སྨོན་ཚིག་བཀྲིས་གཡང་ཆགས།

རྩོམ་པ་པོ་མཁན་པོ་ཆོས་གྲགས་རྒྱ་མཚོ། 

རྒྱལ་བ་ཀུན་གྱི་མཁྱེན་བརྩེ་ནུས་པ་ཡི།།
ཡོན་ཏན་མ་ལུས་གཅིག་ཏུ་རྫོགས་པའི་དཔལ།།
དཔལ་ལྡན་རྫོགས་པའི་སངས་རྒྱས་པདྨ་འབྱུང་།།
མཚོ་སྐྱེས་རྒྱལ་བ་དྲན་ནོ་བརྩེ་བས་དགོངས།།

ངན་དགུའི་མུན་པ་བདོ་བའི་དུས་མཐའ་རུ།།
སྐལ་མིན་ལས་ཀྱི་འབྲས་བུས་མནར་བ་ཡི།།
སྐྱེ་འགྲོ་སྤྱི་དང་ཁྱད་པར་གངས་ཅན་པ།།
སྣོད་བཅུད་རྒུད་པའི་འཇིགས་ལས་སྐྱོབས་པར་མཛོད།།

ས་གསུམ་མ་ལུས་ཤིས་པའི་འོད་དཀར་ཅན།།
ཐུབ་བསྟན་དྲི་མེད་བཤད་དང་སྒྲུབ་པའི་དཔྱིད།།
ཀུན་གསལ་སྒེག་མོའི་མཐའ་རུ་བརྡལ་དང་ལྷན།།
རྫོགས་ལྡན་གསར་པའི་དུས་སྟོན་འཆར་བར་མཛོད།།

བསླབ་གསུམ་གཙང་མའི་རྒྱན་གྱིས་སྤུད་པ་ཡི།།
ཡོངས་རྫོགས་བསྟན་པའི་དཔལ་གྱུར་དགེ་བའི་བཤེས།།
ལེགས་མཛད་ཀུན་ནས་དགེ་བའི་དཔལ་དང་བཅས།།
ཞབས་པད་རྡོ་རྗེའི་ཆོས་སུ་བརྟན་པར་མཛོད།།

བསྟན་པའི་གཞི་མ་དགེ་འདུན་འདུས་པའི་སྡེ།།
ཐུགས་མཐུན་ཁྲིམས་གཙང་འོད་དང་མི་འབྲལ་བར།།
སྤོང་ཀློག་དམ་པའི་རྣམ་ཐར་ཟབ་མོ་ཡིས།།
འགྲོ་ཀུན་དད་པའི་པདྨོ་བཞད་པར་མཛོད།།

ཡེ་ཤེས་སྤྱན་མངའ་དམ་ཅན་རྒྱ་མཚོའི་གཙོ།།
གུར་ཞལ་ལྕམ་དྲལ་རེ་མ་ཏི་ལ་སོགས།།
རྣམ་བཞིའི་ཕྲིན་ལས་ཀུན་ལ་དབང་སྒྱུར་མཁན།།
མི་འབྲལ་རྟག་ཏུ་འགྲོགས་པའི་བཀྲིས་རྩོལ།།

འདའ་དཀའ་ཟབ་མོའི་ཕྱག་རྒྱས་བཅིངས་པ་ཡི།།
དཀར་ཕྱོགས་དགའ་བའི་ལྷ་ཀླུ་གཞི་བདག་རྣམས།།
སྔོན་གྱི་ཁས་བླངས་དམ་བཅའ་མི་གཏོང་བར།།
བསྟན་འགྲོའི་འགལ་རྐྱེན་སེལ་ལ་གཞོལ་བར་མཛོད།།

རྣལ་འབྱོར་བདག་ཀྱང་རིང་འཚོའི་དགའ་སྟོན་གྱི།།
སྣང་བ་དམ་པའི་དཔལ་ལ་སྤྱོད་བཞིན་དུ།།
ཆོས་ཀྱི་སྙིང་པོ་སེམས་མཆོག་རིན་པོ་ཆེ།།
བཅོས་མིན་རྒྱུད་ལ་སྐྱེ་བར་མཛད་དུ་གསོལ།།

དེས་མཐུས་བཟང་ངན་ལས་ཀྱིས་འབྲེལ་ཚད་ཀུན།།
འདི་བདེ་ཕྱི་སྐྱིད་ཕུན་ཚོགས་དགེ་བའི་རོས།།
ཡོངས་བཟུང་རིང་མིན་རྣམ་ཀུན་མཁྱེན་པ་ཡི།།
གོ་འཕང་མཆོག་དེར་འགོད་པའི་དགེ་ལེགས་རྩོལ།།

མདོར་ན་སྐྱེ་བའི་ཕྲེང་བ་ཐམས་ཅད་དུ།།
ཐེག་མཆོག་ཟབ་མོའི་ལམ་དང་མི་འབྲལ་ཞིང་།།
བྱང་ཆུབ་སྒྲུབ་ལ་བར་དུ་གཅོད་པ་ཡི།།
ཉེས་ཚོགས་རང་སར་ཞི་བར་མཛད་དུ་གསོལ།།

ཞེས་ཚིགས་སུ་བཅད་པ་ཕྱིན་བཅུའི་གྲངས་དང་ལྡན་པའི་སྨོན་ཚིག་འདི་བཞིན་མཚོ་སྐྱེས་རྒྱལ་བའི་ཐུགས་རྗེ་ལ་གཅིག་ཏུ་རེ་བའི་གྱི་ན་བ་མཁྱེན་གཏེར་དགྱེས་པའི་བློ་ལྡན་དུ་འབོད་པ་བདག་དྲིན་ཆེན་ཨ་མ་རྒན་མོ་དང་གཅེན་གཅུང་མིང་སྲིང་གསུམ་དང་ལྷན་གནས་མཆོག་མ་ར་ཏི་ཀར་འབྱོར་བའི་ཚེ་ཡིད་ལ་ཇི་ལྟར་སྨོན་པ་བཞིན་སྤེལ་བ་མཆོག་ཏུ་དགེ་བར་གྱུར་ཅིག་གུ །།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*