༄༅། །བོད་ཀྱི་གཏམ་དཔེ་ཕྱོགས་བསྒྲིགས། ༥

༼ ཙ ༽

       ཙ་རིའི་ལམ་མ་ཤོད།། ཙ་རིའི་གནས་ཤོད།། ཙ་རིའི་གནས་བཤད་བཏང་ན།། འགྲུལ་པ་ལམ་འགོར་བཟོས་ཡོང་།། ཙ་རི་བསྐོར་བའི་སྙན་གྲགས་མེད་པར།། དགོན་གཡག་བརྐུས་པའི་མི་ཁ།། ཙནྡན་གྱི་གུ་ཡོག ། གོས་ཆེན་གྱི་ཐབ་ཕྱིས།། ཙི་ཙི་མ་མས་གྲོས་བྱས་ཏེ།། ཞུམ་བུའི་སྐེ་ལ་གཡེར་ན་གཡོགས།། ཙི་ཙིས་ཞིམ་མིར་མཆོངས་ནས།། རང་སྲོག་རང་གིས་གཅོད་པ།། ཙི་ཙིས་རམ་པ་ཟ་བར་ཟ་ལུགས་དང་།། ཨབ་ར་ཐང་ལ་རྒྱུག་པར་རྒྱུག་ལུགས།། ཙི་ཙི་སྐུ་རྩེད་རྐྱལ་པའི་མཐིལ་ལ་གཟན།། ཙི་ཙི་ཞུམ་བུ་མེད་པའི་གུ་ཡངས།། གཙང་ཆུ་རྒྱས་དང་མ་རྒྱས་སྒོ་འགྲམ་ཡུར་བུས་ཤེས།། གཙང་ཆུ་ཐོན་རྗེས།། ཀོ་དཔོན་གྱི་ཅི་བྱེད།། གཙང་ཆུར་ཐར་ནས་མེད་པར།། ཡུར་ཆུར་མི་ཐར་བ་མེད།། གཙང་མའི་ཆུ་འགོ་སྲིད་པའི་གངས་ལ་ཐུག ། གཙབ་གདན་རྡོ་ལ་བྱས་ན།། སྐུ་གྱོང་ལྕགས་ལ་ཕོག ། བཙག་དང་བསྡེབས་ན་དམར།། རམ་དང་བསྡེབས་ན་སྔོ།། བཙན་པོས་ངོ་ལ་བལྟ།། ཕྲུག་པོས་རྒྱུ་ལ་བལྟ།། བཙན་པོ་ལ་རྒྱ་མ་ཤོར་བ་དང་།། སྙོམས་ཆུང་སྒོ་རྒྱབ་ཏུ་མ་ལུས་པ།། བཙན་པོའི་གཉར་གནོན་དང་།། ཉམ་ཆུང་གི་ཕ་མ།། བཙན་ཤེད་ཚོད་མེད་དང་།། རྡོ་ཐོག་ཕུར་འཛུགས།། བཙོག་པ་རྐུབ་ཁར་སླེབས་དུས།། མི་གཏམ་རྣ་བར་མི་ཡོང་།། བཙོག་པ་གཏང་སར་མེ་མདའ་ལུས།། བཙོངས་པ་བརླགས་པ་ཡིན།། ཉོས་པ་རྙེད་པ་ཡིན།། བཙོ་བ་ཐམས་ཅད་ཤ་མིན།། བཤད་པ་ཐམས་ཅད་བདེན་པ་མིན།། རྩ་བ་སྨན་ཡིན་ན།། ཡལ་ག་དུག་ཡིན་མི་སྲིད།། རྩ་ཚིག་རིན་པོ་ཆེ་བར་སྒོ་ཀཎིར་བཞུགས།། ཨོ་ལོས་གཙང་སྟོད་ཕྱོགས་ལ་གྲོ་ཡོས་བརྔོ།། རྩྭ་ཁ་མཐོ་ལ་ཆུ་ཁ་དམའ།། མཛོ་རྒན་སྡོད་པའི་གནས་མ་ཡིན།། རྩྭ་སྔོན་སྤང་གི་རྒྱན།། ཡོན་ཏན་མི་ཡི་རྒྱན།། རྩྭ་བཟང་ལ་རི་དྭགས་དང་།། ཆུ་བཟང་ལ་ཁྲུང་ཁྲུང་།། རྩྭ་ངན་ལ་རྫོགས་དུས་མེད།། མི་ངན་ལ་ཤི་དུས་མེད།། རྩྭ་རལ་པ་ཅན་ལ་འགྲོ་འགྲོ།། ཟ་རལ་པ་ཅན་ལ་འགྲོ་ས་མེད།། རྩྭ་ཉི་ནས་བཟས།། ལྕི་བ་སྲིབ་ཏུ་བཏང་།། རྩྭ་སྤང་རི་ནས་བཟས།། ལྕི་བ་རྫ་རི་ལ་བཏང་།། རྩམ་པ་འགམ་རྒྱུ་དང་།། གླིང་བུ་གཏོང་རྒྱུ།། རྩམ་འདྲེས་མར་ཁུ་དང་།། མར་འདྲེས་དྲི་ངན།། རྩམ་པ་རང་གིས་བཟས།། ལག་པ་གཞན་ལ་ཕྱིས།། རྩམ་པ་ཐང་ཁུག་གང་ལ།། གེགས་བར་ཐང་ཁུག་གང་།། རྩམ་པའི་ཁག་ཐེག་རྡུལ་གྱིས་བྱས།། ལྷགས་པས་ཁྱེར་ན་འཁྱེར་མཉམ་མེད།། རྩམ་པ་མེད་ན་ཚོགས་གཏོང་།། དངུལ་མེད་ན་འགྱེད་རྒྱོབ།། རྩལ་མེད་རྟ་ལ་དགའ་ན་རྐང་ལག་ཆག ། རྒྱུ་མེད་འགྲོན་ལ་དགའ་ན་སྤྲང་པོ་བཟོ།། རྩིག་ཟུར་ནས་འཛུལ་ཡང་།། རྐང་མཐིལ་ནས་ངོ་ཤེས།། རྩིད་སྐུད་ཀྱིས་གཡག་རོ་འདྲུད་པ།། རྩིད་རྐང་གཅིག་གིས་ཐག་པ་མི་ཡོང་།། མི་གཅིག་གིས་དམག་མི་འཇོན།། རྩིས་འགོ་དམ།། རྩིས་མཇུག་ལྷོད།། རྩིས་པའི་བ་བརླགས།། ཨེམ་རྗེའི་མ་གྲོངས།། རྩུབ་པོ་ཤིང་ལ་མི་འགྲོ།། འཇམ་པོ་བལ་ལ་མི་འགྲོ།། རྩེ་མོ་སྐམ་པ་མ་གཏོགས་རྩ་བ་རུལ་བ་མིན།། རྩེད་མོ་རྩེས་ནས་རྩེད་ཁག་མ་འཁྱོག་ན།། རྒྱུ་མ་པང་ཁ་ལུག་ཀྱང་བཟོས་ཐབས་མེད།། རྩོལ་བ་བྱས་ན་ནོར་ཟོག་ལྡན།། ལེ་ལོའི་རྗེས་ལ་ཡོང་རྒྱུ་མེད།། བརྩེ་གདུང་ཟབ་ལ་རྫུན་མེད་ན།། ཕ་བོང་རྡོ་ལྟར་སེམས་མི་འགྱུར།། བརྩེ་དུང་སྟོང་སྐུད་ཀྱི་མདུད་པ།། སེམས་མཐུན་དར་དཀར་གྱི་ཡུག ། བརྩོན་འགྲུས་ཆེ་དང་ལྡན་གྱུར་ན།། མཇུག་ཏུ་བྱ་བ་འགྱུབ་པར་འགྱུར།། བརྩོན་འགྲུས་ཅན་གྱིས་རྡོ་ལ་ཨི་ཁུང་འབིགས།། བརྩོན་འགྲུས་ཅན་གྱིས་ལས་ཀ་བསམ།། ལེ་ལོ་ཅན་གྱིས་བཟའ་བཏུང་བསམ།། བརྩོན་འགྲུས་དག་དང་བྲལ་གྱུར་ན།། དོན་ཆུང་ཡིན་ཀྱང་འགྲུབ་པར་དཀའ།། བརྩོན་འགྲུས་ཅན་ལ་ཤེས་བྱས་ཕྱུག ། ལེ་ལོ་ཅན་ལ་གཉིད་ཀྱིས་ཕྱུག །

༼ ཚ ༽

       ཚ་པོ་འཁྱེར་ཤོག་ཟེར་དུས་རླངས་པ་འཕྱུར་འཕྱུར།། གྲང་མོ་འཁྱེར་ཤོག་ཟེར་དུས་འཁྱག་པ་སིལ་སིལ།། ཚ་དགོས་པའི་རྨ་ཁ་མ་དབྲལ་ན།། ཟུག་གནག་པའི་ན་ཚ་དྲག་མི་ཐུབ།། ཚ་བོ་འཚར་ན་ཞང་པོའི་བདུད།། སྐྱ་ཁྲུག་འཚར་ན་མ་མིག་བརྐོ།། ཚ་བ་རི་ཐང་མཚམས་སུ་སླེབས་དུས།། ཨེམ་ཆི་ཁྲ་འདྲ་དགོས།། ཚ་ན་རོ་ཚོད་མ་ཟིན་ན།། ཉ་ན་རོ་ཉོས་ཡོང་ངོ་།། ཚག་ཟེར་མ་ཐག ། ཚིག་ཟེར་དགོས་མེད།། ཚང་མའི་བློ་སེམས་མཐུན་ན།། ས་ནག་ཡིན་ཀྱང་གསེར་ལ་གྱུར།། ཚྭ་ཡ་བལ་གྱིས་མ་དོ་ན།། བལ་དོ་ཆུ་ལ་སྦོངས།། ཚིག་གསུམ་ཤེས་པའི་དགེ་རྒན་དང་།། ལོ་གསུམ་སོང་པའི་བསླབ་རྒན་མེད།། ཚིག་རྩུབ་སྨྲ་བའི་གྲོགས་པོ་དེ།། ཤ་ཚ་སྙིང་ནས་བྱེད་པའི་རྟགས།། ཚིག་ཡར་བཤད་དཔོན་པོའི་མདུན།། མདའ་ཡར་འཕེན་བྲག་དམར་ལྡེབས།། ཚིག་ངན་བཤད་དེ་སྨད་ར་མ་གཏོང་།། རྒྱུག་པ་ཁྱེར་ཏེ་ཁྱི་མ་རྡུངས།། ཚིག་ཨ་དེ་ཡག་སྟེ་ཨོམ་དེ་ངན།། བྱ་དཀར་དར་ཡག་སྟེ་མཇུག་མ་ནག ། ཚིག་རྩ་བ་ཅན་ལ་ཉན་རྒྱུ་ཡོད།། བ་གུ་མ་ཅན་ལ་བཞོ་རྒྱུ་ཡོད།། ཚིག་ཁ་ཤོར་རྟ་ཡིས་མ་ཆོད།། མདའ་སྟོང་ཤོར་ལག་པས་མི་ཟིན།། ཚིག་སྙན་པོ་མགྲིན་པའི་ལམ་ནས་བཤད།། དོན་ནོར་བུ་རྒྱ་མཚོའི་གཏིང་ནས་ལོན།། ཚིག་རྣ་ལ་སྙན་ན་ཉར་མི་མང་།། ཟས་ཁ་ལ་ཞིམ་ན་ཟ་མི་གང་།། ཚིག་པ་ཕ་ལ་ཟས།། འགྲམ་ལྕག་བུ་ལ་གཞུས།། ཚིག་ངན་ཉུང་ཡང་མི་སེམས་དཀྲུག ། རྒྱ་ཁབ་ཆུང་ཡང་རྩེ་མོ་རྣོ།། ཚིག་ངན་སེམས་ལ་བཞག་ནས།། ཟླ་དུས་ཚེས་གྲངས་མ་རྩིས།། ཚིག་གསུམ་གྱི་ལྕེ་དར།། གོམ་གསུམ་གྱི་ཚེགས་གླ།། ཚིག་གསུམ་མ་ཞུས་པར་ལྕེ་བཅད།། གོམ་གསུམ་མ་སྤོས་པར་ཉྭ་བཞུར།། ཚིག་གིས་ཚིག་འདེད།། ཉི་མས་ཤིག་འདེད།། ཚིགས་ཐོག་ལ་ཚིགས་མ་འཁེལ་ན།། ལུག་མཇུག་སྟ་གྲིས་མི་ཆོད།། ཚུར་བཤད་གཏམ་གྱི་དོན་གོ་བ་དང་།། ཕར་བཤད་གཏམ་གྱི་སྒྲ་དག་པ་དགོས།། ཚུར་གནམ་གང་ལ་བརྩིས་པར།། ཕར་ཚེས་པ་གཅིག་ལ་བརྩི་དགོས་མེད།། ཚུར་རྟ་ཕོས་བསུས།། ཕར་མཛུབ་མོས་བསྐྱལ།། ཚེ་གང་སྐྱིད་མི་འདོད་ན།། གྲོགས་ལ་ཉིས་འཛིན་བྱེད།། ཚེ་གང་སྡུག་བསྔལ་འདོད་ན།། དཔོན་ལ་དགྲ་ཡང་ཟུངས།། ཚེ་གང་སྒྲུབ་པ་བརྒྱབ་པ།། ཞོགས་གང་གཅིག་ལ་བསྐྱལ།། ཚེ་འདི་ལས་ཕྱི་མ་ཕུག་ཐག་རིང་།། དཔོན་འདི་ལས་ཆོས་རྒྱལ་འཇིགས་སྐྲག་ཆེ།། ཚེ་འདིར་བསྐོས་པའི་ལས་ལ།། དབང་དང་བཀའ་རྒྱ་འགྲོ་ས་མེད།། ཚེ་སྟོད་ཕ་མའི་གཅེས་ཕྲུག ། ཚེ་སྨད་སྤྲང་པོ་དབྱུག་ཐོགས།། ཚེར་ཕུང་ཆུང་ཡང་བདག་པོ་ཀླུ།། ཨ་ཙ་ར་མདོག་ངན་ཡང་རྒྱ་གར་གྱི་མི།། ཚེར་མ་རྣོ་ཡང་།། བྲག་རི་འབིགས་མི་ཐུབ།། ཚེར་ཕུང་ལ་བསྐོར་ནས།། རི་བོང་ལ་འཇབ་རྡོ།། ཚེས་བཅུའི་དུས་མཆོད་གཏོང་རེས།། ལོ་གསར་མགྲོན་པོ་འབོད་རེས།། ཚེས་བཅུ་རེ་ལ་ར་རེ་བསད།། ཟངས་མདོག་དཔལ་རི་ར་རོས་བརྒྱངས།། ཚོགས་གཏམ་ཚོགས་ཀྱི་དཀྱིལ་དུ་བཏང་།། གོ་བ་རང་རང་སོ་སོས་ལོངས།། ཚོགས་ཆང་མེད་ན་ཚོགས་འཁོར་ཇི་ལྟར་སྐོར།། ཚོགས་གདན་འོག་ནས་སྒྲིལ་དང་མཇུག་ནས་སྒྲིལ།། ཚོང་ལ་ཚོད་མེད་མཐའ་མ་ཕམ་པའི་རྟགས།། ཁ་ལ་ཚོད་མེད་རྐུབ་ལ་ཉོ་བའི་རྟགས།། ཚོང་བྲིན་སར་རྒྱོབ།། གྲོས་འགྲིགས་སར་གཅོད།། ཚོང་པའི་སྐད་ཆ་ཚོང་པས་བདམས།། ཚོང་ཁ་ཆད་བྱེད་དུས་ངོ་ཚ་མེད།། ཚོང་པས་བསམ་རྒྱུ་ཁེ་བཟང་།། ཞུམ་བུས་བསམ་རྒྱུ་ཙི་ཙི།། ཚོང་པས་ཁེ་བཟང་ཟ་དུས།། ཨ་མ་ཤི་བའི་གདོང་བསྟན།། ཚོང་ཉེས་པའི་རྩ་བ་གནས་པོ།། ཞིང་ཉེས་པའི་རྩ་བ་རམ་པ།། ཚོང་ཉེས་ལྷ་སའི་ཁྲོམ་ལ་བརྒྱབ།། འགྱོད་པ་བྱང་ཐང་སྟོང་པར་སྐྱེས།། ཚོང་ཉེས་ཡོང་འདོད་ན།། མི་རྒྱག་ཁ་ལ་མེད།། ཚོང་པས་དྲང་པོ་མི་ཤོད།། རྐུན་པོས་ཕངས་སེམས་མི་བྱེད།། ཚོང་པའི་སྐར་མ་གནམ་ལ་བལྟས་ན།། ཇག་པའི་སྐར་མ་ས་ལ་བལྟ།། ཚོང་དུས་གཅིག་ལ་སྡེ་ཐང་གཉིས།། ཚོང་པ་སྦག་པ་གཉིས་ལ་ཡིད་ཆེས་མེད།། ཚོང་པ་ངོ་མ་ཚ་ན་བོང་བུ་བཙོས་ནས་བཟས་ཀྱང་བཟས།། ཚོང་པ་སྡོད་འདོད་དང་།། བོང་བུ་ཉལ་འདོད།། ཚོད་མེད་པོ་ལ་གྲོས་མ་འདྲི།། ཁ་མང་པོ་ལ་སྙིང་གཏམ་མ་ཤོད།། མཚལ་རང་ལ་བཞག ། བཙག་མི་ལ་རེ།། འཚོ་བ་དྲག་ཞན་ཡོད་ཀྱང་།། སྐྱིད་སྡུག་བསམ་པའི་ཁྱེར་སོ།། མཚོ་མོ་བསྐམས་ན་ཉ་མོ་ལས་ཀྱིས་སྐེམ།། ལུང་པ་དབུལ་ན་རྒྱལ་པོ་ལས་ཀྱིས་དབུལ།། མཚོན་ཡུ་མེད་དབྱུགས་ནས་ཆོད་ལུགས་མེད།། གཏམ་ཁུངས་མེད་བཤད་ནས་བདེན་ལུགས་མེད།། མཚན་མོ་སྐད་ཆ་མ་ཤོད།། ཨི་ཁུང་ཚང་མ་ཨམ་ཅོག་ཡིན།། མཚན་མོའི་འགྲུལ་ལ་སྔ་ཕྱི་མེད།།

༼ ཛ ༽

       རྫ་ལ་མགོ་སྐོར།། སྤང་ལ་ཕོག་ཐུག ། རྫ་ཁྱེར་ནས་རྡོ་ཉོས་པ།། རྫ་དང་སྣོད་ཆས་གཅོག་དོགས་ཀྱིས།། བྱི་བར་ལག་རྡོ་འཕེན་རྒྱུ་སྤོངས།། རྫ་མ་བསམས་ནས་ཙི་གུ་ཤོར།། རྫ་ཁོག་ཆག་ན་སྤྱི་གྱོང་།། ཕོར་པ་ཆག་ན་སྒེར་གྱོང་།། རྫ་ཁོག་ཆག་པས་ཡག་སོང་།། ཁྲོ་ཟངས་ལག་ཏུ་ཐེབས་བྱུང་།། རྫ་མ་རྦབ་ལ་རིལ་ན།། ལྷུ་ལག་ག་ནས་ཚང་།། རྫ་མས་རྫ་མ་བཅག ། རྫ་ཆག་ངོ་མི་ཤེས།། རྫ་མ་གང་ལ་ཚོས་ལོང་།། གཞོང་པ་གང་ལ་གྲང་ལོང་།། རྫ་མའི་ནང་གི་ཙི་ཙི།། རྙོབ་པ་ཙམ་གྱིས་འཛིན་ཐུབ།། མཛུབ་མོ་ལྔ་ལ་ཡང་རིང་ཐུང་ཡོད།། མཛུབ་མོ་ལྔ་པོ་སྤུན་རེད།། ལག་པའི་ཕྱི་ནང་ཤ་རེད།། མཛུབ་མོའི་ཚིག་པ་ནང་ལ་བ་ཀུག ། མཛེས་འདོད་གདོང་པོ་འོ་འཁྲུས་བྱས་ཀྱང་།། མི་མཛེས་ལིང་ཏོག་ངོ་ལ་སྐྱེས།། མཛོ་རྒན་སྟོབས་ཤུགས་མེད་ཀྱང་ལམ་རྒྱུས་ཤེས།། མཛོ་ཕོ་ཐད་ཀར་ཕྱིན་ཀྱང་།། གཤོལ་རིས་འཁྱོག་པོར་སྡོད།། མཛོ་འགྲོ་བ་མ་མཐོང་།། ཤིག་འགྲོ་བ་མཐོང་།། མཛོ་རྒན་ལ་རྨོན་པ་དང་།། རྟ་རྒན་ལ་འགྲོས་སློབ་མི་དགོས།། མཛོག་མགོ་རིང་ཕུ་དུང་ཐུང་།། འཛིངས་ན་ཡག་པོ་མི་ཡོང་།། སློང་ན་ཞིམ་པོ་མི་ཡོང་།། འཛུགས་དུས་མེ་ཏོག་བཙུགས།། སྐྱེ་དུས་ཚེར་མ་སྐྱེས།། འཛོམས་ན་སྐྱིད་འཁྱོག་པ་གྱིས།། ཕོངས་ན་སྡུག་འཁྱོག་པ་གྱིས།།

༼ ཝ ༽

       ཝ་མོ་སྡར་མས་གངས་སྟེང་སེང་གེར་འགྲན།། ནས་གཟན་བྱེའུས་ནམ་འཕང་རྒོད་པོར་འགྲན།། ཝ་མོས་མཇུག་མ་མ་གཡུགས་ན།། ཤ་ཁྱི་རྣ་ཅོག་ཀྲོང་དོན་མེད།། ཝ་སྐྱེས་གསོད་པ་པགས་པའི་སླད།། དོན་མཐུན་བཅོམ་པ་ནོར་གྱི་དོན།། ཝ་ཕྲུག་ཐང་ནས་ཐང་ལ་ཟག་རྒྱུ་མེད།། རྒོད་ཕྲུག་གཡང་ནས་ཟག་པ་སྙིང་རེ་རྗེ།། ཝ་མི་བརྒྱལ་ཀ་མེད་འདྲེའི་འགྲམ་ལྕག ། རྟ་མི་འགྲོ་ཀ་མེད་ཁྲམ་པའི་ལོང་ལྕག ། ཝ་འདོགས་སྤྱང་འདྲོགས་བོང་བུ་འདྲོགས།། འོག་ཁང་ནང་གི་ཕ་རྒན་འདྲོགས།། ཝ་ལས་རྫི་རྣོ་བ་དང་།། སྤྱང་ཀི་ལས་འདུར་སྐྱེན་པ།། ཝ་ཞྭ་གོན་དང་ཁྱི་རྟ་འཁྲིད།། ཝ་འགྲོ་འགྲོ་མང་ན་ཝ་ལྤགས་རྐང་ལ་བཤུ།། ས་ཤི་ཡང་གྲ་མ་ཉམས་པ།། ཕ་མེད་ཀྱང་གཉའ་མི་ཆག ། ཝ་སྐྱེས་རྒྱལ་པོ་ཝ་ལ་ལྡང་།། ཝ་མོ་འགྲོ་རྒྱ་རྒོད་ན།། རྔོན་པའི་རྙི་ལ་ཐེབས།། ཝ་མོ་གཡོ་སྒྱུ་ཆེ་ཡང་།། རྔོན་པའི་རྙི་ལས་མི་ཐར།། ཝ་ཡི་གྲ་ལོ་འགྱུར་ཀྱང་།། ཝ་ཡི་སྤྱོད་པ་མི་འགྱུར།། ཝ་དར་མས་སེང་གེ་ལ་འགྲན་པ།། ཝ་རྔ་མ་ཤེ་ལེ་བྲོས་པ་ལས།། སྟག་འཛོམས་དྲུག་ཉིལ་ལེ་ཤི་ན་དགའ།། ཝ་ལས་གཡོ་ཆེ་བ།། འདྲེ་ལས་གནོད་འཁྱོལ་བ།། ཝ་མོ་ཆུ་ར་བཟི་ནས།། ཡུལ་གྱི་ལྷ་ཀླུ་དཀྲུག ། ཝ་མོ་ཆུ་ར་བཟི་བ་དེ།། གྲ་ལོ་མི་ལག་སྐྱེལ་བའི་རྟགས།།

༼ བོད་ལྗོངས་རིག་གནས་དྲ་བ་ལས་བཏུས།   རྩོམ་སྒྲིག་པ། དཀོན་མཚོག་དར་རྒྱས། ༽

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*