིན་ནོ།།ཞེས་ཐ་སྙད་དུའང་མེ་ཚ་བའི་ངོ་བོ་ཉིད་ཀྱིས་མ་གྲུབ་གསུངས་པའི་ཕྱིར།གཞན་ཡང་ཤེར་སྒྲོན་དང་།རྟོག་གེ་འབར་བ་དང་།རྒྱན་སྣང་བདེན་གསུམ་དང་དེའི་རང་འགྲེལ་དཀའ་འགྲེལ་དང་བཅས་པ་ནང་དུ་སྒྲུབ་བྱེད་ཅུང་ཟད་ཀྱང་མེད་ཅིང་གནོད་བྱེད་ཡོད་པ་ཁོ་ནའོ་ཞེས་ཁོ་བོས་སྨྲ་བའི་སྤོབས་པ་བྱུང་ངོ་།།རྟོག་གེ་འབར་བ་༼༡༩༠༽ལས།གལ་ཏེ་བུམ་སོགས་སྐྱེས་མཐོང་བས།།མཐོང་ལ་གཏན་ཚིགས་དོན་མེད་དེ།།མངོན་སུམ་དང་ནི་གྲགས་པ་ཡི།།གནོད་པས་གནོད་པར་འགྱུར་ཞེ་ན།།ཞེས་དོགས་པ་བཀོད་དེ་ལན་དུ།བུམ་པ་ལ་སོགས་སྐྱེ་བ་དག།བྱིས་པའི་བློ་དང་མཐུན་མཐོང་བ།།གང་ཕྱིར་དེ་ནི་མི་འགོག་པས།།དེ་ཕྱིར་ཇི་སྐད་སྨྲས་སྐྱོན་མེད།།ཞེས་ཀུན་རྫོབ་ཏུ་མི་འགོག་གསུངས་པ་དང་།དེའི་འཇུག་ཐོགས་སུ།མངོན་སུམ་བློ་ནི་དོན་དམ་དུ།།དོན་བཞིན་ཉིད་དུ་མི་རིགས་ཏེ།།བྱིས་པའི་བློ་དང་ཁྱད་མེད་ཕྱིར།།མགལ་མེའི་འཁོར་ལོའི་བློ་བཞིན་ནོ།།ཞེས་འཁྲུལ་བ་གསུངས་པས་ཀུན་རྫོབ་ཏུ་ཚད་མས་གྲུབ་ཀྱང་དེའི་ཚེ་ཚད་མས་མ་གྲུབ་པའི་དོན་ནོ་སྙམ་ཡང་།།དེ་ཡང་མ་ཡིན་ཏེ།སློབ་དཔོན་དེས་དོན་དམ་ཞེས་ཁྱད་པ་སྦྱོར་བའི་རྒྱུ་མཚན་འཇིག་རྟེན་གྱི་གྲགས་པ་དང་།མངོན་སུམ་དང་།ཁས་བླངས་ཀྱིས་མི་གནོད་པ་བྱ་བའི་ཆེད་ཡིན་པ་ཡང་ཡང་༼ཤེར་སྒྲོན་༥༤དང་རྟོག་གེ་འབར་བ་༡༡༤ལས་གསུངས་སོ།།༽གསུངས་པས་ཕྱིར་རྒོལ་གྱིས་འཇིག་རྟེན་གྲགས་པ་སོགས་ཀྱིས་གནོད་པར་འགྱུར་རོ་ཞེས་རྩོད་དུས་དགག་བྱར་ཁྱད་པར་སྦྱར་བའི་དོན་ནི་དགག་བྱ་དེ་གནས་ཚུལ་ལ་འགོག་ཅེས་པའི་དོན་ཡིན་པས།འཇིག་རྟེན་ལ་གྲགས་པ་ནི་སྣང་ཚུལ་ལ་ཡིན་གྱི་གནས་ཚུལ་ལ་མ་ཡིན་པས་དགག་བྱ་དེ་སྣང་ཚུལ་ལ་མ་འགོག་པས་འཇིག་རྟེན་གྲགས་པ་སོགས་ཀྱིས་མི་གནོད་དོ།།  གལ་ཏེ་གནས་ཚུལ་ལ་འགོག་པའང་མི་འཐད་དེ།འཇིག་རྟེན་གྱིས་གནས་ཚུལ་ལ་ཡོད་པ་མཐོང་ངོ་སྙམ་ན།མ་ཡིན་ཏེ་དེ་དག་གནས་ཚུལ་ལ་མགལ་མེའི་འཁོར་ལོར་འཛིན་པའི་བློ་བཞིན་འཁྲུལ་བ་ཡིན་ནོ་ཞེས་བསྟན་པའི་ཆེད་དུ།མངོན་སུམ་བློ་ནི་དོན་དམ་དུ་ཞེས་སོགས་བསྟན་པ་ཡིན་ཡང་།དེའི་ཚེ་ཀུན་རྫོབ་ཏུ་ཚད་མས་གྲུབ་ན་ཚད་མས་གྲུབ་པའི་གོ་མི་ཆོད་པ་ནི་མ་ཡིན་ཏེ།ཕྱོགས་སྔས་དཔེ་ལ་དོགས་པ་དེ་ལྟར་བཀོད་པའི་ལན་དུ་དེ་ཉིད་༼༡༩༤༽ལས།ཐ་སྙད་ཀུན་རྫོབ་ཏུ་ཕུང་པོ་དང་།ཁམས་དང་།སྐྱེ་མཆེད་ཀྱི་ཡུལ་དག་ལ་ཐ་སྙད་གདངས་པ་ཐུན་མོང་དུ་གྲུབ་པས་དེའི་ཕྱིར་ཁོ་བོ་ཅག་ལ་ཚད་མ་གང་དུ་ཡང་རང་ལ་དཔེ་མ་གྲུབ་པའི་སྐྱོན་དུ་འགྱུར་བ་མེད་དེ།ཁོ་བོ་ཀུན་རྫོབ་ཁོ་ནར་ཚད་མ་རྣམ་པར་བྱས་ཀྱི་དོན་དམ་པར་ནི་མ་ཡིན་ཏེ།དེ་ནི་བརྗོད་དུ་མེད་པའི་ཕྱིར་རོ།།ཞེས་གསུངས་ཤིང་།ཡང་དེ་ཉིད་༼༢༢༠-༤༣༡༽དང་ཤེར་སྒྲོན་ལས་༼༡༣༣-༡༤༣༽ཀྱང་ཆོས་རྣམས་སྒྱུ་མ་བཞིན་དུ་ཡོད་པ་ཡང་ཡང་གསུངས་པ་ལས་ཀྱང་ཤེས་ཏེ།སྒྱུ་མ་ལྟར་བུ་ཁས་བླངས་པའི་སྐབས་དེ་རང་ལུགས་ཀྱི་སྐབས་ཡིན་པའི་ཕྱིར་རོ།།དེས་ན་དེ་གཉིས་ཀྱི་ཁྱད་པར་གཙོ་བོ་གནས་ལུགས་གཏན་འབེབས་ཀྱི་གཏན་ཚིགས་རང་རྒྱུད་ཁས་ལེན་མི་ལེན་ལ་ཐུག་ལ།དེའི་གནད་ཀྱང་ཆོས་ཅན་སྣང་ཙམ་ཚད་གྲུབ་འདོད་མི་འདོད་ལ་ཐུག་སྟེ།ཐལ་འགྱུར་བས་ཆོས་ཅན་ཚད་གྲུབ་ཉིད་དུ་མི་འདོད་པས་ཚུལ་གསུམ་ཚང་བའི་གཏན་ཚིགས་ཁས་མི་ལེན་ལ།རང་རྒྱུད་པས་ཆོས་ཅན་ཚད་གྲུབ་འདོད་པས་རྒོལ་བ་གཉིས་ཀར་གྲུབ་པའི་གཏན་ཚིགས་ཁས་བླངས་ཏེ།ཤེར་སྒྲོན་༼༢༨༧༽ལས།གལ་ཏེ་རང་ལ་གཏན་ཚིགས་མ་གྲུབ་པས་ཀྱང་འདོད་པའི་དོན་སྟོན་པར་བྱེད་དེ།གཞན་གྱི་ཕྱོགས་ལ་གྲུབ་པའི་ཕྱིར་ཕྱོགས་གཉི་ག་ལ་གྲགས་པའི་ཆོས་བཞིན་ནོ་ཞེ་ན།གཞན་གྱི་ཕྱོགས་འབའ་ཞིག་ལ་གྲགས་པའི་ཕྱོགས་ཀྱིས་ནི་བསྒྲུབ་པར་བྱ་བ་བའི་དོན་བསྒྲུབ་མི་ནུས་པར་ངེས་པར་བཟུང་སྟེ།གང་ཡང་རུང་ལ་མ་གྲུབ་པའི་ཕྱིར།ཞེས་དང་།གཞན་ཡང་སློབ་དཔོན་འདིས་ཤེར་སྒྲོན་༼༡༤༣-༡༨༠༽དང་རྟོག་གེ་འབར་བ་ལས་༼༡༡༥-༡༩༣༽ཆོས་ཅན་དང་གཏན་ཚིགས་སོགས་མ་གྲུབ་པར་སྐྱོན་ཡང་ཡང་སྤོང་བ་ལས་ཀྱང་ཤེས་སོ།།དེས་ན་སློབ་དཔོན་འདི་དང་རང་རྒྱུད་ཤར་བ་སྐོར་གསུམ་༼བདེན་གཉིས་རང་འགྲེལ་༩༤དང་དེའི་དཀའ་འགྲེལ་༡༥༡རྒྱན་རང་འགྲེལ་༢༢༢དང་དེའི་དཀའ་འགྲེལ་༢༥༠ནང་གསལ།༽དང་།ཀུན་མཁྱེན་རོང་སྟོན་༼རིགས་ལམ་ཀུན་གསལ་༼༧༢༩༽དང་།ཀུན་མཁྱེན་བླ་མ་༼ཤན་འབྱེད་༤༩༧་སོགས་ལས་གསལ།༽སོགས་ཀྱིས་རང་རྒྱུད་ཀྱི་ཆོས་ཅན་ལ་ཚད་མས་གྲུབ་དགོས་པ་གསུངས་པ་ནི་ཆོས་ཅན་དེ་དེ་ཉིད་དུ་ཚད་མས་གྲུབ་དགོས་པའི་དོན་ཡིན་པར་མངོན་ཏེ།གཞན་དུ་མཁས་གྲུབ་དེ་དག་གིས་ཆོས་ཅན་ཚད་མས་མ་གྲུབ་ན་སྔ་རྒོལ་ལ་དཔག་འདོད་དང་ཕྱི་རྒོལ་ལ་ཤེས་འདོད་མེད་པ་དང་རྗེས་དཔག་འབྱུང་བ་མི་འཐད་པ་སོགས་གསུངས་པས་འགར་དེ་མ་གྲུབ་ཀྱང་དེ་དག་འཐད་ལ་འགར་མི་འཐད་པའི་རྒྱུ་མཚན་ཡང་མི་རྙེད་དོ།།དཔེ་ལའང་དེ་བཞིན་དུ་ཤེས་པར་བྱའོ།།གཉིས་པ་ནི།སྣང་བའི་དངོས་པོ་ཀུན་གྱི་སྟེང་དུ་བདེན་གྲུབ་འགོག་པའི་སྐབས་དང་།དེ་དག་གི་སྟེང་དུ་མཐའ་ཕྱི་མ་གསུམ་འགོག་པའི་སྐབས་ཏེ་གཉིས་ལས།དང་པོ་ནི་དགག་བྱ་རགས་པ་འགོག་པའི་སྐབས་ཡིན་ལ།ཕྱི་མ་ནི་དེ་ཕྲ་བ་འགོག་པའི་སྐབས་ཡིན་པས་དེ་གཉིས་གང་གི་སྐབས་སུ་འབྱེད་སྙམ་ན།ཁོ་བོས་གནས་སྐབས་དང་པོའི་ཚེ་ན་འབྱེད་དགོས་ཞེས་སྨྲས་ཏེ།དེའི་ཚེ་རང་ལུགས་ཀྱི་སྣང་ཚུལ་ཙམ་གཏན་ལ་འབེབས་པའི་སྐབས་ཡིན་པས་སྣང་བ་ཚད་གྲུབ་ཁས་བླངས་ཤིང་དེ་ལེན་པའི་གནད་ཀྱི་རང་རྒྱུད་ཀྱི་གཏན་ཚིགས་སོགས་ཁས་ལེན་པ་གོང་དུ་བཤད་ཟིན་ཏོ།།ཕྱི་མའི་སྐབས་དེ་གནས་ལུགས་དབང་བཙན་བྱེད་སྐབས་ཡིན་པས་སྣང་བ་འདི་དག་ཡོད་པ་ཁས་མི་བླངས་ཏེ།ཤེས་རབ་སྒྲོན་མ་༼༣༠༢༽ལས།དོན་དམ་པར་ནི་བརྟེན་ནས་འབྱུང་བ་སྒྱུ་མ་བཞིན་དུ་ངོ་བོ་ཉིད་ཡོངས་སུ་མ་གྲུབ་པའི་ཕྱིར།ཇི་ལྟ་སྣང་བ་དེ་ལྟར་ཡོད་པ་མ་ཡིན་ཞེས་དང་།རྟོག་གེ་འབར་བ༼༡༩༢༽ལས།མངོན་སུམ་བློ་ནི་དོན་དམ་དུ།།དོན་བཞིན་ཉིད་དུ་མི་རིགས་ཏེ།།བྱིས་པའི་བློ་དང་ཁྱད་མེད་ཕྱིར།།མགལ་མེད་འཁོར་ལོའི་བློ་བཞིན་ནོ།།ཞེས་དང་།ཡེ་ཤེས་སྙིང་པོས་བདེན་གཉིས་༼༨༢༽ལས།ཇི་ལྟར་སྣང་བའི་དངོས་པོ་ནི།།རྣམ་པར་གནས་པ་མི་རུང་སྟེ།།ཤེས་པའི་དངོས་པོ་ཐམས་ཅད་ལ།།ཇི་ལྟར་བུར་ཡང་སྣང་མིི་འགྱུར།།ཞེས་དང་དེ་དགག་བྱ་ཕྲ་བ་འགོག་སྐབས་ཡིན་པའི་རྒྱུ་མཚན་ནི་ཞི་བ་མཚོས་དེའི་དཀའ་འགྲེལ་༼༡༡༢༽ལས།ད་ནི་རྣམ་གྲངས་མ་ཡིན་པའི་དོན་དམ་པ་གང་ཡིན་པ་དེ།ཇི་ལྟ་སྣང་བའི་ཞེས་གོང་དུ་དྲངས་པའི་ལུང་དྲངས་པ་ལས་ཤེས་སོ།།ད་དུང་ཤེས་བྱེད་མང་དུ་ཡོད་ཀྱང་སྐབས་འདིར་ཡིག་ཚོགས་མང་བས་དོགས་ཏེ་མ་བྲིས་སོ།།ཤེས་པར་འདོད་ན་རང་རྒྱུད་པའི་གཞུང་ལུགས་༼ཤེར་སྒྲོན་༣༩-༡༠༦རྒྱན་རང་འགྲེལ་༢༢༩དབུ་མ་སྣང་བ་༥༨རྟོག་གེ་འབར་བ་༢༢༤ནས་༢༢༧བར་དུ་མཚོན་ཙམ་མོ།།༽མཁའ་དབྱིངས་སུ་བརྩོན་ཤེས་ཀྱི་གཤོག་ཟུང་བརྐྱངས་ཏེ་བསྐྱོད་ན་འཁུམས་པར་ངེས་སོ།།  འཆད་ལུགས་དེ་ནི་སྔོན་བྱོན་མཁས་པ་མང་པོ་ཞིག་གི་དགོངས་པ་ཡིན་པ་མ་ཟད་ཀུན་མཁྱེན་བླ་མའི་དགོངས་པ་འཁྲུལ་མེད་ཡིན་པའང་ཁོ་བོས་སེམས་ཏེ།གཞན་དུ་ན་ངེས་དོན་རབ་གསལ་༼༡༢༡༽ལས།གསུམ་པ་འགྲེལ་ཚུལ་གྱི་སྒོ་ནས་ཐལ་འགྱུར་དང་རང་རྒྱུད་ཀྱི་རིགས་པ་བཤད་པ་ལྔ་ཏེ།ཞེས་ས་བཅད་ལྔའི་སྒོ་ནས་ཐལ་རང་གི་ཁྱད་པ་འབྱེད་པས།དེའི་སྔ་འགྲེལ་དུ་འོ་ན་མཐའ་དང་པོ་འགོག་པའི་རིགས་པའི་འཐད་པའམ།སྒྲུབ་བྱེད་དམ།གཏན་ཚིགས་དེ་དག་ཐལ་བ་ཙམ་གྱི་ཡིན་ནམ།རང་རྒྱུད་ཀྱི་ཡིན་སྙམ་ན་དེའི་ལན་དུ།ཞེས་གསུངས་ཤིང་དེའི་ལན་ཡང་དཔྱད་གཞི་རྒྱ་གར་མཁས་པའི་གཞུང་ལས་བཤད་ཚུལ་འགོད་ཅེས་པ་ནས་རང་ལུགས་འཐད་པའི་ཕྱོགས་རྣམས་སྒྲུབ་བྱེད་དང་བཅས་ཏེ་བཤད་པ་ཞེས་བྱུང་ནས།ལྔ་པ་རང་ལུགས་ཀྱི་སྐབས་ཐ་སྙད་འཇོག་མཚམས་གཙོ་བོ་ངོས་བཟུང་ནས་དེ་ཉིད་གཞུང་ཐམས་ཅད་ལ་སྦྱར་བའི་སྐབས་སུ་རབ་བྱེད་རེ་རེའི་ནང་ནས་བདེན་དངོས་འགོག་པའི་རིགས་པ་རེ་རེ་ལའང་ཁྱད་པར་དེ་བཞིན་དུ་ཡོད་པར་ཤེས་པར་བྱ་ཞེས་དང་།རང་རྒྱུད་པ་ལ་མེད་པའི་ཐལ་འགྱུར་བའི་ཐུན་མོང་མ་ཡིན་པའི་ཐ་སྙད་བཅུ་དྲུག་གི་ནང་ནས་གསུམ་པ་བདེན་དངོས་འགོག་པའི་ཚེ་རང་རྒྱུད་ཀྱི་རྟགས་དང་དམ་བཅའ་མེད་པ་ཞེས་གསུངས་པས་མཐའ་དང་པོ་འགོག་པའི་སྐབས་དང་བདེན་དངོས་འགོག་པའི་སྐབས་ཞེས་དམིགས་གསལ་གསུངས་པ་དོན་མེད་དོ་སྙམ།དེས་ན་གཟུར་གནས་བློ་ལྡན་རྣམས་བློ་གྲོས་ཀྱི་མེ་དཔུང་བསྒྲོན་ཏེ་བརྟག་ན་ཤེས་སོ།།གསུམ་པ་ནི།དེང་སང་དེ་གཉིས་ཀྱིས་རིགས་པས་སྣང་བ་ཙམ་དང་སྐྱེ་བ་སོགས་འགོག་མི་འགོག་ལ་ཁྱད་པ་ཡོད་པར་འདོད་དེ།མཐར་ཐུག་ལྟ་བའི་གནས་ལ་ཁྱད་པ་མེད་པ་མི་འཐད་དོ་སྙམ་སྟེ་དོགས་པ་སྐྱེས་ཀྱང་དེ་ལྟར་ནི་མ་ཡིན་ཏེ།རྟོག་གེ་འབར་བ་༼༡༡༦༽ལས།འཇིག་རྟེན་དང་ཆོས་མངོན་པ་ལ་སོགས་པའི་བསྟན་བཅོས་ལས་སའི་མཚན་ཉིད་ནི་སྲ་བ་ཉིད་ཡིན་པ་ལས་ནི་བརྟན་པར་བྱེད་པར་བསྟན་པས་དེ་དག་དགག་པའི་ཕྱིར་ཚད་མ་རྣམ་པ་གཉིས་ཉེ་བར་བཀོད་དེ།ཞེས་དང་ཞི་བ་མཚོ་བདེན་གཉིས་དཀའ་འགྲེལ་༼༡༦༠༽ལས།ཕྱི་རོལ་གྱི་གཟུགས་ལ་སོགས་པ་ཇི་ལྟར་སྣང་བ་བཞིན་དུ་ཡོད་པ་ཁོ་ནའོ།།གལ་ཏེ་རིགས་པས་མི་འཐད་དོ་ཞེ་ན།དེ་ཉིད་ཀྱིས་ཕྱིར་མ་བརྟགས་ན་ཉམས་དགའ་བའི་ཕྱིར་དང་།བརྟག་པའི་དཔྱད་པ་མི་བཟོད་པའི་རྣམ་པར་ཤེས་པ་ཡང་དེ་ལྟ་བུ་ཁོ་ན་ཡིན་ཏེ།སྐྱེ་བ་མེད་པར་བསྒྲུབས་པའི་ཕྱིར།ཞེས་རང་རྒྱུད་པའི་གཞུང་རྣམས་ལས་འཇིག་རྟེན་གྲགས་པ་འགོག་པ་དང་ཀུན་རྫོབ་རིགས་པས་མི་འཐད་པ་དང་ཀུན་མཁྱེན་རོང་སྟོན་གྱིས་ཀྱང་རིགས་ལམ་ཀུན་གསལ་༼༧༣༦༽ལས་འགའ་ཞིག་བདེན་པའི་སྐྱེ་བ་འགོག་པ་ཡིན་གྱི།སྐྱེ་བ་ཙམ་ནི་འགོག་པ་མིན་ཞེས་ཟེར་བ་ཡང་བརྟག་པར་བྱ་སྟེ།རིགས་ངོར་ནི་སྐྱེ་བ་ཙམ་ཡང་དགག་པར་བྱ་བ་ཡིན་ཏེ་ཞེས་སྐྱེ་བ་ཡང་རིགས་པ་དེས་འགོག་པ་གསུངས་པས་རིགས་པ་དེས་དེ་དག་འགོག་མི་འགོག་ལ་ཐལ་རང་གི་ཁྱད་པ་ཡོད་པ་མི་འཐད་དོ།།འོ་ན་རྟོག་གེ་འབར་བ་༼༣༧༥༽ལས།རྒྱུ་དང་འབྲས་བུ་འབྲེལ་བ་དག།འཇིག་རྟེན་གྲགས་པ་ཇི་ལྟ་བར།།དེ་བཞིན་དེ་ནི་འགོག་པ་མིན།།དེ་ཕྱིར་གཏན་ཚིགས་མ་གྲུབ་ཉིད།།ཅེས་སོགས་མཚོན་པས་རང་རྒྱུད་པའི་གཞུང་རྣམས་ལས་ཀུན་རྫོབ་མི་འགོག་པ་གསུངས་པ་༼རྒྱན་རང་འགྲེལ་༢༢༣བདེན་གཉིས་རང་འགྲེལ་༩༩དབུ་མ་སྣང་བ༢༠༨རྟོག་གེ་འབར་བ༢༧༥ལས་གསུངས་སོ།།༽དང་འགལ་ལོ་སྙམ་ན་མ་ཡིན་ཏེ།གཞུང་དེ་ཉིད་ཀྱི་སྔ་འགྲེལ་དུ།ཀུན་རྫོབ་ཏུ་ནི་རྒྱུ་དང་འབྲས་བུ་ཞེས་ཀུན་རྫོབ་ཏུ་མི་འགོག་གསུངས་ཤིང་།ཞི་བ་མཚོ་དབུ་མ་རྒྱན་༼༢༢༧༽ལས་ཀྱང་།རྒྱུ་དང་འབྲས་བུའི་དངོས་པོ་ནི།།ཀུན་རྫོབ་ཏུ་ནི་མ་བཟློག་པས།།ཀུན་ནས་ཉོན་མོངས་རྣམ་བྱང་སོགས།།རྣམ་པར་བཞག་པ་འཁྲུགས་པ་མེད།།ཞེས་གསུངས་པ་ནི་ཀུན་རྫོབ་ཏུའམ་སྣང་ཚུལ་ལ་མི་འགོག་པའི་དོན་ཡིན་གྱི།རིགས་པ་དེས་མི་འགོག་པའི་དོན་ནི་མ་ཡིན་ཏེ།རིགས་པ་དེ་གནས་ཚུལ་ལ་ཡོད་མེད་དཔྱོད་བྱེད་ཡིན་པས་ཀུན་རྫོབ་འདི་དག་གནས་ཚུལ་ཡོད་པ་མ་ཡིན་ན་དེ་ཡོད་པ་འགོག་དགོས་པས་སོ།།སྣང་ཚུལ་དང་གནས་ཚུལ་ལ་ཡོད་མེད་ཀྱི་འཇོག་མཚམས་ཤེས་ན་དེ་གཉིས་ཀྱི་ལྟ་བའི་གནས་ལ་ཁྱད་པ་ཡོད་པའི་དོགས་པ་མི་འབྱུང་སྟེ།སྣང་ཚུལ་ལ་ཡོད་པ་ནི་རིགས་པས་རྣམ་དཔྱད་མེད་པར་འཇུག་པའི་བློ་ངོར་ཡོད་པ་ཡིན་ལ།གནས་ཚུལ་ལ་མེད་པ་ནི་རིགས་པས་དཔྱད་ན་མེད་པའི་དོན་ཡིན་པས།ཐལ་རང་གཉིས་ཀྱིས་གནས་ཚུལ་དཔྱོད་བྱེད་ཀྱི་རིགས་པས་ཀུན་རྫོབ་འདི་དག་བཀག་པའི་སྒོ་ནས་མཐར་ཐམས་ཅད་དང་བྲལ་བའི་གནས་ལུགས་གཏན་ལ་འབེབས་པས།མཐར་ཐུག་ལྟ་བའི་གནས་ལ་ཁྱད་པར་མེད་དེ།དེ་ནི་གནས་ཚུལ་དཔྱོད་བྱེད་ཀྱི་རིགས་པས་གྲུབ་དོན་ལ་བཞག་དགོས་པའི་ཕྱིར།།དེས་ན་རང་རྒྱུད་པས་ཐ་སྙད་ཚད་གྲུབ་ཁས་བླངས་ཞེས་པའི་དོན་ཡང།བདེན་དངོས་འགོག་པ་དང་དངོས་སྨྲ་བ་དང་རྩོད་པ་བྱེད་པའི་ཚེ་སྣང་བ་འདི་དག་སྒྱུ་མ་བཞིན་དུ་སྣང་ཚུལ་ལ་ཚད་མས་གྲུབ་ན་གྲུབ་པའི་གོ་ཆོད་པ་ཙམ་འདོད་པར་བཞེད་པས་ཁོ་བོ་ནི་རང་རྒྱུད་པའི་གཞུང་རྣམས་ལ་མགོ་འཇུག་བསྒྲིགས་ནས་བལྟས་ཤིང་བལྟས་ན་ཡོངས་གྲགས་སུ་དེས་ཐ་སྙད་ཚད་གྲུབ་འདོད་པ་གསུངས་པ་ནི་བོད་མཁས་པ་རྣམས་ཀྱིས་ཕར་སྒྲོ་འདོགས་པ་ཡིན་གྱི་འཕགས་ཡུལ་གྱི་རང་རྒྱུད་པའི་གཞུང་རྣམས་ལས་འབྱུང་བ་མ་ཡིན་ནོ་ཞེས་སྨྲ་བའི་སྤོབས་པ་མ་བྱུང་ངོ་།།  ད་ནི་རྩ་བའི་ས་བཅད་གསུམ་པ་དེ་གཉིས་ཐེག་གསུམ་གྱི་རྟོགས་བྱ་གང་ཡིན་དཔྱད་པ་ལ།ཐུན་མོང་བའི་རྟོགས་བྱ་བཤད་པ།ཐུན་མོང་མིན་པའི་རྟོགས་བྱ་བཤད་པ།དེ་ཉམས་སུ་ལེན་ནས་སོ་སོའི་གོ་འཕང་ཐོབ་པར་བཤད་དེ་དོན་བསྡུ་བ་དང་གསུམ་ལས།དང་པོ་ནི།དཔལ་ལྡན་ཟླ་བས་འཇུག་འགྲེལ་༼༡༣༽ལས།ལུང་འདི་ལས་ནི་ཉན་ཐོས་དང་རང་སངས་རྒྱས་རྣམས་ལ་ཡང་ཆོས་ཐམས་ཅད་རང་བཞིན་མེད་པར་ཤེས་པ་ཡང་ཡོད་དོ་ཞེས་བྱ་བ་གསལ་བར་ངེས་ཏེ།ཞེས་གསུངས་ནི་ཉན་རང་གིས་སྤྱིར་ཆོས་ཐམས་ཅད་བདེན་མེད་རྟོགས་པར་དགོངས་ཏེ།གལ་ཏེ་མ་རྟོགས་ན་བྱང་སེམས་ས་དང་པོ་པས་རང་གི་ཡུལ་ཤེས་པའི་ཆེ་བ་ལ་གནས་པའི་སྒོ་ནས་ཀྱང་ཟིལ་གྱིས་གནོད་པ་འགྱུར་ཏེ།ཆོས་ཐམས་ཅད་བདེན་མེད་དེ་ཐེག་ཆེན་རང་གི་ཐུན་མོང་མ་མིན་པའི་ཡུལ་ཡིན་ཅིང་།དེ་ཤེས་པའི་ཆེ་བ་ལའང་གནས་ཏེ།ཆོས་ཐམས་ཅད་རང་བཞིན་མེད་པའི་ཟློག་ཕྱོགས་ཆོས་ཐམས་ཅད་རང་བཞིན་ཡོད་པ་འཛིན་པའི་འཛིན་པ་མཐའ་དག་ས་དང་པོས་སླར་མི་སྐྱེ་བའི་ཆོས་ཅན་དུ་བྱེད་པའི་ཕྱིར།ཐལ་བ་འདིར་ཁྱབ་པ་མེད་ན་ཉན་རང་གིས་ཆོས་ཕུང་རང་བཞིན་མེད་པ་ཤེས་པ་དང་བྲལ་ཡང་ས་དང་པོས་རང་གི་ཡུལ་ཤེས་པའི་ཆེ་བ་ལ་གནས་པའི་སྒོ་ནས་ཟིལ་གྱིས་གནོད་པའི་རྒྱུ་མཚན་ཡང་བསྐལ་བའི་བར་དུ་བཙལ་ཡང་མི་རྙེད་དོ།།གཞན་ཡང་ཚིག་གསལ་༼༢༢༧༽ལས།སློབ་དཔོན་ལེགས་ལྡན་འབྱེད་ནི་ཉན་ཐོས་དང་རང་སངས་རྒྱས་རྣམས་ལ་ཇི་སྐད་དུ་བཤད་པའི་སྟོང་པ་ཉིད་རྟོགས་པ་ཡོད་པར་ཁོང་དུ་མ་ཆུད་ནས།ཞེས་ཁོང་དུ་མ་ཆུད་པའི་སྟོང་ཉིད་ནི།ཇི་སྐད་བཤད་པ་སྟེ།དེ་དག་སྤྲོས་ལས་སྤྲོས་པ་ནི།།སྟོང་པ་ཉིད་ཀྱིས་འགག་པར་འགྱུར།།ཞེས་པའི་སྟོང་ཉིད་ལ་ངོས་བཟུང་ལ་དེ་ཡང་སྤྲོས་པ་དེ་བརྗོད་བྱ་བརྗོད་བྱེད་སོགས་ཀྱིས་མཚོན་པའི་ཀུན་རྫོབ་ཀྱི་ཆོས་ཐམས་ཅད་ལ་ངོས་བཟུང་ནས་དེའི་འཇུག་ཏུ།འཇིག་རྟེན་པའི་སྤྲོས་པ་དེ་ཡང་མ་ལུས་པར་སྟོང་པ་ཉིད་ཀྱིས་ཏེ།དངོས་པོ་ཐམས་ཅད་སྟོང་པ་ཉིད་དུ་ལྟ་བས་འགག་པར་འགྱུར་རོ།།ཞེས་ལེགས་ལྡན་འབྱེད་ཀྱིས་ཉན་རང་གིས་རྟོགས་པ་ཡོད་པ་ཁོང་དུ་མ་ཆུད་པའི་སྟོང་ཉིད་དེ་ཆོས་ཐམས་ཅད་རང་བཞིན་མ་གྲུབ་པའི་སྟོང་ཉིད་ལ་བཞེད་པས་སོ།།འོན་ཀྱང་ཉན་རང་ཡིན་ན་ཆོས་ཐམས་ཅད་བདེན་མེད་པའི་རྟོགས་པའི་ངེས་པ་ནི་མེད་དེ།དཔལ་ལྡན་ཟླ་བས་བཞི་འགྲེལ་༼༢༡༦༽དང་།འཇུག་འགྲེལ་༼༡༤༥༽དུ་འཇིག་ཚོགས་ལ་ལྟ་བ་སྤངས་ན་ཉོན་མོངས་པ་ཀུན་སྤོང་བ་གསུངས་པས་དེ་སྤོང་བ་ལ་གང་ཟག་བདག་མེད་རྟོགས་དགོས་ལ་དེ་རྟོགས་པ་ལ་ཉེར་ཕུང་བདེན་མེད་ལས་གཞན་པའི་ཆོས་ཀུན་བདེན་མེད་རྟོགས་པའི་ངེས་པ་མེད་དེ།སློབ་དཔོན་ཀླུ་སྒྲུབ་ཀྱིས།རིན་ཆེན་ཕྲེང་བ་ལེའུ་དང་པོ་ལས།ཇི་སྲིད་ཕུང་པོ་འཛིན་ཡོད་པ།།ཞེས་དང་དཔལ་ལྡན་ཟླ་བས་ཀྱང་འཇུག་འགྲེལ་༼༡༤༽དུ།གང་ཟག་གི་བདག་མེད་རྟོགས་པ་མི་འགྱུར་ཏེ།བདག་ཏུ་གདགས་པའི་རྒྱུ་ཕུང་པོ་ལ་དམིགས་པའི་ཕྱིར་རོ།།ཞེས་གསུངས་པའི་ཕྱིར།དེས་ན་ཉན་རང་གིས་ཆོས་ཀུན་བདེན་མེད་རྟོགས་པས་མཐའ་དང་པོ་བཀག་པའི་ཆ་ནས་ཐེག་པ་ཆེ་ཆུང་གི་རྟོགས་བྱ་བདག་མེད་ལ་རྒྱས་བསྡུས་དང་གསལ་མི་གསལ་གྱི་ཁྱད་པར་མི་འཐད་པའི་གནད་ཀྱང་དེ་ཉིད་དོ།།ཀུན་མཁྱེན་བླ་མའི་དགོངས་པ་ཡིན་པའང་མངོན་ཏེ།ངེས་དོན་རབ་གསལ་༼༢༣༡༽ལས།སློབ་དཔོན་ཟླ་བས་ཆོས་ཀྱི་བདག་མེད་གསལ་བ་དང་།རྒྱས་པ་དང་།ཚང་བར་རྟོགས་དགོས་པར་གསུངས་པ་ནི་སྤྲོས་པའི་མཐའ་ཕྱི་མ་མཐའ་དག་བཀག་པ་ལ་དགོངས་ཏེ།གཞན་དུ་ན་ཉན་རང་གིས་རྟོགས་པའི་ཆོས་ཀྱི་བདག་མེད་དང་།ཐེག་པ་ཆེན་པོས་རྟོགས་པའི་ཆོས་ཀྱིས་བདག་མེད་ལ་གསལ་མི་གསལ་དང་།ཚང་མ་ཚང་གི་ཁྱད་པར་མེད་པར་ཐལ་བའི་ཕྱིར་རོ།།ཞེས་གསུངས་པ་ལས་ཤེས་ཏེ།གལ་ཏེ་ཉན་རང་གིས་ཆོས་ཀུན་བདེན་མེད་དུ་མ་རྟོགས་ན་མཐའ་དང་པོའི་སྟེང་ནས་དེ་དག་འཐད་པ་རིགས་པས་གྲུབ་པས་སོ།།དེས་ན་མ་རྟོགས་གསུངས་པ་དང་དེ་གཉིས་ཀྱི་ལྟ་བ་ལ་ཁྱད་ཡོད་པར་གསུངས་པ་རྣམས་ནི།ངེས་པར་དུ་རྟོགས་མི་དགོས་པ་དང་དེ་གཉིས་ཀྱི་གོ་འཕང་ཐོབ་པ་ལ་ངེས་པར་དུ་རྟོགས་དགོས་པའི་ལྟ་བའི་གནས་ལ་ཁྱད་པར་ཡོད་པ་ལ་དགོངས་སོ།།ལྟ་བའི་ཤན་འབྱེད་༼༥༠༧༽ལས།རང་རྒྱལ་གྱིས་གཟུང་བ་ཕྱི་རོལ་ཡུལ་བཏགས་པ་ཙམ་ཡང་མི་དམིགས་པ་རྟོགས་པ་གསུངས་པའི་དོན་ནི་དེ་བདེན་པ་མ་གྲུབ་པ་རྟོགས་པར་གསུངས་པའི་དོན་ཡིན་ནོ།།གལ་ཏེ་མ་ཡིན་ཏེ།འདི་དང་མགོན་པོ་བྱམས་པས་བཏགས་པ་ཙམ་ཡང་མི་དམིགས་པ་རྟོགས་པ་ལ་ཆོས་ཀྱི་བདག་མེད་རྟོགས་པའི་ཐ་སྙད་བྱེད་ཅིང་།།དེའི་ལུགས་ལ་རང་རྒྱལ་གྱིས་ཆོས་ཀྱི་བདག་མེད་རྟོགས་པར་བཞེད་པས་དེས་བཏགས་པ་ཙམ་ཡང་མི་དམིགས་པར་རྟོགས་པ་གྲུབ་བོ་སྙམ་ན།མ་ཡིན་ཏེ་དེའི་ཚེ་ན་རང་རྒྱལ་གྱིས་ཀྱང་ཆོས་ཀྱི་བདག་མེད་རྟོགས་པ་མི་བཞེད་དེ།ཡུམ་དོན་རབ་གསལ་༼༢༤༨༽ལས།འོན་ཀྱང་ཆོས་ཀྱི་བདག་མེད་རྟོགས་པའི་ཐ་སྙད་ནི་མི་བྱེད་དེ།ཆོས་ཀྱི་བདག་ངོས་འཛིན་ཚུལ་མི་འདྲ་བའི་ཕྱིར།འོ་ན་ཇི་ལྟར་ངོས་བཟུང་ཞེ་ན།བདེན་པ་གཟུང་མ་གཟུང་གང་ཡིན་ཀྱང་རུང་སྟེ།འཁོར་གསུམ་དུ་རྣམ་པར་རྟོག་པའི་བློའི་འཛིན་སྟངས་ཀྱི་གཟུང་བྱར་གྱུར་པའི་མཚན་མའི་སྤྲོས་པ་དེ་ལ་ཆོས་ཀྱི་བདག་དང་།དེ་མེད་པ་ལ་ཆོས་ཀྱི་བདག་མེད་པ་དང་ཞེས་ཆོས་བདག་ངོས་བཟུང་ནས་དེའི་འཇུག་ཐོགས་སུ།དེ་ལྟ་བུའི་ཆོས་ཀྱི་བདག་མེད་ཉན་རང་གིས་ཅུང་ཟད་ཀྱང་མ་རྟོགས་ཏེ་ཞེས་དང་།ཀླུ་སྒྲུབ་ཀྱིས་ཕུང་པོ་བདེན་མེད་དུ་རྟོགས་པ་ལ་ཆོས་ཀྱི་བདག་མེད་རྟོགས་པ་བྱས་ནས་ཉན་རང་ལ་དེ་ཡོད་པར་བཤད་པ་དང་།བྱམས་པས་མཚན་མེད་རྟོགས་པ་ལ་ཆོས་ཀྱི་བདག་མེད་རྟོགས་པར་བྱས་ནས་ཉན་རང་ལ་དེ་མེད་པར་བཤད་པའི་རྒྱུ་མཚན་ཅི་ཡིན་ཞེས་དང་།ལྟ་བའི་ཤན་འབྱེད་༼༥༠༩༽ལས་ཀྱང་།མངོན་རྟོགས་རྒྱན་གྱི་སྐབས་སུ་ཐེག་ཆེན་ཐུན་མོང་མིན་པའི་ལམ་གཙོ་བོར་འཆད་པས།སྤྲོས་བྲལ་རྟོགས་པ་ལ་ཆོས་ཀྱི་བདག་མེད་རྟོགས་པར་བྱས་ནས།དེ་ཉན་རང་ལ་མེད་པར་གསུངས་ལ་ཞེས་འཆད་པ་ལས་ཀྱང་ཤེས་སོ།། གཞན་དུ་ན་དཔལ་ལྡན་ཟླ་བས་འཁོར་གསུམ་ལ་བཏགས་པ་ཙམ་ཡང་མི་དམིགས་པ་ནི་བྱང་སེམས་ཀྱི་གནས་སྐབས་མ་ཐོབ་པ་དག་གི་ཤེས་པ་མི་ནུས་གསུངས་པ་དང་ཡང་འགལ་ཏེ།དེ་ལྟ་ན་འཁོར་གསུམ་ལ་བཏགས་པ་ཙམ་ཡང་མི་དམིགས་པ་རང་རྒྱལ་གྱིས་ཀྱང་ཤེས་པས་སོ།།གཞན་ཡང་མངོན་རྟོགས་རྒྱན་སྐབས་གཉིས་པ་ལས།གཟུང་དོན་རྟོག་པ་སྤོང་ཕྱིར་དང་།།འཛིན་པ་མི་སྤོང་ཕྱིར་དང་ནི།།རྟེན་གྱི་བསེ་རུ་ལྟ་བུའི་ལམ།།ཡང་དག་བསྡུས་པར་ཤེས་པར་བྱ།།ཞེས་དང་།ཇོ་བོ་རྗེས་ཆོས་ཀྱི་དབྱིངས་སུ་བལྟ་བའི་གླུ་༼༦༡༣༽ལས།རང་རྒྱལ་བྱང་ཆུབ་དོན་གཉེར་བ།།བཟུང་བ་རྟོག་པ་སྤངས་ཕྱིར་དང་།།འཛིན་པ་མ་སྤངས་ཕྱིར་དེས་ན།།རྟེན་གྱི་བསེ་རུ་ལྟ་བུའི་ལམ།།བསྐལ་བ་བརྒྱ་ཡི་མཐར་ཐུག་པར།།བསྒོམས་པས་བྱང་ཆུབ་རེག་པར་འགྱུར།།ཞེས་རང་རྒྱལ་གྱི་སྤང་བྱ་གཙོ་བོ་གཟུང་བ་ཆོས་ཀྱི་བདག་འཛིན་ལ་བཞེད་པས་དེའི་གཉེན་པོ་ཡང་གཟུང་བ་ཆོས་ཀྱི་བདག་མེད་མ་གཏོགས་སྒོམ་མི་དགོས་པའི་ཕྱིར།གལ་ཏེ་དེ་ལྟ་ཡིན་མོད་ཀྱི་འོན་ཀྱང་དེས་གཟུང་བ་ཆོས་ཀྱི་བདག་མེད་འཛིན་སྟངས་གཙོ་བོར་བྱས་ནས་སྒོམ་པས་གཟུང་བ་ཆོས་བཏགས་ཙམ་ཡང་མི་དམིགས་པར་རྟོགས་སོ་ཞེ་ན།ཉན་ཐོས་ཀྱིས་ཀྱང་གང་ཟག་བཏགས་ཙམ་ཡང་མི་དམིགས་པར་རྟོགས་པར་ཐལ་ལོ།།གལ་ཏེ་རང་རྒྱལ་གྱིས་གཟུང་བ་ཆོས་ལ་བཏགས་ཙམ་འཛིན་པའི་བཏགས་འཛིན་རྟོག་པ་སྤོང་དགོས་པས་དེའི་གཉེན་པོ་དེ་བཏགས་ཙམ་ཡང་མི་དམིགས་པར་རྟོགས་དགོས་སོ་སྙམ་ན།ཀུན་མཁྱེན་བླ་མས་སྦས་དོན་ཟབ་མོ་༼༢༧༣༽ལས།བཏགས་འཛིན་རྟོག་པ་ནི་བྱང་སེམས་ལམ་གྱི་ཐུན་མོང་མ་ཡིན་པའི་སྤང་བྱ་ཡིན་ཏེ།ཐེག་དམན་གྱིས་ཡུལ་ལ་བཏགས་པ་ཙམ་དུ་མངོན་པར་ཞེན་པའི་བློ་དེ་སྤོང་མི་ནུས་པའི་ཕྱིར་ཞེས་གསུངས་པ་དང་དངོས་འགལ་ལོ།།གལ་ཏེ་ཁོ་བོས་ཉན་རང་གིས་ཆོས་ཀུན་ལ་བདེན་པ་འཛིན་པའི་བདེན་འཛིན་སྤོང་མི་དགོས་ཀྱང་དེས་ཆོས་ཀུན་བདེན་མེད་དུ་རྟོགས་པ་ཞིག་ཀྱང་འདོད་པས་ཁྱེད་ཅག་ལ་ཡང་དེ་ལྟར་ཡིན་ནོ་སྙམ་ན།དེ་ནི་གཏན་མི་མཚུངས་ཏེ།ཉན་རང་གིས་ཆོས་གཅིག་གི་སྟེང་དུ་བདེན་མེད་གཏན་ལ་དབབ་པའི་ཚེ་དབང་པོ་རྣོན་པོས་བཞི་བརྒྱ་པ་རབ་བྱེད་བཅུ་གསུམ་པ་ལས།རྣམ་པར་དཔྱད་པའི་འདི་ཉིད་ཀྱིས།།བློ་མཆོག་ལྡན་པས་དྲི་ཞིམ་དང་།།མངར་དང་འཇམ་པ་ཐམས་ཅད་དག།སོ་སོར་དགག་པར་བྱ་བ་ཡིན།།ཞེས་ཆོས་གཞན་ལའང་རིགས་པ་དེ་ཁ་སྤོས་ཏེ་བདེན་མེད་དུ་བསྒོམས་པས་དེ་དག་མངོན་དུ་གྱུར་པ་སྲིད་མོད།འོན་ཀྱང་རང་རྒྱལ་གྱིས་གཟུང་བ་ཆོས་བཏགས་པ་ཙམ་ཡང་མི་དམིགས་པ་སྒྲའི་རྗེས་སུ་འབྲང་ནས་ཤེས་པ་ཙམ་ཡོད་སྲིད་ཀྱང་དེ་དང་རིགས་འདྲ་གང་ཡང་མ་བསྒོམ་པས་མངོན་སུམ་དུ་རྟོགས་པ་ནི་མི་སྲིད་དོ།།དེས་ན་མངོན་རྟོགས་རྒྱན་གྱི་སྐབས་སུ་ཉན་ཐོས་ཀྱིས་ཆོས་ཀྱིས་བདག་མེད་མ་རྟོགས་གསུངས་པ་ནི་ཉེར་ཕུང་བདེན་མེད་རྟོགས་པ་དེ་ཉིད་གང་ཟག་བདག་མེད་རྟོགས་པའི་ཡན་ལག་བྱས་ནས།ཉན་ཐོས་ལ་ཆོས་ཀྱི་བདག་མེད་རྟོགས་པ་མེད་པའི་རྣམ་བཞག་མཛད་ཅེས་ཀུན་མཁྱེན་བླ་མས་སྦས་དོན་ཟབ་མོ་༼༡༩༦༽ལས་གསུངས་པ་སྒྲ་ཇི་བཞིན་ནོ།།དེ་ཕྱིར་ཆོས་ཐམས་ཅད་བདེན་མེད་ཐེག་པ་ཆེ་ཆུང་གཉིས་ཆར་གྱིས་མངོན་སུམ་དུ་རྟོགས་པས་དེ་ཐུན་མོང་གི་རྟོགས་བྱ་སྟོང་ཉིད་དོ།།གཉིས་པ་ནི།རྩ་ཤེར་རབ་བྱེད་བཅོ་བརྒྱད་པ་ལས།བདག་གོ་ཞེས་ཀྱང་བཏགས་གྱུར་ཅིང་།།བདག་མེད་ཅེས་ཀྱང་བསྟན་པར་གྱུར།།སངས་རྒྱས་རྣམས་ཀྱིས་བདག་དང་ནི།།བདག་མེད་འགའ་མེད་ཅེས་ཀྱང་བསྟན།།ཞེས་དང་དེའི་འགྲེལ་བ་ཚིག་གསལ་༼༢༣༠༽ལས།གདུལ་བྱ་མཆོག་ཏུ་གྱུར་པ་དེ་དག་ལ་ནི་ལྷག་པར་མོས་པའི་ཁྱད་པར་ངེས་པར་བཟུང་ནས།སངས་རྒྱས་རྣམས་ཀྱིས་བདག་དག་ནི།བདག་མེད་འགའ་མེད་ཅེས་ཀྱང་བསྟན་ཏེ།ཞེས་བདག་དང་བདག་མེད་པའི་མཐའ་ཀུན་དང་བྲལ་བའི་སྟོང་ཉིད་དང་།ཉན་རང་གིས་རྫོགས་པ་དང་ཚང་བ་མ་རྟོགས་པའི་སྟོང་ཉིད་ནི་ཐེག་ཆེན་ཐུན་མོང་མིན་པའི་སྟོང་ཉིད་དེ།འཇུག་པ་ལས།སྤྲོས་དང་བཅས་པའི་སྟོང་པ་ཉིད།།བཅུ་དྲུག་བཤད་ནས་མདོར་བསྡུས་ཏེ།།སླར་ཡང་བཞིར་བཤད་དེ་དག་ནི།།ཐེག་ཆེན་དུ་ཡང་བཞེད་པ་ཡིན།།ཞེས་གསུངས་སོ།།དེས་ན་སྟོང་ཉིད་བཅུ་དྲུག་ནི།རང་བཞིན་དང་ནི་བཅོས་མིན་དང་།།ཞེས་པའི་རང་བཞིན་དང་དོན་གཅིག་པས་ཐེག་དམན་གྱིས་རྟོགས་མ་ནུས་སོ།།ཐེག་དམན་གྱི་རྟོགས་བྱ་སྟོང་ཉིད་ནི་ནང་སྟོང་པ་ཉིད་རྟོགས་པ་ལ་ཐོག་མར་དེ་གཏན་ལ་འབེབས་དགོས་པས་དེ་སོགས་ཀྱི་ཁུངས་སུ་བསྡུས་པ་ཙམ་ཡིན་གྱི་དེ་དངོས་ནི་མ་ཡིན་ཏེ།སྟོང་ཉིད་བཅུ་དྲུག་གི་ཡ་གྱལ་དུ་གྱུར་པའི་ནང་སྟོང་པ་ཉིད་སོགས་ལས་ནང་སྟོང་པ་ཉིད་སོགས་གསུངས་པ་མེད་ཅིང་།དེ་འདྲའི་ཆོས་རྣམས་ཀྱི་རང་བཞིན་སྟོང་པ་ཉིད་ནི་ཆོས་ཉིད་ལ་འཇུག་འགྲེལ་༼༡༨༨༽དུ་ངོས་བཟུང་པས་དེ་ཐེག་དམན་གྱིས་རྟོགས་པ་མི་འཐད་གོང་དུ་བཤད་ཟིན་ཏོ།།དེས་ན་སྟོང་ཉིད་བཅུ་དྲུག་ནི་ཐེག་ཆེན་ཐུན་མོང་མིན་པའི་རྟོགས་བྱ་སྟོང་ཉིད་ཡིན་པས་དེ་དག་ལས་ནང་སྟོང་པ་ཉིད་སོགས་ལ་གཉིས་སུ་དབྱེ་བ་ནི་སྒྲུབ་བྱེད་མེད་ཅིང་རྟོག་གེའི་རིགས་པས་འཐད་པར་བཅུག་པ་ཙམ་དུ་ཟད་དོ།།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*