༄༅། །བོད་ཀྱི་གཏམ་དཔེ་ཕྱོགས་བསྒྲིགས། ༤

པ ༽

       པ་ཕ་ཆང་གིས་བཟི་བའི་བློ་ཤེད་དེ།། ནམ་ཞག་རྒྱུན་དུ་ཡོད་ན་དགའ་བ་ལ།། པ་ཕས་གར་ཕྱིན་དང་།། དཔའ་དམ་གར་གཡུག ། སྤང་སྤྲུག་ཡོད་ནས་གོན་པ་ཡིན།། རྩམ་པ་མེད་ནས་སློང་བ་ཡིན།། པད་འཛོམས་རྟག་པར་ངུ་བར།། རྣམ་རྟོག་ག་རེ་ཟ་བ།། པད་འཛོམས་འུ་ལག་ཤག་ཤག་རེད།། སླེ་པོ་ཁ་རལ་ཤག་ཤག་རེད།། པད་མ་མེ་ཏོག་མཛེས་ཀྱང་།། ལོ་མ་སྔོན་པོས་རྒྱན་དགོས།། པི་ཝང་མི་ཤེས་ངུ་མཁན་འདྲ།། རྒྱ་གླིང་མི་ཤེས་བགད་མཁན་འདྲ།། པུ་ཤུད་སང་འགྲོ་གནངས་འགྲོ།། གྱང་གོག་སང་འགྱེལ་གནངས་འགྱེལ།། པུས་མོ་མར་བསྟན།། ཅོག་ཙེ་ཡར་བསྟན།། པུས་མོས་སྒོ་བརྡུངས།། བྱིས་པས་ཁྱི་བཀག ། དཔག་ཚད་བརྒྱ་སྟོང་གི་ལམ་ནས་ས་ཞིག་འདོམ་འཇལ་དང་།། གནམ་སྔོན་པོ་ཚད་བཙུགས་ལྷགས།། དཔག་བསམ་ཤིང་ལ་འཛེག་རྒྱུ་བྱུང་ན།། གོས་ཆེན་པགས་ཚག་རལ་ཀྱང་རལ།། དཔའ་རྩལ་གྱིས་དགྲ་མགོ་མནོན།། བློ་རྩལ་གྱིས་རང་ཇུས་ཟུངས།། དཔའ་དུས་དཔོན་ལ་ཡ་བོ་བཟུང་།། སྡར་དུས་ཁྱི་ལ་ཕྱག་འབུལ་ཞུས།། དཔའ་མའི་གདོང་མཐོང་ན།། སྡར་མའི་ཇུས་ལུག ། དཔེ་དོན་གའུ་ཁ་སྦྱོར་དགོས།། ཞྭ་དཔེ་ལྷམ་འགེབ་འགྲིག་ཐབས་མེད།། དཔེ་རེ་བཤད་ན་དོན་རེ་ཡོད།། དཔེ་དོན་གལ་ཏེ་མགོ་འབྲེལ་ཡིན།། དཔེ་དོན་གལ་ཏེ་མགོ་སྦྲེལ།། ཁ་དང་ལག་ལེན་ཟུང་སྦྲེལ།། དཔེ་རྒྱ་གར་དུ་འགྲོ་མ་དགོས་པར།། དོན་སྒོ་རྒྱབ་ཏུ་གསལ་བ།། དཔོན་པོ་ཁྲིམས་ཐོག་ནས་སངས་རྒྱས།། ཁྲལ་པ་ཁྲལ་འོག་ནས་སངས་རྒྱས།། དཔེ་མེད་ཀྱི་མཆོད་རྟེན་ལ།། ལུང་མེད་ཀྱི་རབ་གནས།། དཔེ་མ་སྲིད་ན་དོན་མི་སྒྲུབ།། དཔེ་སྲིད་པའི་དབྱངས་ཅན་སྒྲོལ་དཀར་ལགས།། སྤུ་མེད་པར་གྲ་མག་སྦྱར་དོགས་མེད།། དཔོན་པོ་ཁྱི་རུ་གྱུར་ཀྱང་ཁྱི་མཇུག་མགོ།། དཔོན་པོའི་ཞལ་དེ་གླ་ལྤགས་འདྲ།། གང་ནས་འཐེན་ཡང་འཐེན་འཐེན་ཡིན།། དཔོན་པོའི་འགྲམ་དུ་མ་སླེབས་གོང་།། གཡོག་པོས་བཤད་བཤད་གཏོང་ཚད་ཚད།། དཔོན་པོ་གཞུང་དྲང་ཡང་།། ཁྱིམ་དོན་བྱེད་པ་དཀའ།། དཔོན་པོའི་ཁ་ཡི་བཙན་གཏམ།། གཞུ་མཆོག་དཀར་སྟོང་གི་མདའ་མོ།། དཔོན་ངར་ངར་ཁོག་ལ་མི་གཤོང་།། མཚོན་རྣོན་པོ་ཤུབས་ནས་མི་ཐོན།། དཔོན་པོས་དྲང་པོ་མི་ཤོད།། རྐུན་པོས་ལམ་དུ་མི་འགྲོ།། དཔོན་བཀའ་བཙན་ན་འབངས་བློ་མི་ཁུག ། མདའ་བརྒྱབ་དྲགས་ན་བྱ་རི་དྭགས་འདྲོག ། དཔོན་པོའི་སྤྱན་དུ་མ་ཕྱིན་ན།། གང་བྱས་སྐྱོན་དུ་འགྱུར།། དཔོན་རབ་ཅིག་བྱེད་ན།། གཡོག་རབ་ཅིག་བྱེད་དགོས།། དཔོན་ཕྱག་མདའ་གནང་ཆོག་སར།། གཡོག་ཕུ་ཐུང་འབུད་མི་ཆོག་པ་མེད།། དཔོན་མངའ་ཐང་ཆེ་ན།། གཡོག་སྡུག་ཐང་ཆེ།། དཔོན་མ་འདོད་གཡོག་གླ་བསྐུར་ནས་གཏོང་།། གཡོག་མ་འདོད་གཡོག་གླ་བསྒྱུར་ནས་འགྲོ།། དཔོན་པོ་ཡོད་ཚད་ལ་ཕྱག་འབུལ་ཞུ་དགོས་ན།། རྒྱ་ནག་རྒྱལ་པོ་ཕེབས་དུས་མགོ་ལྤགས་བཤུ་དགོས་ཨེ་རེད།། དཔོན་ལ་དགོས་པ་དུས་གཅིག ། གཡོག་ལ་དགོས་པ་ཚེ་གང་།། དཔོན་ཕྱི་བལྟས་བསློགས་པ་དང་།། གཡོག་སྐེད་གཟེར་བྱེད་པ་དུས་མཚུངས།། དཔོན་རྣ་བ་མ་སྲབ་ཞིབ་ཏུ་བརྟག ། གཡོག་ཞུ་ཞུ་མ་མང་རང་ཚུགས་ཟུངས།། དཔོན་དང་འདྲ་བའི་གཏམ་ཡོད་ཀྱང་།། དཔོན་དང་འདྲ་བའི་དབང་མེད།། དཔོན་ལ་མི་སྐྲག་དབང་ལ་སྐྲག ། དཔྱིད་ཀ་ཐལ་རླུང་འཚུབ་འཚུབ་མ་བྱས་ན།། སྟོན་ཀ་སྣུམ་ཞག་ཚིལ་ཚིལ་ཡོང་དོན་མེད།། དཔོན་ཚོད་དཔོན་དང་ཕྱག་ཚན་ཕྲེང་བ།། དཔོན་མོས་ཅི་བྱེད་མི་ཤེས་དུས།། གཡོག་མོས་ལག་མགོ་འདྲུད།། དཔོན་ཆེན་བཀའ་ལ་ཡར་ལྡོག་དང་།། རི་གཟར་རྦབ་ལ་གྱེན་ལྡོག་མེད།། དཔོན་ཆེན་པོའི་བཀའ་ཁྲིམས་དེ།། མེས་པོ་ཚངས་པའི་ཐིག་ཤིང་ལྟར་དགོས།། དཔོན་པོ་དགྲ་ལ་ལངས་ན་བྲོས་རྩིས་དང་།། བྱ་སྲིན་ཐོག་ཁར་བབས་ན་སྡུག་རྟགས།། དཔོན་ལྷ་རྒྱལ་རི།། མི་སེར་སྡུག་རྒྱལ་རི།། དཔོན་ལ་ཞུ་དགོས་དང་།། གཡོག་ལ་རེ་དགོས་མ་གཏོང་།། དཔོན་སྐུ་དབང་བཙན་ཀྱང་།། ཆབ་གཅིག་གཏོང་དབང་ཡོད།། དཔོན་ཆེན་པོའི་དབུ་འཕང་སྡེ་ཡིས་བསྟོད།། སྡེ་མེད་ན་དཔོན་ཕྲན་འདྲ་འདྲ་རེད།། དཔོན་བཅོལ་དུས་སུ་རང་ཐག་གཅོད་དགོས་པ་ཡིན།། སྤྱི་ཚིག་བགྱིས།། དཔོན་ཐར་ས་ལ་གཡོག་དང་།། རྟ་ཐར་ས་ལ་སྒ་ཐར་དགོས།། དཔྱིད་འབྲུ་རྡོག་སྒྲུག་མཁན་ལྟོགས་རམ་པ།། སྟོན་སྙེ་རྡོག་ལ་གོམས་མཁན་ཧང་རམ་པ།། དཔྱིད་ཀའི་ཆབ་རོང་དང་།། སྟོན་ཀའི་ན་བུན།། དཔྱིད་ཉ་རྒྱལ་པོར་མ་རག ། སྟོན་ཉ་ཁྱི་ཡིས་མི་ཟ།། དཔྱིད་མེ་ཏོག་ཤར་བ་དགོས།། སྟོན་འབྲས་བུ་འདོགས་པ་དགོས།། དཔྱིད་གསུམ་ས་བོན་མ་བཏབ་ན།། སྟོན་གསུམ་འབྲུ་དྲུག་ག་ནས་ཡོང་།། དཔྱིད་འདེབས་ཉིན་གཅིག་ཕྱིས་ན།། སྟོན་བསྡུ་ཉིན་བཅུ་འགྱངས།། དཔྱིད་དུས་མེ་ཏོག་མ་བཞད་ན།། སྟོན་དུས་འབྲས་བུ་ག་ལ་ཡོད།། དཔྱིད་ཉི་རིང་པོ་དྲོ་གསུམ་གྲང་གསུམ།། མི་ཚེ་རིང་པོ་སྐྱིད་གསུམ་སྡུག་གསུམ།། དཔྲལ་བར་མཛུབ་ལྕག་ཐེབས་པ་དཀའ།། ལྟག་ཁུང་སྟ་གྲིས་ཆོད་པ་དཀའ།། དཔྲལ་བའི་མིག་དང་ཁོག་པའི་སྙིང་།། སྤགས་ཤ་འདྲ་བ་བཟས་ན།། མི་ཉ་འདྲ་བ་ཞིག་ཆགས།། སྤང་སྐྱ་ཐག་ཆོད་ཀྱང་།། རི་བོང་སྔོ་དྲི་མ་སངས།། སྤང་གཤོངས་ནོར་གྱིས་ཁེངས་པའི་སྐད་གྲགས་མེད་ཀྱང་།། བ་ལ་མགོ་ཐག་བརྒྱབས་ནས་ཞོགས་ཇ་སྣུམ་ཞག་ཚིལ་ཚིལ།། སྤང་དང་མེ་ཏོག་ཆབས་ཅིག །། ཁྱིམ་དང་བུ་ལོན་ཆབས་ཅིག ། སྤྱན་རྒྱ་ཆེ་ན།། སྡུག་རྒྱ་ཆེ།། སྤེན་གཡང་ཁྲོས་ན་མཐོ་གང་།། ཟླ་གཡང་ཁྲོས་ན་འདོམ་གང་།། སྤོ་བོས་བཤད་ན་སྤོ་བོ་བདེན།། རྨོ་བོས་བཤད་ན་རྨོ་བོ་བདེན།། སྤོ་བོ་ལ་བི་སའི་རྣམ་ཐར།། ནས་ལ་སྦང་མའི་ཁ་ཏ།། སྤོས་རྡུང་ལ་བཅར།། གཡག་རྡུང་ལ་གཡོལ།། སྤོས་དང་ཆབ་དོག་དམའ་སར་ཞོག ། སྤྱང་ཀི་ཤ་ཟན་རི་ལ་བྲོས།། ཝ་མོ་ཆུ་འཐུང་རྙི་ལ་ཐེབས།། སྤྱང་ཀི་མང་དྲགས།། ཤ་ཉུང་དྲགས།། སྤྱང་ཀི་ཤ་ཁྱེར་ལུང་པའི་ཕུ།། སྤྲང་པོ་གཏམ་ཁྱེར་ལུང་པའི་མདའ།། སྤྱང་ཕྲུག་གསོས་ནས་སྒོ་ཁྱི་མི་ཉན།། སྤྲང་ཕྲུག་གསོས་ནས་བདག་པོ་མི་ཡོང་།། སྤྱང་ཀིའི་ཁ་ནས་ཁྲག་ཐིགས་མི་རྒྱག ། ཁྲམ་པའི་ཁ་ནས་བདེན་ཚིག་མི་ཐོན།། སྤྱང་ཕོ་ཐང་སྒང་ཟེར་འགྲིམ་དུས་སུ།། སྔ་བལྟས་ཤིག་དང་ཕྱི་བལྟས་ཤིག ། རྒོད་ཐང་དཀར་ནམ་འཕང་སྤྱོད་དུས་སུ།། སྟེང་བལྟས་ཤིག་དང་འོག་བལྟས་ཤིག ། སྤྱང་ཀི་ཚེ་ཐར་མ་གཏོང་།། རྐུན་མ་ཐར་པར་མ་གཏོང་།། སྤྱང་ཀིས་འགྲངས་ངུ་ལྟོགས་ངུ་།། སྤྱང་ཀིས་ཤ་ཟ།། རྐུན་མས་མནའ་ཟ།། སྤྱང་ཀི་ཤ་གཟན་ལུག་ཁྱུར་མི་འདྲེས།། སྤྱང་རྡོ་ཕོག་གིས་མ་ཤི་སེམས་སྡུག་གིས་ཤི།། སྤྱང་བཤད་གཏོང་དུས་སྤྱང་ཀི་སླེབས།། སྤྱན་མིག་གནམ་མཁར་གཟིགས་དྲགས་ན།། དབུ་ཞྭ་ས་ལ་གཟག་ཡོང་།། སྤྱང་ལུག་བརྒྱ་བཟས་ན་འཆི་ལྟས།། མདའ་ཟེར་མ་ལངས་ན་ཆག་ལྟས།། སྤྱང་ཕྲུག་ཆུང་དུས་བསད་ན།། བརྒྱ་ལུག་ལྷས་ནས་སྟོང་ཉེན་ཡོད།། སྤྱང་ཀི་ལ་ཀི་དང་།། ལུག་རྫི་ལ་བརྡ་སྤྲོད།། སྤྱང་ཀི་ལག་དཀར་ནག་དང་།། རྔ་མ་ལ་སྦོམ་ཕྲ་མེད།། སྤྱང་མོ་ཁོག་གནོང་མེད་ན་རི་ཟུར་འགྲིམ་དོན་མེད།། ཤྭ་ཕོ་ཚེར་སྣང་མེད་ན་རྫ་རྩེ་འགྲིམ་དོན་མེད།། སྤྱང་ཀིའི་ཁ་ནས་ལུག་རོ་མི་ཐོབ།། སྤྱང་ཀི་རྟ་གཟན་ལུག་རོས་མི་འགྲང་།། སྤྱང་པོའི་འཁུར་བླངས།། ལྐུགས་པའི་རྟགས་བསྟན།། སྤྱི་ཟས་ལ་སྒེར་ཚྭ་དང་།། སྤྱི་ནོར་ལ་སྒེར་སྤྱོད།། སྤྱི་གྱོད་སྒེར་ལ་ལྷུང་བ།། སྤྱི་ཟོག་གསེར་གྱི་མཆོད་རྟེན།། སྤྱོད་པ་བཟང་ངན་བྱ་བས་མཐོང་།། གྲང་ངར་ཆེ་ཆུང་ཆུ་ནས་ཤེས།། སྤྱོད་ཤེས་ན་དུག་ཀྱང་སྨན་དུ་གྱུར།། སྤྲང་པོ་བརྒྱགས་ནི་མི་ཤི།། སྤྱང་ཕྲུག་ལྟོགས་ནི་མི་ཤི།། སྤྲང་པོ་ཟ་ལ་མི་འཆམ་པ།། སྤྲང་པོ་ཟ་ལ་མི་འཆམ་པ།། སྤྲང་པོ་ནང་ལ་བཞག ། དགེ་བ་ཕྱི་ལ་བཏང་།། སྤྲང་པོའི་ལག་པར་ཡང་མར་ཟན་འཁོར་ཡོང་།། སྤྲང་པོའི་རྒྱུག་པ་ལའང་མགོ་མཇུག་ཡོད།། སྤྲང་པོའི་སྒོ་ཁར་ར་བཏགས་ན།། ས་བདག་གཉིད་མ་ཁུག ། སྤྲིན་ནག་ཕག་གི་སེར་བ་དེས།། འབྲསསྙེ་བུར་ལ་གཏོང་བ་ཡིན།། སྤྲེའུ་ལ་ངོམ་རྒྱུ་རྐུབ།། སྤྲེའུ་བྱེད་བྱེད་མང་ན་སྤྲང་པོའི་ལག་ཏུ་ཐེབས།། སྤྲེའུ་ཁ་ནས་ཁམ་བུ་གཟག་གི་མ་རེད།། སྤྲེའུས་འཁྲབ་པ་ལས།། སེང་གེས་འགྱིངས་པ་དགའ།། སྤྲེའུས་གངས་རི་མ་མཐོང་བར།། མར་དཀྲོག་གིས་མིག་འཕྱིད།། སྤྲེའུས་བརྒྱབ་པའི་མདུད་པ།། སྤྲེའུ་བཀྲོལ་དུ་ཆུག ། སྤྲོ་ཐུང་བ་ལ་ཀུ་རེ་མ་བྱེད།། མི་ཐུབ་པ་ལ་དོ་མ་སྡོ།། སྤྲེལ་ལད་ལྕེ་བདེའི་འགྲོ་རྒྱུག་མ་ཤེས་ན།། དྲང་པོས་ས་ལམ་བགྲོད་པ་ཉིན་སྐར་ཙམ།།

༼ ཕ ༽

       ཕ་མ་སྤུན་མཆེད་ཟེར་བ་དེ།། དཀྱིལ་འཁོར་གཅིག་གི་ལྷ་ཚོགས་ཡིན།། ཕ་མ་བཟང་པོའི་བུ་ཚ།། དགེ་རྒན་དང་དགེ་ཕྲུག ། ཕ་གཏམ་བུ་ལ་འཇགས།། ཕ་ཤུལ་བུས་འཛིན།། ཕ་རྩེ་བུ་རབས།། མདའ་རྩེ་སྒྲོ་རབས།། ཕ་མ་དང་ཕྲུ་གུ།། དགེ་རྒན་དང་དགེ་ཕྲུག ། ཕ་རྒྱུད་བུ་ལ་མ་ཁྲིད་ན།། རི་བོང་ཤོ་ཏོ་ག་ནས་ཡོང་།། ཕ་ཡུལ་ནོར་བུ་མཐོང་དུས།། ཁྱེད་ལས་ང་རང་དྲན་པ།། ཕ་མ་བུ་རྒྱུད་གཅིག་ལ།། བསོད་ནམས་མི་འདྲ་ཁག་ཁག ། ཕ་མ་ཤི་ན་བུ་མི་འཚར།། ཕ་རྒས་ན་ལུག་རྫི་དང་།། མ་རྒས་ན་བུ་རྫི།། ཕ་ཉེས་ཕ་དང་བུ་ཉེས་བུ།། ཕ་བསད་བུ་ཡི་ལབ་རྒྱུ།། ཕ་ཡིན་པ་དངོས་གསལ།། བུ་ཡིན་པ་ར་འཕྲོད།། ཕ་བཟང་པོའི་དངུལ་ཁུག་དེ།། བུ་ངན་པས་ཇ་ཁུག་བྱེད།། ཕ་ལས་བུ་རྫིག ། ཚ་བོ་ལས་ཡང་ཚ་རྫིག ། ཕ་ལ་གོ་གནས་མེད་པར།། བུ་ལ་ཧྲའོ་ཡས།། ཕ་ཁུ་བོའི་གནའ་གཏམ་དེ།། བུ་ཚ་བོའི་རྣ་ལ་འཇགས།། ཕ་རི་ལ་ཕྱིན་ནས་སྟག་དང་དོམ་བསད།། ལྕི་རློན་མེ་ལ་བུད་ནས་དུ་བ་རླངས་པ་འཚུབ་འཚུབ།། ཕ་རིའི་ལྕི་བ་མེད་པ།། ཚུར་རིའི་སླེ་པོ་མེད་པ།། ཕ་མ་ཡོད་དུས་བུ་མེད།། བུ་ཡོད་དུས་ཕ་མེད།། གཉིས་ཀ་ཡོད་དུས།། སྙིང་པོ་མེད།། ཕ་ཤུལ་བུས་འཛིན།། མདའ་ཤུལ་སྒྲོས་འཛིན།། ཕ་སྡུག་པའི་བུ་ལ་སྡུག་རྒྱུ་མེད།། མཛོ་ཁྱུང་དཀར་པ་ཕ་གླང་གོག་རེད།། ཕ་དུག་ཤིང་སྟག་མ་ལ།། བུ་ཙནྡན་ལྗོན་བཟང་།། ཕ་མ་མེད་པའི་བུ་ཕྲུག ། མགོ་འདྲེན་མེད་པའི་འབངས་མི།། ཕ་ཙནྡན་སྡོང་པོ་ལ།། བུ་ཆུ་ཤིང་འོམ་བུ།། ཕ་མའི་བྱམས་བརྩེ་དེ།། འཇམ་པོ་མར་གྱི་རིལ་བུ་ཡིན།། ཕ་བཟང་ལ་བུ་བཟང་།། མ་བཟང་ལ་རྒྱུད་བཟང་།། ཕ་བཟང་ཤི་བའི་མྱ་ངན་སངས་དུས་ཡོད།། བུ་ངན་སྐྱེས་པའི་མྱ་ངན་སངས་དུས་མེད།། ཕ་སྤུན་དགྲ་ལ་སོང་ཡང་རུས་པ་གསེར།། ཕ་ཕྱེད་ཨ་ཁུ་དང་།། མ་ཕྱེད་སྲུ་མོ།། ཕ་ཡུལ་སྡོད་དུས་རྟ་བརྒྱ་ཡོད།། ང་རང་ཡོང་དུས་རྐང་ཐང་ཡིན།། ཕ་ཡུལ་བྲལ་ཡང་།། ཕ་སྐད་མི་ཤོར།། ཕ་ཁྱུ་སྤྱི་གྲོས།། མ་སྲུ་སྒེར་གྲོས།། ཕའུ་མའུ་གྲོས་བྱས་ནས།། བུ་མོ་སྐྱིད་པའི་ལོ་རྒྱུས།། ཕག་རྒོད་ཚེ་ཟད་རྒྱལ་པོའི་ལྡུམ་ར།། ཕག་རྫི་བྱས་ནས་ཟ་སྟངས་ཤོར།། རྟ་རྫི་བྱས་ནས་འགྲོ་སྟངས་ཤོར།། ལུག་རྫི་བྱས་ནས་སྡོད་སྟངས་ཤོར།། ཕག་པས་བལྟས་ན་ཕག་ཚང་གཞལ་ཡང་ཁང་།། ཕག་པས་གནམ་མཐོང་བ་དུས་གཅིག ། ཕན་མ་ཐོགས་ན།། ཁ་ནང་སོ་ཡང་འབུད།། ཕན་ཚུན་བསྟོད་ན།། གཉིས་ཀ་གངས་རི་ལས་དཀར།། ཕན་ཚུན་སྨད་ན།། གཉིས་ཀ་སོལ་བ་ལས་ནག །། ཕར་ལ་འཇོར་མ་གཞུས་ན།། ཚུར་ལ་ས་མི་གོག །། ཕར་བལྟས་འུག་པ་དང་།། ཚུར་བལྟས་སེ་ལེ།། ཕར་ལ་བླ་མ་དཀོན་མཆོག་བྱས་ན།། ཚུར་ལ་དོན་དང་བྱ་བ་འགྲུབ་ཐུབ།། ཕར་སོང་གི་མི་ལ།། ཚུར་ཡོང་གི་གཏམ།། ཕར་ཆད་ཁ་ལོ་དང་།། ཚུར་ཆད་སྡོང་པོ།། ཕར་བསམ་རྒྱ་དར་དཀར།། ཚུར་རེ་བ་ནག་པོ།། ཕར་ལ་བརྐྱང་ན་མདའ་ཉན་པ་དང་།། ཚུར་ལ་བཀུག་ན་གཞུ་ཉན་པ།། ཕར་གཡས་ལག་མ་བཏང་ན།། ཚུར་གཡོན་ལག་མི་གཏོང་།། ཕར་སྤྱང་གིས་རྒྱ་ལམ་ཕྲེད་བཀག་དང་།། མི་ངན་གྱིས་འབངས་སྣེ་ཁྲིད་པ།། ཕར་སོང་གི་གཏམ་ལ།། ཚུར་ཡོང་གི་ལན།། ཕར་ལ་བུ་ལོན་སྤྲོད་དགོས་མེད།། ཚུར་ལ་གྲོ་ཁ་ལེན་དགོས་མེད།། ཕུ་ཕར་བརྒྱབ་ཨ་ར་ཚུར་ཟིང་།། ཕུ་གང་ནས་བསྐོ་ཀྱང་།། མདའ་གླིང་བུ་རྫོང་།། ཕུ་ཐུང་ནང་གི་མཛོག་མགོ།། སྒོ་རྒྱབ་ཀྱི་རྒྱབ་བཤད།། ཕུ་རྒྱལ་པོའི་རྒྱལ་ས་མ་བདེ་ན།། མདའ་སྤྲང་པོའི་ཉལ་ས་མི་བདེ།། ཕུ་ཐག་མེད་པ་རྣམ་གཉིས་ཡོད།། བུ་མོའི་ཤེད་ལ་ཕུ་ཐག་མེད།། རྒོ་མོའི་འགྲོས་ས་ཕུ་ཐག་མེད།། ཕུ་གཡས་པ་ཁྲོག་ཁྲོག་དེ་རྫ་ལས་བྱུང་།། རྫ་མེད་ན་གཡམ་པ་ཁྲོག་དོན་མེད།། མདའ་སྨུག་པ་ལང་ལོང་དེ་མཚོ་ལས་བྱུང་།། མཚོ་མེད་ན་སྨུག་པ་ལང་དོན་མེད།། ཕུ་ལུང་པའི་ཕུ་ཐག་རིང་ཐུང་དེ།། མདའ་གཙང་ཆབ་སྔོན་མོ་མཐོང་བས་ཤེས།། ཕུ་བླ་མ་མི་འགྱུར་ཨོ་རྒྱན་པདྨ།། མདའ་ཡོན་བདག་མི་འགྱུར་ཁྲི་སྲོང་ལྡེ་བཙན།། ཕུ་ལ་དགོན་པ་བཏབ་པ་ལས།། མདའ་ལ་ཁ་མཆུ་མེད་ན་བདེ།། ཕུ་ལ་བསམ་གཏན་སྒོམ་ལེ་ལས།། མདའ་ལ་མི་གཉིས་འདུམ་ལེ་དགའ།། ཕུབ་མ་ལ་སྔས་མགོ་དང་།། ཡོལ་བ་ལ་རྒྱབ་བསྙེས་མ་སོང་བ།། ཕུབ་མའི་འོག་གི་ཆུ་དོང་།། ཕོ་རབ་གཅིག་གི་བློ་རྩེ་ལས།། ཕོ་འབྲིང་གསུམ་གྱི་གྲོས་བསྡུར་དགའ།། ཕོ་ཡ་རབས་མ་རབས་སྤྱོད་པས་ཤེས།། ཡུལ་ས་ཕྱོགས་གང་ཡིན་སྐད་ཀྱིས་ཤེས།། ཕོ་གྲགས་པ་ཅན་ལ་སྡེ་དྲུག་འཁོར།། མོ་ཤོང་ཡངས་ཅན་ལ་བཟའ་མགྲོན་འཁོར།། ཕོ་ཨེ་བརྟན་ཁ་ལ་ཚིག་བཞག ། མཛོ་ཨེ་བཟང་རྒྱབ་ལ་ཁལ་བཀལ།། ཕོ་ཁྱོ་གའི་ཁོག་ལ་མདའ་ཤོང་མདུང་ཤོང་།། ཕོ་དཔའ་བོ་ཚར་ན་ཆེ་ཆུང་མེད།། ཕོ་ལོ་བཅུ་མན་དེ་བྱིས་པ་ཡིན།། ཕོ་གསར་གཏམ་འདོད་བྱེད་མི་ཉན།། རྟ་གསར་རྒྱུག་འདོད་བྱེད་མི་ཉན།། ཕོ་དཔའ་བོའི་དཔའ་ས་འཛིན་འདོད་ན།། སྡང་དགྲ་བོའི་དཔུང་སྒར་གཤོག་ཐུབ་དགོས།། ཕོ་རྒོད་ཀྱང་རྒྱབ་ལ་དཔུང་གཅིག་དགོས།། སྨན་མཚར་ཡང་ཕང་ལ་བུ་གཅིག་དགོས།། ཕོ་རྒོད་པོ་རང་གིས་མ་འཇོན་ན།། མཚོན་རྣོ་པོ་དགྲ་བོའི་ལག་ཆ་རེད།། ཕོ་སུ་ལུ་མགོ་དེ་བཙལ་ཀྱང་མ་རྙེད།། དམན་སུ་ལུ་མགོ་དེ་བཙོངས་ཀྱང་མ་བྲིན།། ཕོ་ལོ་བརྒྱད་ཅུར་སླེབས་ཀྱང་གཅུན་མཁན་དགོས།། ཕོ་ཁྲམ་པས་མི་མགོ་གཡོགས་ཁ་ལ།། ཟས་བརྔོས་མ་དེ་ཚོ་སྦྱིན་ལེ་རེད།། ཕོ་ཤྭ་གསོད་སྔ་ཉིན་ཕྱི་ཉིན།། མོ་གྱོད་ཁུར་སྔ་ལོ་ཕྱི་ལོ།། ཕོ་ངར་དགྲ་ལ་དགའ་ན།། ཡོང་རྒྱུ་དམའ་འབེབས་དང་ཤི་རྨས།། མོ་གསར་གནས་ལ་དགའ་ན།། ཡོང་རྒྱུ་ཕ་མའི་ལ་ཡོགས།། ཕོ་རོག་ལ་སྐྲ་དཀར་ནམ་སྐྱེ།། ཕོ་རང་གིས་འཇོན་ན་འཇོན་རན་རེད།། ཕོ་རབ་བློ་གཅིག་བཀྱེ་དུས་དེར།། ནམ་ལངས་ཉི་མ་ཤར་བ་འདྲ།། མི་ཡང་གསལ་ལ་རང་ཡང་གསལ།། ཕོ་འབྲིང་བློ་གཅིག་བཀྱེ་དུས་དེར།། སོ་གཉིས་ལམ་དུ་སླེབས་པ་འདྲ།། འགྲོ་ཐག་འདུག་ཐག་གཉིས་ཀ་ཆོད།། ཕོ་ཐ་བློ་གཅིག་བཀྱེ་དུས་དེར།། ལོང་བས་ལོང་བ་ཁྲིད་པ་འདྲ།། ལོང་བ་མཐའ་ལ་འཕངས་པ་འདྲ།། ཕོ་ལོ་ལྔ་གསུམ་བཅོ་ལྔ་ནས།། རྟ་འོལ་བའི་ཁ་ལོ་བསྒྱུར།། མོ་ལོ་དྲུག་གསུམ་བཅོ་བརྒྱད་ནས།། བཞོན་འོ་མའི་ཚ་གྲང་འབྱེད།། ཕོ་རོག་ཤ་འདོད་ཤ་ཡིས་བརྔན།། སྐྱ་ཀ་ཚིལ་འདོད་ཤ་ཡིས་བརྔན།། མཆིལ་པ་ནས་འདོད་ནས་ཀྱིས་བརྔན།། ཕོ་གསར་གྱི་ངར་དེ་ཁྱིམ་ངར་རེད།། རྡོ་དབྱུག་པ་གཉིས་ཀྱི་སྤྱན་འདྲེན་ཡིན།། ཕོ་ལ་ངར་རྒྱུ་མེད་ན།། གཟན་གྱི་རྐྱལ་པ་རེད།། ཕོ་ལ་ངར་ཤ་ཡོན་ན།། བྲག་ལ་ཨི་ཁུང་ཕུགས།། ཕོ་ནུས་ཚོད་ཟིན་ན་དཔའ་བོ་དང་།། སྨན་མཚར་ཚོད་ཟིན་ན་མཛངས་མ་ཡིན།། ཕོ་སྙིང་མེད་ལུས་ལ་མཚོན་ཆས་བསྐོར།། དགྲ་བྱུང་ན་རང་སྲོག་སྔོན་ལ་བསྐྱལ།། ཕོ་ལ་རྒོད་ཞན་ཡོད་ཀྱང་།། སྲོག་ལ་སྦོམ་ཕྲ་མེད།། ཕོ་རྒོད་འགྲོ་རྒྱ་རྒོད་ན།། སྲིན་པོའི་སྒོ་རྩར་སླེབས།། ཕོ་རབ་གཏམ་གྱིས་བསླུ།། ཕོ་འབྲིང་རྒྱུ་ཡིས་བསླུ།། ཕོ་ཐ་ཟས་ཀྱིས་བསླུ།། ཕོ་རབ་ཀྱི་གཏམ་དེ་མཁོ་དུས་བཤད།། ཕོ་འབྲིང་གི་གཏམ་དེ་དྲི་དུས་བཤད།། ཕོ་ཐ་མའི་གཏམ་དེ་རྒྱབ་ཏུ་བཤད།། ཕོ་རྒྱན་ཤོར་ངུ་པས་མི་དག ། ཕོ་རབ་རྩོད་རྒྱུ་སྡེ་ཇུས།། ཕོ་འབྲིང་རྩོད་རྒྱུ་རང་ཇུས།། ཕོ་ཐ་རྩོད་རྒྱུ་ཁ་ཕོར།། ཕོ་རང་འགོ་ཐོན་ནས་གཞན་འགོ་འདྲེན།། ཕོ་རང་གི་བྱས་ན་བྱས་ལེ་ཡིན།། ཚྭ་གཡག་གུས་འཁྱོགས་ན་འཁྱོགས་ལེ་ཡིན།། ཕོ་གེ་སར་རྒྱལ་པོ་རྟས་གཡུགས་པ་དང་།། སྨན་ཤིང་ལྕང་འབྲོག་མོ་གོ་ལོག་པ་ཡོང་སྲིད།། ཕོ་ཟས་ལ་མི་རྔམ་ལས་ལ་རྔམ།། ཕོ་ཟད་མོ་ལ་ཐུག ། ལག་ཟད་དཔུང་ལ་ཐུག ། ཕོ་སྡར་མ་དཔའ་གཏམ་མང་།། གྲི་ངར་མེད་ཁ་ཆུ་མང་།། ཕོ་རོག་ཏོང་ཏོང་ཟེར་ཡང་།། སྒལ་རྨའི་གནོང་འགྱོད་མེད་དོ།། ཕོ་བཟས་ནས་མི་ཕུང་ཉལ་ནས་ཕུང་།། ཕོ་འཆོལ་པོའི་ལུས་ལ་ལྟ་རྒྱུ་མེད།། ཕ་ཁྱིམ་གཡག་རྭ་གོག་པོ་འདྲ།། ཕོ་ཁ་ཆད་དང་།། སྒ་རྒྱུན་སྒྲོག ། ཕོ་རོག་མི་འཇོག་ལྷ་འདྲེ་དང་།། འཇག་མ་མི་འཇོག་རླུང་བུ།། ཕོ་རོག་དམར་དད་ཆེ་ཡང་།། དུམ་ཚལ་དམར་པོ་མི་ཟ།། ཕོ་ཆུང་ཡུར་འདྲ་བ་ཞིག་དང་།། དམན་ཆུ་རྫིང་འདྲ་བ་ཞིག་དགོས།། ཕོ་ཁྱོ་གས་སླུ་དུས་དགོད་བཞིན་བསླུ།། དམན་བུ་མོས་སླུ་དུས་ངུ་བཞིན་བསླུ།། ཕོ་རྒོད་པ་ལས་གཉིད་སྐྱིད་པ་དགའ།། ཕོ་རབ་ཀྱིས་ཟས་དེ་མཉམ་ཟ་མཉམ་འཐུང་།། ཕོ་ཉལ་དྲགས་ན་དགྲ་མགོ་ཤོར།། མོ་ཉལ་དྲགས་ན་ལས་མགོ་ཤོར།། ཕོ་ཁྱོ་གའི་གཏམ་ལ་འགྱུར་བ་མེད།། འགྱུར་བ་བཏང་ན་ཕོ་ཁྱོ་ག་མ་རེད།། ཕོ་རབ་ཀྱི་ཁོག་ནང་དུ།། རྟ་བརྒྱ་རྒྱུག་ཀྱང་སྣང་དག་མེད།། ཕོ་རྒྱུས་མེད་ལ་འགྲོ་བ་ལ།། སྒ་གཅིག་ལ་རྒྱུན་སྣ་བཅོ་བརྒྱད་དགོས།། ཕོ་མོ་འབྲོང་གི་འཚོ་ཤ་ལ།། འཚོས་ལོང་གྲང་ལོང་གཉིས་ཀ་ཡོད།། ཕོ་གྱོད་བྲག་དཀར་ལ་རུལ་ས་མེད།། མོ་གྱོད་འཁྱག་པ་ལ་འདེད་ས་མེད།། ཕོ་རོག་ལྷགས་པས་ཁྱེར་བ་བདེན་དོགས་མེད།། ངང་པ་ཆུས་ཁྱེར་བ་བདེན་དོགས་མེད།། ཕྱག་འཚལ་ཁར་དབུ་བརྡབས།། ལྟོ་ཟ་ཁར་མིད་པ་འཆུས།། ཕྱི་ལ་དར་དང་གོས་ཆེན་བཏུམ།། ནང་ལ་བུ་ལོན་རྐུབ་རུལ།། ཕྱི་པདྨ་དཀར་པོའི་རྒྱ་མ་ཞིག་པར།། ནང་ཅོ་ག་དྲོ་མོའི་ཚང་འཐོར་བ་དགོས།། ཕྱི་དགྲ་ལས་ནང་དགྲ་སྡུག ། ཕྱི་ལ་ཞབས་བྲོ་རྒྱག་པ་ལ།། ནང་དུ་རྐང་སྒྲ་འགྲིག་པོ་དགོས།། ཕྱི་ལ་མཛེས་པོ་དང་།། ནང་ལ་བརྩེ་དུང་དགོས།། ཕྱི་གོས་ཀྱིས་མ་ཆོག་སྤྲང་པོ་འདྲ།། ནང་ཟས་ཀྱིས་མ་ཆོད་ནད་པ་འདྲ།། ཕྱི་རྡོ་རྩིག་ཞིག་ཀྱང་།། ནང་ཆོས་རྩིག་མི་ཞིག ། ཕྱི་ལུས་པོ་བདེ་ན་ངོ་མ་མིན།། ནང་སེམས་པ་བདེ་ན་ངོ་མ་ཡིན།། ཕྱི་ལྟར་དུ་གཡང་མོ་ཁྱུ་གཅིག་ལ།། ནང་ལྟར་དུ་མ་རེར་བུ་རེ་རེད།། ཕྱི་རྫིག་པ་ལས།། ནང་སྣུམ་པ་དགའ།། ཕྱི་ཆར་པའི་ཆར་ཐག་ཆོད་ཀྱང་།། ནང་ཐིགས་པའི་ཐིགས་ཐག་མ་ཆོད།། ཕྱི་སྐུ་ལུས་སོ་སོར།། ནང་ཐུགས་སེམས་གཅིག་པ།། ཕྱི་པ་ནང་པ་སྐྱབས་འགྲོས་འབྱེད།། ཕྱི་རྫིག་ནང་སྟོང་ཤོག་བུའི་སྟག ། ཕྱི་དེ་གོས་ཆེན་རྩམ་ཁུག ། ནང་དེ་ཡུག་བུའི་རྩམ་པ།། ཕྱི་ལ་མཛེས་པོ་བྱས་ཀྱང་།། ནང་དུ་རྩམ་པ་དཀོན་པ།། ཕྱི་ལ་གཞོམ་དང་།། ནང་ལ་གས་པ་མེད།། ཕྱི་ཐག་ཐུང་བའི་མི་དང་།། ཅུང་ཟད་དགའ་ཡང་མ་འགྲོགས།། ཕྱི་ལ་སོང་ན་ཕ་དང་།། ནང་ལ་བསྡད་ན་མ།། ཕྱི་ནང་གཉིས་འཇོན།། ཕྱི་ལྕགས་རིས་བསྐོར་ཀྱང་།། ནང་བློ་ཡིས་མི་བསྐོར།། ཕྱི་ལྕགས་རིས་སྐོར་སྐོར།། ནང་བློ་མཐུན་པ་དགོས།། ཕྱི་མ་གང་བྱེདད་ལྟ་དང་།། ད་ལྟ་གང་ཡོང་སྔོན་མའི་འབྲས་བུ།། ཕྱི་འཇམ་ལ་ནང་རྩུབ་པ་གྲོད་པའི་ངང་ཚུལ།། ཕྱི་སྐད་དང་ཆ་ལུགས་ཉེས་ན་ཡང་།། ནང་སེམས་པ་དེ་བཞིན་ཉེས་དོགས་མེད།། ཕྱིའི་ལྕགས་རི་དང་།། ནང་གི་ནོར་བུ།། ཕྱིའི་ཆར་པ་ལས།། ནང་གི་ཐིགས་པ་སྡུག ། ཕྱིའི་ཤ་མ་རེད།། ནང་གི་ཚིལ་ལུ་རེད།། ཕྱིན་པ་འགྲུལ་ལ་ཕན་པ་དགོས།། ཕྱིན་པ་བྱུང་ན་ཆུ་སངས་རྒྱས།། བསྡད་པ་བྱུང་ན་རི་བོ་སངས་རྒྱས།། ཕྱིན་ཕྱིན་གྱིས་ལམ་བྱང་།། བཟས་བཟས་ཀྱིས་ཁ་གཉོག ། ཕྱུ་པ་དཀར་པོ་ཨ་མས་གཡོགས།། མིང་ལ་སྐྱ་རིལ་ཨ་མས་བཏགས།། ཕྱུག་པོ་ནོར་གྱིས་མ་བཞག ། དབུལ་པོ་གྲོད་པས་མ་བཞག ། ཕྱུག་པོ་གསོག་འདོད་ནས་ལྟོ་མི་ཟ།། མི་ལྟོགས་འུ་ཐུག་ནས་ལས་མི་བྱེད།། ཕྱུག་པོས་ཕྱུག་ཚོད་མི་ཟིན་ན།། རྒྱུ་ནོར་གཞན་ལ་ཤོར་ཉེན་ཡོད།། ཕྱུག་པོའི་རྒྱུ་ལ་བལྟས་པས།། དབུལ་པོ་ཡིད་ཐང་ཆད་བྱུང་།། ཕྱུག་པོའི་རྒྱུ་ལ་མ་ལྟ།། བཙན་པོའི་གཏམ་ལ་མ་ཉན།། ཕྱུག་པོའི་ཟས་ལས།། མི་ལྟོགས་ཀྱི་སྐྱིད་དགའ།། ཕྱུག་པོའི་ཟོག་ལ།། ཡི་དྭགས་ཀྱི་དཀོན་གཉེར།། ཕྱུག་པོའི་སྟ་གྲི་ལྕགས་ཡིན་ན།། ཉམ་ཆུང་གི་ཁབ་ཀྱང་ལྕགས་ཡིན།། ཕྱུགས་མང་ན་འབྱོར་པའི་རྒྱུ།། མི་མང་ན་སྟོབས་ཀྱི་རྒྱུ།། ཕྱེ་ལ་ཟ་ཚོད་དང་།། སྐོམ་པ་འཐུང་ཚོད།། ཕྱེ་རྐྱལ་བོང་ལ་བལྟས་ནས་ཟ་ལུགས་དང་།། ལམ་འཕྲང་ཆུ་ལ་བལྟས་ནས་འགྲོ་ལུགས་བྱེད།། ཕྲ་ས་ནས་བཅད་ཆོག་ཆོག ། སྲབ་ས་ནས་རྟོལ་ཆོག་ཆོག ། ཕྲེང་བ་ཁ་ཡི་རྟ་ལྕག་ཡིན།། ཕྱེད་རང་ལ་དགའ་བ་དང་།། ཕྱེད་མི་ལ་དགའ།། ཕྱོགས་གཅིག་ལ་བྲག་དང་།། ཕྱོགས་གཅིག་ལ་གཡང་ཕྲ་མོ་རིང་པོ།། ཕྱོགས་གཉིས་ཉན་ན་རིག་པ་གསལ།། ཕྱོགས་གཅིག་ཡིད་ཆེས་མགོ་བོ་རྨོངས།། ཕྲུ་གུ་ངུ་འདོད་ན་དགོད་ཚེར་ཚེར།། རྒན་འཁོགས་ཤི་རན་ན་མིག་ཆུ་ཕྲུམ་ཕྲུམ།། ཕྲུ་གུའི་ལྟོགས་སླ་མིག་ལ་ཡོད།། རྒན་པའི་ལྟོགས་སླ་སེམས་ལ་ཡོད།། ཕྲུ་གུ་ཉུང་མའི་དཀྱིལ་དུ་སླེབས་པ་ལྟར།། ཕྲུ་གུ་རང་ཡག ། ཞིང་མི་ཡག ། ཕྲུ་གུ་ངུ་ས་ཕ་མ།། བདེ་སྡུག་ཞུ་ས་དཔོན་པོ།། ཕྲུ་གུའི་ལས་ཀ་ངུ་རྒྱུ།། ཕྲུ་གུར་འཇམ་རྩུབ་གཉིས་ཀ་བྱས་ན།། ལང་ལ་མི་ཤོར་ཕ་མར་བརྩེ་བ་ཡིན།། ཕྲུ་གུ་ཕ་མས་མ་གཅུན་སུས་གཅུན།། ཕྲུ་གུའི་ཨ་མ་ཡིན་ཀྱང་ཆུང་སྐད།། གདོང་པ་གཉེར་མས་བཏུམས་ཀྱང་ཆུང་བཟོ།། ཕྲུ་གུའི་ཨ་མ་ཡིན་ན།། ཁྱིམ་ཚང་བསམས་ནས་ལོག་ཤོག ། ཕྲུ་གུའི་ཁ་ལ་ཉན་ན།། ཁྱིམ་མཚེས་འཁྲུག་པ་མང་།། ཕྲུ་གུ་བྱ་མོའི་སྒོ་ང་ཡིན།། ཉར་སྟངས་མི་ཤེས་རུལ་ཉེན་ཡོད།། ཕྲུ་གུའི་འདོད་པ་རེད།། དཀར་ཡོལ་གཅོག་ཏུ་ཆུག ། ཕྲུ་གུ་འཚབ་འཚབ་མ་བྱེད།། བག་ཚ་ཁོག་མའི་གཏིང་ལ་ཡོད།། ཕྲུ་གུའི་ལྟོ་ཚོད་ཕ་མས་བྱེད།། རྒན་པའི་ལྟོ་ཚོད་སེམས་ཀྱིས་ཟིན།། འཕུར་ས་དགུང་སྔོན་གནམ་ཡིན་ན།། བབ་ས་དོག་མོའི་ས་རེད།། འཕྱ་ག་ནང་ནས་བཏགས་ན།། མི་ཁར་སངས་དུས་མེད།། འཕྱན་ལུང་སྟོང་ལ་བཏང་།། སྔོ་ལོ་བཞུགས་གྲལ་ལ་འཕྱར།། འཕྱི་བ་སུལ་ལག་ཐུང་ཡང་བྲང་འོག་གི་རྩྭ་མི་ཤོར།། འཕྱི་བ་བརྒྱ་ལ་སྒོམ་ཆེན་གཅིག ། རི་བོང་བརྒྱ་ལ་བློ་ལྡན་གཅིག ། འཕྲད་མ་ཐག་ཏུ་ངོ་ནག་མ་བསྡུ།། འདྲིས་མ་ཐག་ཏུ་སྙིང་གཏམ་མ་ཤོད།། འཕྲིན་ནན་པོ་མངགས་དུས་ཡང་ཡང་བརྗོད།། འཕྲོག་མིའི་མི་ལ་མི་ཤོར་དགོས།། སློང་མིའི་མི་ལ་མི་ཆུང་དགོས།།

༼ བ ༽

       བ་མོ་མེད་པའི་མར་དཀྲོག་དང་།། བྱ་དེ་མེད་པའི་སྒོ་ང་།། བ་བསད་པ་ལས་བཞོས་པ་དགའ།། བ་ལང་གིགཨམ་ཅོག་ལ།། པི་ཝང་བཏང་བ།། བ་མ་ཤི་ལྕི་རྙང་རྒྱུན་མི་ཆད།། བ་ལ་མཛོ་སྐྱེས།། བོང་ལ་དྲེལ་སྐྱེས།། བ་གླང་རྒན་གཞོན་དཔྱད་པ་ལ།། བླུན་པོ་མཁས་ཀྱང་ཡོན་ཏན་མིན།། བ་མོ་དབྱར་ཞོ་དགུན་ནས་གསོ།། བ་ཆེ་འདྲིས་དང་བེའུ་ཆུང་འདྲིས་རེད།། བ་མོ་དེའི་ཉལ་སྟངས་ལ་བལྟས་ན།། བེའུ་ལྡན་ཀྱོག་ཅིག་ལས་ཡོང་བ་མི་འདུག ། བ་ཤི་ལེ་ཤེས་ན་གླང་བརྗེ།། གླང་ཤི་ལེ་ཤེས་ན་ཤ།། བ་ཚྭ་ཚྭ་ཁོངས་སུ་གཏོགས་ཀྱང་།། ཟས་ཀྱི་བྲོ་བར་མི་ཕན།། བ་ཚ་བློ་ལ་ཕྱིན།། ཁུ་བ་ཡིད་ལ་མི་འགྲོ།། བ་རྒྱགས་ན་གླང་ལ་བཞོན།། མི་རྒྱགས་ན་ཁྲིམས་འགལ་བྱེད།། བ་ཁྲ་ཁྲ་རི་ལ་ཕྱིན་ཀྱང་།། བེའུ་ཁྲ་ཁྲ་ལྷས་ལ་ལུས།། བག་མ་རྟ་ཐོག་ནས་ལྷུང་།། གཡུ་ཆུང་མགོ་ཐོག་ནས་ལྷུང་།། བན་སྐུ་ཚེ་རིང་ན་ལོ་གསུམ་དང་།། རྐྱེན་གློ་བུར་བྱུང་ན་ཞག་གསུམ།། བན་ཆོས་ཡོད་ཀྱིས་ཁྲོམ་ཐོག་པའི་དུས།། དཔོན་ཆོས་རྒྱལ་ཡིན་ཡང་བྱ་ཐབས་དབེན།། བར་པས་རང་མགོ་མ་ཐོན།། ཐ་མ་བཀྲོལ་བཤིག་མ་ཤེས།། བལ་གྱི་ཉག་ཕྲ་ཡང་།། ཐག་པ་བསྒྲིམས་ན་སེང་གེ་འཆིང་།། བལ་པོས་སྔོ་ཆུང་ཟ་དུས།། བུ་ཕ་དང་མཉམ་ན་གྲོགས་པོའི་ཚུལ།། བུ་མོ་རང་ཡུལ་དུ་ལོག་པར།། གཟའ་དང་སྐར་མ།། བུ་སྨྱོན་པ་མིན་ན་འཚུབ་ན་དགའ།། བུ་མོ་གླེན་པ་མིན་ན་ལྷིང་ན་དགའ།། བུ་ཕྲུག་རང་གི་བུ་ཕྲུག་མཛེས།། མེ་ཏོག་གཞན་གྱི་མེ་ཏོག་མཛེས།། བུ་མོ་འཕྱོར་མོའི་མིག་ཡུལ་དུ།། མི་རྣལ་འབྱོར་མ་བྲིན་འཕྱོར་པོ་བྲིན།། བུ་སྐྱེས་པ་ལ་མིང་།། ཆང་འདྲེན་པ་ལ་གཏམ།། བུ་དཔའ་བོ་སློག་རུལ་ནང་དུ་ཡོད།། མཚོན་རྣོ་པོ་ཀོ་ཤུབས་ནང་ལ་ཡོད།། བུ་མོས་མ་ལོ་ཐོབ་ན་སྤྲང་ལ་འཁྱམས།། བུ་ཡིས་ཕ་ལོ་ཐོབ་ན་རྒྱལ་ས་འཛིན།། བུ་སྐྱེས་ནས་མིང་དང་།། ལས་བསྒྲུབས་ནས་གཏམ།། བུ་མེད་ཀྱང་མོས་སྡོད་རྩིས་བྱེད།། དཔོན་མེད་ཀྱང་ཁྲིམས་གཏུག་བུ་མོས་བྱེད།། བུ་རང་ཡག་དང་ཞིང་མི་ལེགས།། བུ་བཟང་ན་དཔའ་བོ་གཅིག་གིས་ཆོག ། ཆང་བཟང་ན་དཀར་ཡོལ་གང་གིས་ཆོག ། བུ་ངན་པས་ཕ་མའི་འདས་ཚེས་མི་ཤེས།། ཕ་མ་ངན་པས་བུའི་སྐྱེས་ལོ་མི་ཤེས།། བུ་ཡོན་ཏན་ཅན་ལ་ཞིང་ཁམས་བདེ།། རྟ་གོམ་པ་ཅན་ལ་ས་གཞི་བདེ།། བུ་ང་རྒྱལ་ཅན་གྱི་སྒལ་པ་ལ།། རྩིས་ཡོན་ཏན་གཉིས་ཀྱི་ཆུ་མ་ཆགས།། བུ་མོས་མིག་ལོང་དང་།། མནའ་མས་གཅུས་རིལ།། བུ་མོ་སྐྱོ་སར་ཨ་མས་མི་ཕན།། བུ་མོ་སྐྱིད་ས་ཨ་མའི་ལོ་རྒྱུས།། བུ་མ་སྐྱེས་གོང་ལ།། མནའ་མའི་གྲ་སྒྲིག ། བུ་ཕ་བདག་དང་།། བུ་མོ་མ་བདག ། བུ་རམ་ཆག་ཀྱང་།། སྡེར་ཁ་འགྲིགས་པ།། བུ་སྐྱེས་པ་དང་དུས་ངན་པ་འགབ་མཚུངས།། བུ་ལོན་མེད་ན་ཕྱུག་པོ་ཡིན།། བུ་ཤི་ཕ་མ་མཉམ་སྡུག ། བུ་མ་སྐྱེས་གོང་ལ་མིང་འདོགས་རྒྱུ་ཞོག ། བུ་སྐྱེས་ནས་མིང་བཏགས་ཆོག ། བུ་མོ་མཆོར་མོའི་མིག་ཡུལ་དུ།། མི་དྲང་པོ་མ་བྲིན་མཆོར་པོ་བྲིན།། བུ་དཔའ་བོའི་རྒྱབ་ལ་དཔུང་ཞིག་དགོས།། དེ་མེད་ན་གཅིག་ཤི་ཀུན་རྫོགས་རེད།། བུ་མོ་ཤ་རུལ་གཉིས་དེས།། ཕུགས་ཟོག་མི་ཡོང་།། བུ་ངར་ཐོག་ལ་རྟ་བཅག ། བུ་མོ་ངར་ཐོག་ལ་གཡུ་བཅག ། བུ་མོའི་སྐྱིད་སྡུག་ཨ་མ།། བུ་གསུམ་སྐྱེས་པའི་ཨ་མར་ཡང་།། སྙིང་གཏམ་ཤོད་པ་མ་གནང་།། བུ་མོ་གར་འགྲོ་ཨ་མས་མི་གཏོང་།། བུད་མེད་ཀྱི་བརྩེ་དུང་ཞག་གསུམ།། རྟ་གསར་གྱི་མགྱོགས་མགྱོགས་ཞག་གསུམ།། བུད་མེད་ཀྱི་ཁ་ལ་ཉན་ན།། ཁང་ཐོག་ལ་རྩྭ་ངན་གྱིས་ཁེངས།། བུད་མེད་ཀྱི་རྣ་བར་སྨྲ་མི་མང་།། དེ་ལས་མང་ན་བྱ་བ་ཉེས།། བོང་བུ་འདྲ་བའི་གླེན་པ།། སྤྱང་པོ་ཡིན་རློམ་སྤྱང་ཐལ་ཤོར།། བོང་བུའི་མགོ་ལ་གསེར་ཏོག་བརྒྱབ་ན།། ལུང་པའི་སྟོད་སྨད་སྐད་ངན་བརྒྱངས།། བུང་བས་མེ་ཏོག་འཚོལ་བ་ལས།། མེ་ཏོག་གིས་ནི་བུང་བ་ཡིན།། བེ་རེས་འཇང་དང་ཀོང་པོས་བེ་རེ་བཏུལ།། བེད་སྤྱོད་མེད་པའི་ཡོན་ཏན་དེ།། འབུས་ཟོས་སེང་གེའི་རོ་དང་འདྲ།། བོང་བུ་ལ་ཉལ་ལུགས་བཅོ་བརྒྱད་ཡོད་ན།། ཚོང་པ་ལ་སློང་ལུགས་བཅུ་དགུ་ཡོད།། བེའུ་མི་སྐྱེ་བའི་བ་དེ།། གསོས་པ་ལས་བཟས་ན་དགའ།། བེའུ་ལ་གླང་ཆེན་གྱི་ཁལ།། བེའུ་གདང་ལ་བཏགས་ན།། སྐེ་ཤེད་སུ་ཆེ་མཐོང་ཡོང་།། བོང་བུ་བསླངས་པའི་དགའ་ཚོར་མེད་པར།། གཞུ་གུ་བཀོག་པའི་ཡ་ལ།། བོང་བུ་རང་ལ་འཁེལ་ན།། འགྲོས་རྟ་ལས་མགྱོགས།། བོང་བུ་གང་འགྲོ་དབྱུགས་པས་མི་གཏོང་།། རྟ་པོ་གང་འགྲོ་སྲབ་ཀྱིས་མི་གཏོང་།། བོང་བུས་གཡུགས་པས་ཡག་བྱུང་།། རྟ་ཕོའི་སྒང་ལ་འཁྱོལ་སོང་།། བོང་བུའི་བཀོད་པ་གཡག་ལ་མི་འགྲོ།། ཤིང་གི་གསོར་བ་ཤིང་ལ་མི་འགྲོ།། བོང་བུ་སྔོན་དང་།། ས་ཐལ་རྗེས།། བོང་བུ་བོང་བུ་མ་ཟེར་སྨུག་ཆུང་དྲེལ་གྱི་ཨ་ཕ།། གླང་གོག་གླང་གོག་མ་ཟེར་ཁྱུང་དཀར་མཛོ་ཡི་ཨ་ཕ།། བྱ་བའི་རྒྱལ་པོ་ཐབས།། སྐུད་པའི་རྒྱལ་པོ་འགུགས།། བྱ་བ་ཐབས་ཟད་དང་།། སྐུད་པ་འགུགས་ཟད་དུ་མི་འགྱུར་བ།། བྱ་བརྒྱ་ཁྱུང་ལ་བལྟ།། མི་བརྒྱ་དཔོན་ལ་བལྟ།། བྱ་དཀར་དཀར་ཡང་མཇུག་མ་ནག ། དོམ་དྲེད་ནག་ཀྱང་བྲང་ཁོག་དཀར།། བོང་བུ་ལ་དཔེ་བལྟས་ནས་རྟ་འབྲི་བ།། བོང་བུ་རང་གིས་བཞོན་ནས་བོང་བུ་འཚོལ་བ།། བོང་བུས་མ་ཕྱིན་འཕྲང་ལམ་མང་།། བོང་བུའི་ཨམ་ཅོག་ལ་གསེར་བླུག་པ།། བོང་བུ་ལགས་དང་དྲག་པ།། སྐྱེ་བ་ཡར་འགྲོ་ཡིན་པ།། བོང་བུ་འཁྱགས་ཐོག་ཏུ་བཏང་ན།། ལངས་དགོས་སྙམ་ཡང་འདྲེད་ནས་འགྱེལ།། བོང་བུས་གཟིག་ལྤགས་གྱོན་ཀྱང་།། ཨམ་ཅོག་མངོན་གསལ་གཞན་ལས་དོད།། བོང་བུ་སྡུག་པ་རང་སྡུག་རེད།། བོང་བུས་གཡག་མི་ཁུག ། བོང་བུར་ལབ་དོང་རྙེད་པ་ལྟར།། བོར་ས་ལ་ཤོད་དབང་།། ཡུགས་ཟ་མ་ལ་ངུ་དབང་།། བྱ་ཆུ་སྲིན་གྱི་སྡེར་མོ་དེ།། བརྒྱབ་ཚར་ན་གློད་ཀྱི་མིན།། བྱ་སྔ་མ་གང་འགྲོ་ཕྱི་མའི་ལམ།། བྱ་ཚང་མགོ་རྟིང་བསློགས་ན།། བྱ་སྒོང་མི་ཆག་ག་ལ་སྲིད།། བྱ་བ་གང་ཡང་བབ་དང་བསྟུན།། བབ་དང་བསྟུན་ན་འགྱོད་སེམས་མེད།། བྱ་བ་བཟང་པོ་མ་འགྲུབ་གོང་།། བར་ཆད་མང་པོ་བསྟུད་མར་ཡོང་།། བྱ་དང་མུ་གེ་སྙོམ།། ནམ་དང་ཉི་མ་སྙོམ།། བྱ་དེ་བསད་ནས་སྒོ་ང་འདོན་པ།། བྱ་མོ་མཛེས་པོས་སྒོ་ང་མི་གཏོང་།། མུ་མོ་མཛེས་པོས་ལས་ཀ་མི་བྱེད།། བྱ་ཕོ་ངར་སྐད་འཚེར་དུས།། ཉི་མའི་འོད་ཟེར་བསྐྱངས་རྟགས།། བྱ་བ་སྒྲུབ་དུས་འགོ་འཇུག་ཤེས་དགོས།། གྱོན་ཆས་བཟོ་དུས་རིང་ཐུང་ཚད་དགོས།། བྱ་མང་བྱུར་གྱི་སྣ་འདྲེན།། ཁ་མང་དགྲ་བོའི་གཡབ་ཤིང་།། བྱ་བྱེད་མང་ན་བྱེད་རྐང་ཆག ། འགྲོ་འགྲོ་མང་ན་སྡོད་ས་ཤོར།། བྱ་གཞོན་པའི་སྒྲོ་ལ་ལྟོས།། མི་རྒན་པའི་ཁ་ལ་ལྟོས།། བྱ་ལུགས་བྱེད་ལུགས་ལྡན་པའི་ཕ་རྒན་ཚོ།། འདོད་པ་ཅན་གྱི་ཆོས་པ་བརྒྱ་ལས་ལྷག ། བྱ་རྒས་ན་ཚང་དྲན།། མི་རྒས་ན་ཡུལ་དྲན།། རྒོད་པོས་ལུང་ཤུར་གཤོག་སྒྲ་བརྒྱངས།། ལན་མང་ན་གཤོག་སྒྲོ་མི་ལ་ཤོར།། བྱ་མ་འདྲོགས་སྒོ་ང་ལེན་ཐབས་དང་།། མམ་འདྲོགས་དོན་འབྲས་འགྲུབ་ཐབས་དགོས།། བྱ་ཁྭ་ཏས་ཏག་ཏག་ཟེར་ལེ་འདི།། ཡུལ་འདི་ན་མི་སྡོད་ཟེར་ལེ་རེད།། བྱ་སྲིན་བྱ་ཐོག་ཁར་བབས་པ་དང་།། དཔོན་སྒྲ་ཆེན་སྒོ་རྩར་འབྱོར་བ་འདྲ།། བྱ་འུག་པ་བཞིན་དུ་མཚན་འགྲོས་བྱས།། བཙོན་ཉེས་ཅན་བཞིན་དུ་བྲོས་གབ་བྱོས།། བྱ་མང་དཀྲིལ་དུ་སྒྲོ་བཏོག ། མི་མང་དཀྱིལ་དུ་དམའ་ཕབ།། བྱ་སྔ་མ་ཤི་བའི་རོ་ལ་ལྟོས།། ཕྱི་མའི་འདབ་ཆགས་དེ་དང་མཚུངས།། བྱ་ངང་པ་བྱང་ལ་འགྲོ་ལེ་དེ།། མཚོ་མེ་ལོང་ཙམ་ལ་གཏད་པ་རེད།། བྱ་རྒྱལ་ཁ་ཤར་ལ་ལྟ་དུས།། ཕ་ཝང་ཁ་ནུབ་ལ་བསྟན།། བྱ་བརྒྱ་འུར་རྡོ་གཅིག་གིས་འདྲོག ། ལུག་བརྒྱ་ལུག་རྩི་གཅིག་གིས་འདེད།། བྱ་རོག་འུག་པ་མཉམ་དུ་མི་མཐུན།། བྱ་དེ་མེད་པར་སྒོ་ང་དང་།། བུ་མོ་མེད་པར་མག་པ།། བྱ་དེ་ཕོ་མེད་པའི་ནམ་ཚོད་མཁན་དང་།། སྟག་ངར་མ་མེད་པའི་སྤྲེལ་རྒན་ཡིན།། བྱ་རྒན་སྒྲོ་ཟད་དང་།། མི་རྒན་སྐྲ་ཟད།། སྤྱང་ཀི་རྒས་ཀྱང་ལུ་གུ་མི་གཏོང་།། བྱ་ཁྲལ་བྱུང་དུས་བྱི་སོ་བསྟན།། བྱི་ཁྲལ་བྱུང་དུས་བྱ་གཤོག་ངོམ།། བྱ་རྡོ་ཐོག་ལ་བབ་རབས་ཡོད་རུང་།། རྡོ་བྱ་ཐོག་ལ་བབ་རབས་མེད།། བྱ་དེ་ཕོ་མེད་ཀྱང་ནམ་མཁའ་ལངས།། བྱེའུ་འཇོལ་མོ་མེད་ཀྱང་གསུང་སྙན་གོ ། བྱ་འཕུར་བའི་རྗེས་མ་ཟིན་ཀྱང་།། ཚང་གསོག་དུས་རྗེས་ཟིན་པ་དགོས།། བྱ་མེད་སར་བོང་བུས་ནམ་ཚོད་ཟིན།། ཁྱི་མེད་སར་ཞུམ་བུས་རུས་པ་མུར།། བྱ་མོ་བརྐུས་པའི་རྗེས་སུ་རྟ་ཕོ་རྐུ།། རྟ་ཕོ་བརྐུས་པའི་རྗེས་སུ་མི་ཕོ་གསོད།། བྱ་ཕོ་གདང་ལ་འཛེག་པའི་ཡར་ལྟ་མེད་པར།། ཞུམ་བུ་སྐས་ལས་བབ་པའི་མར་ལྟ།། བྱ་ཁྭ་ཏ་ཕོ་རོག་སྐྱུང་གསུམ།། ལུས་ནག་ཀྱང་སེམས་པ་དུང་ལས་དཀར།། བྱ་ཚོགས་ནང་གི་ཁྲུང་ཁྲུང་།། མི་ཚོགས་ནང་གི་ཕོ་རྒོད།། བྱ་ཟིན་ཉ་ཟིན་བྱེད་པར།། མགོན་པོ་ཕྱག་དྲུག་མ་རེད།། བྱ་མ་འོག་ནས་བུ་དྲོས་པ།། བྱ་བརྒྱ་ཁ་ཤར་ལ་ལྟ་དུས།། པུ་ཤུད་ཁ་ནུབ་ལ་ལྟ།། བྱ་ལ་འཕུར་རྩལ་ཡོད་ན།། གནམ་ལ་མུ་མཐའ་མེད།། བྱ་ཁུ་བྱུག་ཟེར་དུས་དགའ་མོ་ཆ།། འབུ་ནག་འཐུས་ཟེར་དུས་སྡུག་མོ་ཆ།། བྱ་ཚང་སྒོ་མ་འགྲིམས་པའི་གཏམ་དང་།། མེ་དུ་བ་མ་ཡལ་བའི་ཚིག་དྲོན་མོ།། བྱ་བ་ཐབས་ཟད་དང་།། སྦུད་པ་དབུགས་མེད་དུ་མ་འགྱུར་བ།། བྱ་སྐྱ་ཀ་ལ་མཛེས་པ་དང་།། ཤིང་ཐང་ཤིང་ལ་སྤམ་པ་དང་།། བྱ་དེ་དེ་ཕོར་སྒོང་ཁྲལ་འདུག ། ཁྲ་ཆུང་གླང་གོག་ཤི་ན་དགའ།། བྱ་རོག་ལུས་དཀར་གྱུར་པའི་ངལ་བ།། བྱ་ལག་མེད་རྒུམ་བུ་མཆུ་ཡིས་འཐུ།། དཔོན་གཡོག་མེད་རྟ་སྒ་རང་གིས་བསྟད།། བྱང་སྐྱ་སེར་གྱི་རླུང་དེ་མ་བརྒྱབ་ན།། ལྷོ་སྔོ་ལྗང་གི་ནགས་ཚལ་འགུལ་དོགས་མེད།། བྱང་ཚྭ་ཁ་ནོར་བུའི་བང་མཛོད།། བསྙབས་པ་ལག་པ་སུ་རིང་།། བྱང་ཚྭ་ལོན་ན་གཡག་གུ་ཤི་ཡང་ཤི།། བྱང་སྐྱི་སེར་རླུང་པོ་མ་བརྒྱབས་ན།། ལྷོ་ཙནྡན་ཤིང་ནགས་འགུལ་མི་ཡོང་།། བྱང་འབྲོང་ལ་མདའ་མོ་འཕེན་བསམ་ན།། བུ་རང་གི་མཐེ་བོང་རྩལ་ལ་ཐུག ། བྱང་ཚྭ་ཁར་སླེབས་དུས།། ཏི་རིས་མིད་པ་འཆུས།། བྱམས་པོ་བྱས་ན་དགྲ་ཡང་གཉེན་དུ་འགྲོ།། རྩུབ་ཚོད་མ་ཟིན་བ་ཡང་ཞེན་པ་ལོག ། བྱས་ན་བྱུང་ན་ཡོང་ན་གསུམ།། དེ་གསུམ་གཏམ་གྱི་ཐ་མ་ཡིན།། བྱས་པ་ཆེ་ན་གྲགས་པ་ཆེ།། བྱས་བྱུང་རྣམ་དབྱེ་ཆོད་པ།། བྱས་པའི་རྗེས་དང་དྲུད་པའི་ཤུལ།། བྱས་བྱུང་ཨ་ཕའི་ཇ་ཆང་མེད་པར།། མ་བྱུང་ཨ་མའི་རྒྱུག་རྡུང་།། བྱས་པ་རྗེས་མེད་དང་བྱུགས་པ་ཤུལ་མེད།། བྱི་བ་སྨུག་ཆུང་ལྟོ་ལ་ཟ་འདོད་ཀྱིས།། ས་མདའ་སྐེ་ལ་ཟུག་པ་ཟ་མའི་དོན།། བྱི་བ་རྒྱགས་ཀྱང་སྤར་མོ་གང་།། གླང་ཆེན་གུད་ཀྱང་རྒྱབ་ཁལ་གཅིག ། བྱིས་པ་འོ་མས་ཁ་འཚིགས་ནས།། ཞོ་ལ་ཕུ་ཡང་འདེབས་བཞིན་འཐུང་།། བྱེ་མ་བཙིར་ན་སྣུམ་མ་དོན།། བྱེ་མ་བཙོས་ནས་ཟས་མི་ཡོང་།། སྲན་མ་བཙོས་ནས་ཆང་མི་ཉན།། བྱེད་པ་དོན་ལ་རྨོངས།། ལྟ་མཁན་སེམས་ལ་གསལ།། བྱིའུ་ཅོག་མོ་ཆོས་སེམས་ཆེ་ལེ་མིན།། ཡུལ་ལྷ་ས་བར་ཐག་ཉེ་ལེ་རེད།། བྱེའུ་ཆུང་གསུང་སྐད་སྙན་ཡང་།། སྐུ་ཤ་རྒྱ་སྲང་དོ་རེད།། བྱིའུ་ཆུང་ཕར་འཕུར་ཚུར་འཕུད།། ནས་ཕུང་གཏོར་བརླག་བཏང་ཡོང་།། བྱི་ཕྲུག་ཨ་མའི་སྡུག་གྱོང་ཡིན།། སྡོད་མ་ཚུགས་ན་ཡོང་རྒྱུ་དེ་རང་ཡིན།། བྱིའུ་འཇོལ་མོ་ཉལ་ས་ཚེར་དཀྱིལ་ཡིན།། སྡོད་ཤེས་ན་ཚེར་དཀྱིལ་བལ་ལས་འཇམ།། བྱིའུ་ཕྲུག་ཐང་ལ་ལུས།། དྭ་ཕྲུག་སྲང་འགག་ལུས།། བྱིའུ་ཞན་ཡང་འབུ་ཐུབ།། བྱ་ཞན་ཡང་འཕུར་ཐུབ།། བྲེ་གང་བཟས་པ་ལས།། ཕུལ་གང་བྱུག་པ་དགའ།། བྲེས་སེར་འབྲོང་གི་རྭ་དང་།། དམར་ཡག་སྟག་གི་མཆེ་ནས་ག་ལ་ཐར།། བྲེ་སྲང་ལོགས་ལ་བཞག་ནས།། མར་ལ་སྤོམ་ཚོད་དགོས་དོན་མེད།། བྲོས་ན་འཆི་བདག་ཁ་ནས་ཐར།། འཐབ་ན་གཤིན་རྗེ་ཆོས་རྒྱལ་ཕམ།། བྱུ་རུ་དམར་པོའི་ཁོག་པ།། སྲིང་སྐུད་ནག་པོས་བརྒྱངས་པ།། སྦྱངས་ན་ཡོན་ཏན་ཀུན་ལ་མཁས།། ལུག་རྫི་འུར་རྡོ་རྒྱག་ལ་མཁས།། བྲག་གསེ་ཐང་ཤིང་སྐྱེ་བ་དཀའ།། སྐྱེ་ནས་ལོ་འདབ་སེར་བ་དཀའ།། བྲག་དམར་པོ་འགྱེལ་ན་ལ་མི་དགོས།། ཆུ་གཙང་པོ་བརྒལ་ན་རབ་མི་དགོས།། བྲག་ཐོག་གླ་བས་རྡོ་ཞིག་བསྒྲིལ།། ཆུ་ནང་ཉ་མོའི་མགོ་བོ་བཅག ། སྟོང་དེ་ཝ་སྤྲེ་གཉིས་ལ་ཁྲིད།། བྲག་དམར་རྒོད་ཚང་མཐོ་གང་།། བྲག་མ་བཤིག་རྒོད་ཕྲུག་ལེན་འགྲོ་དགོས།། བྲག་ལ་སྐད་ཆ་སྙན་པོ་མ་བཤད་ན།། ལན་ལ་བྲག་ཅ་སྙན་པོ་ག་ནས་ཡོང་།། བྲང་ཆུང་ལ་མ་སྦངས་པར།། རྐྱལ་ཉ་འདྲ་རྒྱག་སྙིང་འདོད།། བླ་མའི་ཐུགས་ལའང་མིན་འདུག ། དཔེ་ཆའི་ནང་ལའང་མིན་འདུག ། བླ་མ་ཡོད་ཐོག་ལ་ཆོས་དང་།། དཔོན་པོ་ཡོད་ཐོག་ལ་གནང་སྦྱིན།། བླ་མ་རང་མགོ་མ་ཐོན་པར།། གཤིན་པོའི་ཡར་འདྲེན་ཕར་བཞག་རེད།། བླ་མ་གདུགས་དང་རྒྱལ་པོ་གདན།། མཛེས་མ་རྒྱན་དང་མ་བྲལ་ཟེར།། བླ་མས་དྲིལ་བུ་གང་བཞག་ལས།། དྲིལ་བུས་བླ་མ་གང་བཞག་མིན།། བླ་མས་གནང་ན་མཛད་པ་དང་།། ཉེ་གནས་ཀྱིས་བྱས་ན་ངན་སྤྱོད།། བླ་མས་བྱ་མོ་གསོད་ཆོག་ན།། ཉེ་གནས་ཀྱིས་སྒོ་ང་རྐུ་མི་ཆོག་མེད།། བླ་མ་རྟ་འདོད་པ་ལ་རྟ་དང་།། ཉེ་གནས་བ་འདོད་པ་ལ་བ།། བླ་མས་ཁྲིད་ན་བླ་མས་ཁྲིད།། རྐུན་མས་ཁྲིད་ན་རྐུན་མས་ཁྲིད།། བླ་མ་ཕལ་ཆེར་ཕྱུག་པོའི་བུ་ལ་འཁྲུངས།། མེ་ཏོག་ཕལ་ཆེར་ཆུ་བོའི་འགྲམ་ནས་སྐྱེས།། བླ་མ་མཇལ་དུས་ཉམས་རྟོགས་དང་།། དཔོན་པོ་མཇལ་དུས་རྒྱུ་རྐྱེན་སོམས།། བླ་མ་ཕེབས་ཙམ་ཕེབས་ཙམ།། དྲིལ་བུ་དཀྲོལ་ཙམ་དཀྲོལ་ཙམ།། བླ་མས་ཞབས་འདྲེན་ཞུ་བར།། ཉེ་གནས་ཨོམ་པོ་ཙོག་ཙོག ། བླ་མས་ཅི་གསུངས་ཆོས་དང་།། མཛུབ་མོས་གར་བསྟན་ཤར།། བླ་མས་གསོལ་དཀྲུམ་མི་བཞེས་ཟེར།། ཤ་ཚོམ་པོ་གཟིགས་ན་དམར་ཏོ་བསྐྱོན།། བླ་མའི་ན་བཟའ་འཐོག་འཐོག་ལ་ཟད།། བླ་མས་ལུག་གསོད་ཆོག་ན།། ཉེ་གནས་ཀྱིས་ཤ་ཁུ་འཐུང་མི་ཆོག་པ་མེད།། བླ་མ་ཨེམ་ཆི་ཡིན་ཀྱང་།། རང་ལ་ཐུག་ན་རོགས་པ་དགོས།། བླ་མ་བརྒྱགས་པའི་བརྒྱགས་ལྷག ། ཉེ་གནས་ལྟོགས་ཀྱང་མི་ཞུ།། བླ་མས་ར་བསད་ཆོག་སར།། ཉེ་གནས་ཀྱིས་རྒྱུ་མ་བརྒྱངས་མི་ཆོག་པ།། བླ་སྲོག་མེད་པའི་བེམ་པོ།། ལ་རྒྱ་མེད་པའི་དུད་འགྲོ།། བླ་མས་རྒྱ་གྲམ་གང་བཞག་ལས།། རྒྱ་གྲམ་གྱིས་བླ་མ་གང་བཞག་མ་རེད།། བླ་མ་མཉེས་ཀྱང་མ་མཉེས་ཀྱང་།། སྐུ་གདུང་ཚེས་པ་བཅོ་ལྔར་ཡིན།། བླ་མ་ཁྲི་ཐོག་ནས་སངས་རྒྱས།། གྲྭ་པ་ཁྲི་འོག་ནས་སངས་རྒྱས།། བླ་མའི་གཟིམ་ཆས་སྒང་ལ་ཡོད།། ཁལ་ལོག་ཐེབས་ན་འོག་ལ་ཡོད།། བླ་མའི་མར་བླ་མའི་ཁྱིམ་བཟས།། བླ་མ་ཕྱིན་ནས་ཆོས་ཞུ་དྲན།། བླུན་པོས་བསྟོད་པལས།། མཁས་པས་སྨད་པ་དགའ།། བླུན་པོ་ཆུ་སྣེ་གར་འཁྲིད།། བླུན་པོས་མི་ཤེས་ཤོད་པ་དེ།། རང་སྐྱོན་རང་གིས་སྒྲོག་དང་མཚུངས།། བླུན་པོས་ནོར་ནག་གཅིག་ནོར།། མཁས་པས་ནོར་ན་བརྒྱ་ནོར།། བློ་གྲོས་ཁོག་པའི་ནང་དུ་རྒས།། ཤིང་བཟང་པགས་པའི་འོག་ཏུ་རུལ།། བློ་རྩེ་གཉིས་ཀྱིས་དོན་མི་གྲུབ།། ཁབ་རྩེ་གཉིས་ཀྱིས་ཚེམ་བུ་མི་ཡོང་།། བློ་གྲོས་ཡངས་དོག་གཏན་ནས་ཤེས།། ལུང་ཐག་རིང་ཐུང་ཕུ་ཆུས་ཤེས།། བློ་གྲོས་ཕ་དང་མ་ལ་དྲིས།། འདུན་མ་ཉེས་ཀྱང་འགྱོད་རྒྱུ་མེད།། བློ་ཆེ་ཆུང་དོ་ལ་བཀལ་ན་ཤེས།། དཔའ་ཆེ་ཆུང་འགག་ལ་ཐུག་ན་ཤེས།། བློ་རྒྱ་ས་གཞི་ལས་ཆེ་ཡང་།། བྱ་བ་རྡུལ་ལྟར་ཞིབ་དགོས།། བློ་རྒྱ་མེད་པའི་དམག་དཔོན་དེ།། ཝ་མོས་གོ་ཁྲབ་གྱོན་པ་འདྲ།། བློ་རིག་མཐོ་གང་ལ།། སྐད་ཆ་འདོམ་གང་།། བློ་ཕར་བསྟུན།། གྲོས་ཚུར་སྒུགས།། བློ་རིག་རྟ་རྒོད་འཕྱོ་འཕྱོ།། ཁོང་སྙིང་ལུ་གུ་ལྡིང་ལྡིང་།། བློ་རེ་བའི་གཏོད་ས་དང་།། ཕྱག་མཆོད་པའི་འབུལ་ས།། བློ་གཏད་གངས་རིར་བཅོལ་ནས།། ཞིང་ཆུང་ཐན་པས་འཚིགས་སོང་།། བློ་གཏད་སྤང་ལ་བཅོལ་ནས།། ལུ་གུ་རྫ་ལ་ཤོར་བ།། བློ་མི་ལ་དྲིས།། རང་མགོ་བོ་འཁོར།། བློ་ཕྱི་གཏད།། གྲོད་པ་ནང་གཏད།། བློས་གྲོད་པར་བཀལ།། གྲོད་པས་ཆུ་གློད།། དབང་ཆེན་རི་ལ་མ་ཤོར་བ་དང་།། ཉམས་ཆུང་སྒོ་རྒྱབ་མ་ལུས་པ།། དབང་ཆ་ཡོད་ན་ཐམས་ཡོད།། ཡིན་ཀྱང་ན་དབང་ཤི་དབང་མེད།། དབང་ཨ་ཕ་ཆེ་ཡང་།། གཉིས་ཨ་མར་བདག ། དབང་མི་ལག་དང་།། ཅོ་ཏོ་ཤིང་ཁར་ཤོད།། དབུ་མཛུད་མང་ན་འདོན་པ་འཁྲུག ། ཇུས་དཔོན་མང་ན་ཇུས་གཞི་འཁྲུག ། དབུལ་པོ་གྲོད་པས་མ་བཞག ། འགྲང་པོ་ཧམ་པས་མ་བཞག ། དབུལ་པོ་ལ་རྒྱུ་ཡོད་ན།། ཕྱུག་པོ་གཉིད་མི་ཁུག ། དབུལ་པོའི་བསམ་པ་དུང་ལས་དཀར།། ཕྱུག་པོའི་བསམ་པ་སོལ་བ་ལས་ནག ། དབུལ་པོས་དབུལ་པོ་སྐྱོར་བ་འཁོར་བའི་ཆོས་ཉིད།། དབྱར་ཉི་མས་ཕྱི་བལྟས་སློག ། ཨ་ཕོ་རྫི་བོའི་ཞྭ་མི་བསྐམ།། དབྱར་གྲོག་ཁར་མ་འགྲོ།། དགུན་ཤིང་རྩེར་མ་འཛེགས།། དབྱར་མི་སྔོ་དགུན་མི་སྐྱ།། ལྷ་ཤིང་ཤུག་པའི་དཔེ་ལྟར།། དབྱར་སྔོ་བའི་ཐོག་ལ་ཁུ་བྱུག ། དགུན་སྐྱ་བའི་ཐོག་ལ་ཁ་རླུང་།། དབྱར་ཁའི་ཉི་མར་བདག་པོ་མེད།། དགུན་ཁའི་ཉི་མར་བདག་པོ་ཡོད།། དབྱར་ཆུ་སྔོན་མོ་མ་བབས་ན།། དགུན་རྩྭ་ཁམ་གང་ཅི་ལ་རག ། དབྱར་གཙང་པོའི་ཟུར་ལ་མ་འགྲོ།། དབྱར་ཁ་སྤང་ལ་མི་སྐྱེ་དགུ་སྐྱེ།། འཇིག་རྟེན་མི་ལ་མི་ཡོང་དགུ་ཡོང་།། དགུན་རི་བོའི་རྩེར་མ་འགྲོ ། དབྱར་ཁ་ལྕགས་ལ་བདག་པོ་རྒྱོབས།། དགུན་ཁ་རྫ་ལ་བདག་པོ་རྒྱོབས།། ནམ་ཞག་རྒྱུན་དུ་ཁ་ལ་བདག་པོ་རྒྱོབས།། དབྱར་ལམ་དུ་མ་མཇལ་ཡང་།། དགུན་ལམ་དུ་མཇལ་ཡོང་།། དབྱར་གཞུག་གངས་ལ་འཁྱོལ།། གངས་དཀར་མཐའ་ལ་འཁྱོལ།། དབྱར་ཞིང་ལས་བྱེད་དུས་ཨ་ཁུའི་གཡོག ། དགུན་བལ་ལས་བྱེད་དུས་ཨ་ནེའི་གཡོག ། དབྱི་དཀར་པོའི་རྒྱུ་མ་དང་།། ཤེལ་དཀར་པོའི་མཆོད་རྟེན།། འབག་བརྒྱ་ལས་སེང་གེ་གཅིག་དགའ།། འབག་ཕར་གཡོགས།། རྫིག་རལ་ཚུར་བསྟན།། འབངས་ཀྱི་སྐྱིད་སྡུག་དཔོན།། བུ་ཚའི་རེ་གནས་ཕ་མ།། འབངས་མེད་རྒྱལ་པོ་མིན།། འབྱོར་མེད་སྤྲང་པོ་ཡིན།། འབད་པ་རི་ཙམ་བྱས་པ་ལས།། བསོད་ནམས་ཏིལ་ཙམ་བསགས་པ་དགའ།། འབུ་ཆུང་གྲོག་མའི་སྐེད་པ་ལ།། མི་ཆག་གསེར་གྱི་རྡོ་རྗེ།། འབུ་ས་འོག་ས་སྡོད་པར།། བརྙས་གྲོ་མ་བརྐོ་བརྐོ།། འབུ་ཆེ་བས་ཆུ་ཟོས།། མི་དབང་ཆེན་གྱིས་དབང་ཆུང་སྙད།། འབོད་མཁན་མེད་པའི་ལྷང་ལྷང་།། རྒྱག་མཁན་མེད་པའི་བྲོས་རྩིས།། འབྱུང་ནམ་མཁའ་དང་།། འཐིམས་ས་གཞི།། འབྱོར་ན་དྲེགས་པ་དང་།། རྒུད་ན་ཞུམ་པ་སྤོང་དགོས།། འབྲུ་སྲན་མ་མིན་པ་ཆང་ལ་ཕབ།། སྒོ་ཁྱི་ནག་མིན་པ་བཤས་ལ་ཕབ།། འབྲུ་སྣ་སྤང་ལ་གཏོར་ན་འབྲས་མེད།། ས་བོན་ཞིང་ལ་བཏབ་ན་དོན་ཡོད།། འབྲུ་མེད་སྙེ་མ་གོ་འཕང་མཐོ།། ཡོན་ཏན་མེད་མཁན་ང་རྒྱལ་ཆེ།། འབྲུ་རིགས་གནམ་ལ་འཕྱར་ན།། ཡང་སོག་རླུང་གིས་ཆོད་ཡོང་།། འབྲུའི་བུ་ལོན་ཡོད་ན་རྒྱ་སྲན་བཏབ།། དངུལ་གྱི་བུ་ལོན་ཡོད་ན་ཕག་པ་གསོས།། འབྲུ་ས་འོག་བཏབ་རྗེས།། གཡོག་བྱེད་རྒྱུ་འགག་རྩ།། འབྲུ་མ་བཏབ་ན་མི་སྐྱེ།། ཐག་མ་བཅད་ན་མི་ཆོད།། འབྲུག་གཟུགས་གཅིག་ལྟར།། འཐུས་ཚང་ཡོང་བ་བྱེད།། འབྲུག་སྐད་དང་ཆར་པ་དུས་མཉམ་དུ་བྱུང་ན།། གཏམ་དང་དོན་གཉིས་མཚུངས་པ་ཡིན།། འབྲུག་མ་གྲགས་གོང་ལ།། ཐོག་ལུག་རོ་ཙམ་བརྒྱབ།། འབྲུག་སྐད་རྒྱག་པ་ལས།། ཆར་པ་མི་འབབ་པ།། འབྲོང་བྲེ་སེ་སྡོད་ས་རྫ་དཀྱིལ།། སྡོད་ཤེས་ན་རྫ་དཀྱིལ་དར་ལས་འཇམ།། འབྲོང་ཚུར་རྒྱུགས་ར་སྣེ་རྡོག་པ་གནོན།། སྟག་པར་རྒྱུགས་མཆེ་བ་ལག་པས་འཛིན།། འབྲོང་རྒོད་དེ་ཤི་ཡང་གཡག་རྒྱབ་དགུ།། ཙི་ཙི་རྒྱགས་ནས་ཤི་ཡང་སྦར་མོ་གང་།། འབྲོང་བྲེ་སེར་ཁལ་འཁྱེར་ཡོང་ལེ་མིན།། སྟག་དམར་གཡག་སྒོ་ཁྱི་ཡོང་ལེ་མིན།། འབྲོང་བསད་པས་མི་ཆོག་རྔ་མའི་དར་ལྕོག ། སྦ་གསང་མེད་པའི་སྐྱོན་བརྗོད་དེ།། སྙིང་གཏམ་ཡིན་པས་མང་ཙམ་ཉོན།། སྦལ་པ་མཐོང་དུས་ཅོང་མོ་སངས་རྒྱས་རེད།། སྦལ་པ་རྨ་ཅན་གཅིག་གིས་སྦལ་ཚང་ཕུང་།། སྦལ་པར་ཁལ་བཀལ།། ལྕོང་མོར་འོ་མ་བཞོས།། སྦལ་པར་སྙིང་སྟོབས་མེད་ན།། རྒྱ་མཚོར་མཆོངས་མི་ནུས།། སྦལ་པས་ང་སྦོམ།། སྦྲུལ་གྱིས་ང་རིང་།། སྦུད་པ་ལྡིར་སྒྲ་ཆེ་ཡང་ལག་པའི་འོག ། སྦོ་ཆུ་ལ་སྦངས་མ་དགོས་པར།། རྐྱལ་ཉ་འདྲ་བ་རྒྱག་སྙིང་འདོད།། འབྲུག་གི་སྤར་རྡོ།། དྲེད་མོའི་སྙིང་རྡོ།། འབྲུག་སྒྲ་ཆེ་ལ་ཆར་ཐིགས་ཆུང་།། འབྲུག་མེད་པའི་འུར་སྒྲ།། མཛོ་མེད་པའི་ཨོག་སྐད།། འབྲེལ་མེད་ཀྱི་སྐད་ཆ་མ་ཤོད།། མཁོ་མེད་ཀྱི་དངོས་པོ་མ་ཉོ།། འབྲོག་པ་ཇི་ལྟར་ཐབས་སྡུག་ཀྱང་།། དཀྱིལ་འཁོར་སྟེང་ལ་སྡོད་ལེ་མིན།། འབྲོག་པ་ཁྱིམ་འདེད་པའི་གྲལ་འགོ།། ཉི་མ་མེ་ཁྱེར་དུ་འཛིན་པའི་ལོག་རྟོག ། འབྲོག་པ་ཁྱིས་དེད་ཀྱང་།། རྒྱབ་ལག་མི་ཞིག ། འབྲོག་པ་དབུས་ལ་འཁྱགས།། དབུས་པ་འབྲོག་ལ་འཁྱགས།། འབྲོག་མ་འཆམ་རྩྭ་ཁ་ཆུ་རགས།། ཞིང་མ་འཆམ་ས་ཁང་མི་གསུམ།། སྦྱིན་བདག་འདོད་པ་མ་བསྟུན་ན།། བཟོ་པ་མཁས་ཀྱང་དོན་གོ་ཆུང་།། སྦྱིན་བདག་དད་པ་ཆེ་སར།། རྣལ་འབྱོར་རྒྱུན་མ་རིང་།། སྦྲ་སྒོ་ཤར་ལ་བསྟན།། ཡིན་ལུགས་ཚུལ་དང་མཐུན།། སྦྲང་མ་མེ་ལྕེས་ལྕེབས།། སྲེད་ལྡན་འདོད་པས་ཕུང་།། སྦྲང་མའི་གཤོག་པས་རི་རྒྱལ་ལྷུན་པོ།། སྦྲང་མས་བལྟས་ན་མེ་ལྕེ་གཞལ་ཡང་ཁང་།། སྦྲང་མ་མེ་འོད་དུ་མ་ཆས།། སྦྲང་རྩིས་བྱུགས་པའི་སྤུ་གྲི།། སྦྲུལ་བཙིར་ན་ཡན་ལག་ཐོན།། སྦྲུལ་དང་རྩེད་ན་སྲོག་དང་ཉེ།། སྦྲུལ་མདུད་སྦྲུལ་གྱིས་ཤིག ། སྦྲུལ་དང་ཐག་ཁྲ་ནོར་ཉེན་ཡོད།།

༼ མ ༽

       མ་བསླབས་མཁས་པ་ཡོང་མི་སྲིད།། བསླབས་ནས་མ་ཤེས་ཡོང་མི་སྲིད།། མ་ཤེས་ཁ་རོག་བསྡད་པ་ན།། ལོ་བརྒྱ་སོང་ཡང་བཟང་སྐྱེད་མེད།། མ་བསྙབས་གནམ་ལ་བསྙབས་ན།། རྐང་པའི་རྟིང་རྩ་ཆད་ཉེན་ཡོད།། མ་མཐོང་མཐོང་བའི་ཤོད་ཤོད་མང་ན།། རྟོགས་ལྡན་རྒན་པོའི་རྫུན་རྐུབ་བརྡོལ།། མ་བསམས་པའི་ཞལ་ལྕེ་མ་གཏོང་།། གང་ཐོག་ཅི་བབས་མི་ཤེས།། མ་བསླབ་མཁས་པ་ཡོང་མི་སྲིད།། བསླབས་ན་ནེ་ཙོས་མ་ཎི་འདོན།། མ་མ་བཙུན་མ་ཆང་མ་གསུམ།། བུད་མེད་གསུམ་ལ་རྣམ་པ་གསུམ།། མ་མཐོང་ན་མཐོང་ས་ནས་ལྟོས།། མ་ཤེས་ན་རྒན་རབས་ལ་དྲིས།། མ་གཅིག་བུ་གཅིག་ཁོག་པའི་སྙིང་།། མ་བཤད་གཏམ་དེ་ག་དུས་བཤད་བཤད་ཡིན།། བཤད་ནས་འགྱོད་པ་བྱེད་པ་ཐ་མའི་ལས།། མ་བཤད་གཏམ་ལ་རང་དབང་ཡོད།། བཤད་པའི་གཏམ་ལ་རང་དབང་མེད།། མ་འཆང་ཝ་རྔ་སྦོམ་པོ་དེ།། འཆང་ན་གང་ཡིན་ཤེས་པ་ཡིན།། མ་ཤེས་གོང་ཕུད་དང་ཤེས་པ་དང་ལེན།། མ་གྱུར་ན་བློ་མིན།། མ་ཁུག་ན་སེམས་མིན།། མ་བཤད་ན་ཕས་ཀྱང་མི་གོ་བས་ལྷུག་པར་ཤོད།། མ་བསྐུལ་ན་བུས་ཀྱང་མི་ཉན་པས་སྐུལ།། མ་རྐུ་བསམ་པས་རྐུ་མ་བརྐུས།། སྤྱན་རས་གཟིགས་ཀྱིས་རྩམ་པ་འགམས།། མ་ངར་མ་ངར་ཕ་ཡི་བུ།། ངར་བའི་བུ་ལ་ཡོན་ཏན་མེད།། མ་བསླབས་ན་སུས་ཀྱང་མི་ཤེས་པས་མཁས་པར་སློབ།། མ་བྱིན་ན་བུ་ཡང་འཁོར་དུ་མི་འདོད་པས་བག་ཙམ་རེ་བྱིན།། མ་ཡུར་ནང་དུ་ཆུ་ཡོད་ན།། ཆུ་ལག་ཆུ་ཡིས་ཁེངས་པར་གྱུར།། མ་ཤེས་ཤེས་མདོག་བྱས་ན་སྐྱོན།། ཤེས་ནས་མ་བཤད་ནའང་སྐྱོན།། མ་བཤད་ན་མི་གོ ། མ་གཞུས་ན་མི་ན།། མ་ཞིམ་པ་སྤགས་ལ་སྤྱོད་པའི་ཤ་འབུ་མགོ་ནག ། མ་ཞིམ་ན་ཡང་སོ་ཁྲག་ཁོང་དུ་མིད།། མ་དགའ་ནའང་ལྷ་གསོལ་གསོལ་བྱེད།། མ་འདོད་ཐམས་ཅད་ལས་ཡིན།། མ་འདོད་ཚ་བ་འཁྲི་ཡང་།། ཉི་མ་ལས་ཀྱིས་འཕྲོས།། མ་འདྲིས་བྱང་ཐང་སྐྱ་བོ།། འདྲིས་ན་རང་གི་ཕ་ཡུལ།། མ་ལ་མིང་པོ་མེད་པར།། བུ་ལ་ཞང་པོ།། མ་ཡི་བུ་ནི་ཀུན་ཀྱང་ཡིན།། ཕ་ཡི་བུ་ནི་རེ་རེ་ཙམ།། མ་ཡག་བུ་མོའི་གླེང་གཞི།། ཡག་ན་གླེང་གཞི་ཨེ་ཡོང་།། མ་བྲིན་པའི་ཟོག་རོ་སྒོ་རྩར་ལྷག ། མ་མྱོང་པ་ལ་ཡུགས་ས་ཕོག ། ངུ་བར་ཕྱིན་ཀྱང་གད་མོ་ཤོར།། མ་བྱམས་པ་དྲིན་ཆེ།། མ་ཞིམ་པ་ཕོག་དུག་ཆུང་།། མ་འདོད་བུ་མོའི་མིག་ལོག ། མ་བདག་བདག་ཏུ་བཟུང་།། བདག་པོ་སྒོ་རྒྱབ་ཕུད།། མ་གོ་བའི་རྣ་ཅོག་འབྲེག་ཐབས་མེད།། མ་མཐོང་བའི་མིག་འབྲས་འདོན་ཐབས་མེད།། མ་རིག་མུན་པ་མཐའ་ནས་གསལ།། མ་ནུས་ཞུ་ས་དཔོན་དང་།། ཆད་ན་འཇུ་ས་རྟ།། མང་ན་རྒྱལ་པོའི་སྙན་ལ་གཟན།། ཉུང་ན་བློན་པོས་བརྡ་མི་སྤྲོད།། མང་པོའི་དཀྱིལ་དུ་ཁ་ལ་བརྟག ། གཅིག་པུར་སྡོད་དུས་སེམས་ལ་བརྟག ། མང་ཇ་མ་རེད་ཉུང་ཇ་རེད།། རྒྱ་ནག་རྒྱལ་པོའི་གསོལ་ཇ་རེད།། མང་པོའི་དཀྱིལ་དུ་རེ་གཉིས།། གསེར་གྱི་དཀྱིལ་དུ་བྱེ་མ།། སྦལ་པའི་དཀྱིལ་དུ་རྨ་ཅན།། མང་ལ་བརྟེན་ན་མཁས་པ་ཡིན།། ལྟོ་ཚོད་ཟིན་ན་སྨན་པ་ཡིན།། མང་པོ་གཅིག་ཏུ་བློ་མཐུན་ན།། ཉམ་ཆུང་གིས་ཀྱང་དོན་ཆེན་གྲུབ།། མང་པོས་བཀྱག་ན་ལྕམ་ལས་གདུང་མ་ཡང་།། མང་ཉུང་བྲེ་ལ་འཇོལ།། ཡང་ལྕི་སྲང་ལ་འདེགས།། མང་པོ་མ་སྨྲ།། སྨྲ་ཚད་སེམས་ལ་སྨྲོས།། མར་མེ་སྣུམ་ཟད་དང་།། བྱ་རྒན་སྒྲོ་ཟད།། མར་རྡོག་ལ་དགའ་དྲགས་ན།། དཀར་གོང་གིས་སོ་བཅག ། མར་སྐོགས་མར་གྱིས་མི་འཐུལ།། ཆོས་འདྲེ་ཆོས་ཀྱིས་མི་འཐུལ།། མཆུ་ཏོ་ཆུ་ཡིས་མི་བངས།། མར་གྱི་དཀྱིལ་ནས་སྤུ་དང་།། བཟང་པོའི་དཀྱིལ་ནས་ངན་པ་བཏོན།། མར་ལྟང་སྙས་ལ་རྒྱག་པ་མགོ་སྣུམ་པའི་ཁྱད་ཡིན།། མར་ཁུར་སྡོར་དང་།། ཚེར་མར་རྣོ་འདོན་མི་དགོས།། མར་ཆེན་མར་ཁུའི་རྒྱ་མཚོ།། ཤི་ནས་དམྱལ་བའི་རྒྱ་མཚོ།། མི་དམངས་ཁ་དེ་དུག་ཡིན།། མི་དམངས་ལག་དེ་གསེར་ཡིན།། མི་བརྒྱ་ལ་སེམས་པ་བརྒྱ།། མཛོ་བརྒྱ་ལ་རྭ་ཅོ་ཉིས་བརྒྱ།། མི་བརྒྱ་སེམས་གཅིག ། རྟ་བརྒྱ་འགྲོས་གཅིག ། མི་སེམས་གཅིག་ཏུ་བསྒྲིལ་ན།། རི་རྒྱལ་ལྷུན་པོ་སྤོ་ཐུབ།། མི་གཅིག་ལ་གཅིག་བརྟེན།། རྫ་ཁ་ལ་ལུང་བརྟེན།། མི་རྒན་པའི་ཁ་ལ་ཉོན།། ཇ་ཞིམ་པོའི་བྲོ་ལ་ལྟོས།། མི་གོ་མེད་ཅིག་ལ་བཤད་པ་ལས།། ལ་ཁག་པོ་ཞིག་ལ་འཇུས་ན་དགའ།། མི་ཚེ་བཟང་ཕྱེད་ངན་ཕྱེད།། མི་དྲང་དགོས།། ལྷ་མཚར་དགོས།། འབག་བརྗིད་དགོས།། མི་ལ་གནོད་པའི་གཏམ་མ་ཤོད།། རང་ལ་གནོད་པའི་དུག་མ་འཐུང་།། མི་ཡི་སེམས་ཤུགས་མ་རྒས་ན།། ལུས་རྒས་པར་དོགས་མི་དགོས།། མི་རྒྱུད་ལྷ་དང་།། ཆུ་རྒྱུད་གངས།། མི་དཀར་མགོ་ལ་ཞྭ་ནག་དང་།། རྟ་དཀར་མགོ་ལ་མཐུར་ནག ། མི་ཁ་ཆད།། སྒ་རྒྱུན་སྒྲོག ། མི་རྟ་ཁེར་རྒྱུགས་དང་།། མདའ་མོ་ཁེར་འཕེན་མི་རུང་།། མི་མདོག་ངན་ཁ་བདེ།། སྙེ་མ་ལོང་བ་གཟེངས་མཐོ།། མི་ངན་ལ་བཤད་ཀྱང་མི་ཉན།། ཁྱི་ངན་བཀག་ཀྱང་མི་ཐུབ།། མི་ངན་བསམ་སྦྱོར་མང་བ་དེ།། ལས་བཟང་དཔལ་དུ་ཤར་བ་སྲིད།། མི་ཤི་ཡང་རིགས་མི་ཆད།། རྟ་ཤི་ཡང་སྒ་སྟོང་མི་ལུས།། མི་ལ་རེ་དགོས་མ་མཐོང་།། དཔོན་ལ་ཞུ་དགོས་མ་མཐོང་།། མི་ལ་བསོད་ནམས་མེད་ན་གསེར་ཡང་བྱེ་མར་འགྱུར།། སེམས་ལ་དྲན་རྒྱུ་མང་ན་མི་ཡང་སྤྲེའུར་འགྱུར།། མི་ལ་བློ་ཐབས་མེད་ན།། ཤིག་གིས་མི་ཟ།། མི་རེག་སྟག་གི་ཁ།། མི་སྦྱར་འབྲོང་གི་རྭ།། མི་ངན་གར་འགྲོར་གཏམ་ངན།། བྱ་ངན་གར་འགྲོར་སྐད་ངན།། མི་མང་པོའི་ནང་ན་མཁས་པ་ཡོད།། ས་བྱེ་མའི་ནང་དུ་གསེར་ཡོད།། མི་སྐྱོན་གྲམ་པའི་རྡོ་དང་།། རང་སྐྱོན་རི་བོང་རྭ།། མི་ཡུལ་སྐྱིད་པའི་གོང་ང་ལས།། རང་ཡུལ་སྡུག་པའི་ཕྱ་ཁ་དགའ།། མི་ལ་རེ་འདོད་ན།། ཁྱི་ལ་ཕྱག་འཚོལ།། མི་འདུས་པ་ལ་ར་རྫི།། མི་ཁོག་པ་ལས་སད་སྲུང་།། མི་འདྲ་སོ་སོས་བྱས།། ཁག་ཞན་ལ་དཀྲིས།། མི་འཇོན་ཕོ་གསར་ཚོང་ལ་ཕྱིན།། ཚོང་ཟོག་ཇག་པའི་ལག་ཏུ་ཕུལ།། མི་གཅིག་རྐུ་འདོད་ན།། མི་བརྒྱས་སྲུང་མི་ཐུབ།། མི་ངན་པར་ཉམ་ཁུར་ན་ཇེ་ངན།། ཁྱི་ངན་པར་བར་བཀག་ན་ཇེ་བཙན།། མི་ལ་ཡོན་ཏན་ཡོད་ན།། གཞན་དང་བསྟུན་པར་མཁས།། མི་ཆུ་ལ་སྐུར་བར།། རང་ཆུའི་ཕྱེད་ཀ།། མི་བརྒྱ་ལ་བློ་རིག་བརྒྱ།། བྱ་བརྒྱ་ལ་སྒྲོ་རིས་བརྒྱ།། མི་ཉེས་མེད་ཆད་པས་བཅད།། ཆུ་ཉེས་མེད་ཟམ་པས་ཆད།། ཤིང་ཉེས་མེད་སྟ་རེས་བཅད།། མི་ལ་སྨོན་དགོས་མི་འདུག ། རང་གིས་བྱས་པས་མི་ཆོག་ག ། མི་ཡི་ཕ་མའི་ཕྱེ་མར་ཟ་བ་ལས།། རང་གི་ཕ་མའི་འགྲམ་ལྕག་གཟེད་པ་དགའ།། མི་ཞིག་ཡོང་ན་ཆུང་ནས་ཡོང་།། རྟ་ཞིག་ཡངོ་ན་རྟེའུ་ནས་ཡོང་།། མི་རྒོད་བཏུལ་ས་ཁྲིམས་ར།། རྟ་རྒོད་བཏུས་ས་བྲག་ར།། མི་ཚེ་རིང་ན།། ལྷ་ཤི་བའི་རོ་མཐོང་།། མི་ཚེ་རིང་པོར་སྐྱིད་གསུམ་སྡུག་གསུམ།། དཔྱིད་ཉི་རིང་པོར་གྲང་གསུམ་དྲོ་གསུམ།། མི་གཡོ་ཅན་གྲོགས་སུ་འགུགས་པ་དེ།། རྡོ་རིལ་རིལ་རྩིག་པར་འཇུག་དང་མཚུངས།། མི་ཐུག་ཐོད་པ་རྡོ་ལ་ཐུག ། རྡོ་སྒོར་སྒོར་མ་ཐུག་ཟུག་གསུམ་ཐུག ། མི་རྒྱུ་ཧམ་ཟ་བྱས་ན།། མིད་པའི་ནང་དུ་སྤུ་སྐྱེས།། མི་ངན་གཅིག་གིས་ཡུལ་ཚོ་དཀྲུག ། རྡོ་རིལ་གཅིག་གིས་རྩིག་པ་དཀྲུག ། མི་ལྕོག་པའི་ལས་ལ་མ་འཇུག ། མི་འཇོན་པའི་ལས་དེ་མ་རྩོམ།། མི་ཉན་པ་ལ་གྲོས་མ་འདེབས།། མི་འོང་པ་ལ་ལས་མ་བཅོལ།། མི་ཆེན་པོའི་ཤུགས་ཀྱིས་ག་འཁྱེར་དང་།། ཆུ་ཆེན་པོའི་རླབས་ཀྱིས་གང་སྐྱེལ་རེད།། མི་ངན་ལ་སྐྲ་ངན་སྐྱེ།། མི་ཆེན་འོག་ནས་མི་ཆུང་དྲོས།། མི་ལ་འཇོན་ཐང་ཡོད་ན།། སྐུ་གཟུགས་ར་ལས་ཆེ་མི་དགོས།། མི་ཡིས་ཞིང་ལ་གྱོང་སྟེར་ན།། ཞིང་གིས་མི་ལ་དེ་བཞིན་ནོ།། མི་ལ་ཤེས་རིག་འཇོན་ཐང་མེད་ན།། མི་སྐད་ཤེས་པའི་བོང་བུ་འདྲ།། མི་བཟང་ལ་ལྷ་བསངས་དང་།། མི་ངན་ལ་དུ་ངན།། མི་གྲལ་དུ་མི་ཚུད་པའི་མཛེ་བོ།། རྟ་གྲལ་དུ་མི་ཚུད་པའི་བོང་བུ།། ལུག་གྲལ་དུ་མི་ཚུད་པའི་ར་མ།། བྱ་གྲལ་དུ་མི་ཚུད་པའི་འུག་པ།། མི་ལ་གྲོགས་མཁོ་བས།། བཟང་ངན་འབྲིང་གསུམ་བསྟེན།། མི་ཞིམ་པའི་ཟས་ལ་སྣ་མ་གཉེར།། ཞིམ་པའི་ཟས་ལ་ཧུབ་མ་ཆེ།། མི་གཞི་ཡག་ལ་རང་འདོད་ཉུང་ངུ་འགྱིས།། ཀུན་དང་མཐུན་པར་འོང་ངོ་།། མི་སུམ་ཅུ་ལ་བསམ་པ་སུམ་ཅུ།། མཛོ་སུམ་ཅུ་ལ་རྭ་ཅོ་དྲུག་ཅུ།། མི་ཆེན་པོའི་འོག་ལ་ཁྲིམས་བཟོ་དང་།། ཆུ་ཆེན་ཟམ་པའི་འོག་ལ་རབ་བཟོ་དོན་མེད།། མི་ལ་འཇམ་མཁར་བྱས་ན།། དོན་འབྲས་ཤུགས་ཀྱིས་འགྲིགས།། མི་ཚེ་མགོ་མཇུག་མ་ལོག་པ།། མི་རེར་སྐྱོན་རེ་མེད་པ་དབུས་གཙང་ན་དཀོན།། ཤིང་ལ་འཛེར་པ་མེད་པ་དྭངས་ཀོང་ལ་དཀོན།། མི་ལ་མི་དགོས་པ་གྱོད་གཞི།། ཤིང་ལ་མི་དགོས་པ་འཛེར་པ།། མི་ལ་ཁ་མཆུ་རྒྱག་པ་ལ།། རང་ལ་ན་ནུས་ཤི་ནུས་དགོས།། མི་འདྲིས་པའི་རྩ་བ་ཚིག་ཡིན།། ཚིག་མེད་ན་གླེན་པ་ལུག་དང་འདྲ།། མི་མཐུན་རྟ་གཡག་མགོ་སྦྲེལ་དེ།། མ་འབྱར་རྡོ་ལ་སྦྱིན་སྦྱར་གཏོང་བ་འདྲ།། མི་ལ་དྲི་ངན་བྲོ་མདོག་བྱས།། བཙོག་པ་རང་གི་ཨམ་ཕྲག་ཏུ་ཉར།། མི་འདྲ་ཤྭ་རྭས་བྱས།། དགོ་རུ་གཉེར་མ་མང་བའི་མགོ་ལ་བསྐྱལ།། མི་ངན་ལ་དབང་བསྐུར་ན།། ཆུ་ཡང་བྲེ་ལ་འཇལ་གྱི་ཟེར།། མི་ཁྲིམས་འོག་ལ་མ་འདུས་པ་དང་།། རྟ་སྒ་འོག་ལ་མ་འདུས་པ་མེད།། མི་ཕོ་ལས་ཐོག ། རྟ་ཕོ་སྒ་ཐོག ། མི་གྲིབ་ལ་མི་དང་།། ཕ་གྲིབ་ལ་བུ།། མི་བདག་བདག་ཏུ་རེ།། བདག་པོ་སྒོ་ཕྱིར་འདོན།། མི་ཡུས་ཆེན་གྱི་ངོ་ལ་མ་ལྟ།། རྡུགས་ཆེན་ལ་ཁ་ལན་མ་རྒྱག ། མི་གོ་བ་ཅན་ལ་ཚིག་ལན་གཅིག ། རྟ་འགྲོས་ལྡན་དེ་ལ་ལྕག་ཚན་གཅིག ། མི་བདེན་པ་ལ་ཤག་མ་འདེབས།། མི་འགྲུབ་པ་ལ་ཁས་མ་ལེན།། མི་གཉིས་བར་ནས་རྫ་བཅག ། བློ་གཉིས་བར་ནས་དོན་འཕྱུག ། མི་རྙིང་པ་དགའ།། གོས་གསར་པ་དགའ།། མི་རྒྱའུ་ལ་སྤུ་དང་།། རྔ་མོང་ལ་ཤ་ཙོག་འདུག་མ་ཟེར།། མི་དང་མི་འདྲ་ན།། མི་གཡོག་སུས་རྒྱུག ། མི་ལ་རྒྱུ་དགོས།། རྒྱུ་ལ་བདག་པོ་དགོས།། མི་ལ་ཡོན་ཏན་དགོས།། ཕྱུགས་ལ་འོ་མ་དགོས།། མི་དང་ཞིང་ལ་སྐྱེ་ས་དགོས།། མི་ཐ་གསུམ་གྲོས་ན་མི་རབ་ཡིན།། མི་མང་ན་རོ་མང་།། རོ་མང་ཡང་དོང་ཁ་མི་ཁེངས།། མི་བསོད་ནམས་ཅན་དེ་བོད་ལ་སྐྱེས།། ཕྱུགས་བསོད་ནམས་ཅན་དེ་བྱང་ལ་སྐྱེས།། མི་བསླུ་བསམ་པས་བསླུས་བྱུང་།། བཟང་བཟང་ལྷ་མོས་བསླུས་བྱུང་།། མི་ཚོས་གང་བྱེད་བྱས་པ་ཡིན།། ཉར་ཁར་གཅིན་པ་བཏང་བ་ཡིན།། མི་ལ་པདྨ་བཀའ་ཐང་ཞོག་རོགས་གནང་།། རང་གིས་མ་ཎི་ཚིགས་གསུམ་ཨེ་ཤེས་ལྟོས།། མི་ཁ་ཆུང་གིས་ཟས་ཟ་བར་སྐྱོན་མེད།། གནམ་ཁ་ཆེན་གྱིས་བཟས་ན་ཡོངས་སུ་ཚར།། མི་ཡི་ཆེ་བ་ཨ་ཕོ།། ར་ཡི་ཆེ་བ་ཚེ་ཕོ།། མི་ལ་མིང་དང་།། རྫ་ཁོག་ལ་ལུང་ཡོད།། མི་སྐྱེས་ཞིང་ལ་ས་བོན་འདེབས་པ་ལས།། ཉང་སྟོད་གཞུང་ལ་སྒོ་རྩམ་སློང་ན་དགའ།། མི་ངན་པ་ཤི་རྗེས་ཞག་གསུམ་དང་།། ཁྱི་ངན་པ་ཤི་རྗེས་ལོ་གསུམ་རེད།། མི་ལ་སྐྱིད་རེས་སྡུག་རེས།། ས་ལ་སྐྱ་རེས་སྔོ་རེས།། མི་རྒོད་པོ་ནང་གི་ནོར་བུ་ཡིན།། རྒོད་དྲགས་ན་སྒོ་རྩར་རྟ་མིས་ཁེངས།། མི་ཕྱེད་སྲིན་པོར་ཡོང་ཡང་།། གཞོགས་ཕྱེད་ཁྲིམས་ལ་བརྩི་དགོས།། མི་ཚེ་རྒས་ཁར་སྐྱིད་པ་་དང་།། ཉི་མ་བཞུད་ཁར་དྲོ་བའི་ཐབས་བློ་བསྐྱེད།། མི་ལ་མི་བདག་མེད་ཀྱང་།། རོ་ལ་རོ་བདག་ཡོད།། མི་ལ་ནུས་པ་མེད་ན།། དཔའ་དམ་རིང་ཡང་འཁར་རྒྱུག ། མི་ཚེ་ད་སྲིན་པོའི་སྒོ་ཁ་དང་།། ཤིག་ཚེ་ཟད་སེན་མོའི་འོག ། མི་ཚེ་ཆུ་བོའི་གཉེར་མ་བཞིན།། སྐབས་རེ་མཐོ་དང་སྐབས་རེ་དམའ།། མི་ངན་གྱི་ཁ་ནས།། གཏམ་ངན་ལས་མི་ཐོན།། མི་ལ་ཤི་གོང་ནས།། མིག་རིལ་འདོན་པ།། མི་འཚོ་བར་འབྲུ་དང་།། ཕྱུགས་འཚོ་བར་རྩྭ་།། མི་རྙིང་པ་ལ་སེམས་གསར་པ།། མི་ཤ་བཟས་ནས་མི་རྒྱགས་པ་དང་།། མི་ཁྲག་བཏུངས་ནས་མི་ངོམས་པ།། མི་ལྟོགས་པར་ཁྱི་སྐྱུག་པའི་རེ་བ།། མི་བློ་རྒྱུ་རིང་ན་ལྐུགས་པའི་ཚུལ།། རྟ་ལ་ལེ་རིང་ན་རྒས་པའི་ཚུལ།། མི་ངན་ལུང་པར་མི་ཤོང་།། ཇ་ཧྲེང་ཁོག་པར་མི་འཇུག ། མི་ཕན་མེད་སྟོན་ཁ་ན།། ཕྱུགས་ཕན་མེད་དཔྱིད་ཀ་ཤི།། མི་ངོར་ཤིག་འགྲོ་བ་རིག ། རང་ངོར་གཡག་འགྲོ་བ་མི་རིག ། མི་ངན་གྱིས་དྲིན་ཅན་བརྡུང་།། ཁྱི་ངན་གྱིས་བདག་པོར་རྨུགས།། མི་ཕལ་པས་རང་བསྟོད་བྱེད།། བྱ་ཁྭ་ཏས་སྒྲོ་བསྟོད་བྱེད།། མི་གསུམ་གྲོས་འགྲིགས་ན།། ལྕགས་ཀྱི་ཀ་བ་སློང་།། མི་གཉིད་ཁུག་ཀྱང་།། འདྲེ་གཉིད་མི་ཁུག ། མི་ཤེས་ཞབས་བྲོ་རྒྱག་པ་དེ།། སྔོ་ལོ་ལངས་ནས་འཕྱར་བ་འདྲ།། མི་གཅིག་མི་ཐུབ་སྟོང་ལ་འགྲན།། དོན་གཅིག་མི་ཤེས་སྨྲ་བ་བརྒྱ།། མི་རུལ་ཉར་བ་ལས།། ཡིག་རུལ་ཉར་ན་དགའ།། མི་ཆུང་གིས་ས་མཐའ་བསྐོར་མི་ཐུབ།། བྱ་ཆུང་གིས་ནམ་འཕང་གཅོད་མི་ཐུབ།། མི་རྣམས་ཐམས་ཅད་ཕྱུག་པོའི་བུ་ལ་དགའ།། གཏམ་རྣམས་ཐམས་ཅད་འདོད་པའི་ཕྱོགས་སུ་འགྲོ།། མི་འདྲ་ཡང་སེམས་མི་འདྲ།། རྟ་འདྲ་ཡང་གོམ་མི་འདྲ།། མི་མི་ཚོད་མ་ཟིན་གདོན་འདྲེར་འགྱུར།། གཏམ་དྲང་གཏམ་ལན་ལ་རྫུན་གཏམ་སྨྲ།། མི་བཟང་ས་སྟེང་གྲགས།། ཟས་བཟང་དྲི་མ་ཞིམ།། མི་ཐོག་ལ་ནམ་ལངས།། རང་ཐོག་ལ་ས་རུབ།། མི་རྒན་གྱིས་བུ་མོར་བུ་ལས་གཅེས།། བུ་མོས་མི་རྒན་རོ་ལས་ལོད།། མི་ཕོ་རྒས་ན་ཁྲིམས་ར།། མཛོ་ཕོ་རྒས་ན་བཤས་ར།། མི་ཕར་བསད་སྟོང་ཚུར་ལེན།། མི་དང་མི་བསྡུར་ན་ཁོང་ཁྲོའི་རྒྱུ།། ཟོག་དང་ཟོག་བསྡུར་ན་དོར་བའི་རྒྱུ།། མི་མ་ཤི་ན་བློ་མི་ཟད།། བྱ་མ་ཤི་ན་ཚང་མི་འཐོར།། མི་བཟང་པོའི་སེམས་པ་གསེར་དང་འདྲ།། གསེར་བཟང་པོའི་ཁ་དོག་འགྱུར་བ་མེད།། མི་བློ་བཟང་པོ་མི་ལ་བཀལ།། ཇ་ལོ་བཟང་པོ་ཇ་ལ་བཀལ།། མི་མིང་ཅན་དང་རྟ་གདོང་ཅན།། མི་སྡོད་མགྲོན་པོ་ཐོན་ན་དགའ།། མི་དྲག་ནད་པ་ཤི་ན་དགའ།། མི་ལ་ཁྱད་པར་འབུམ་མེད་ན།། མི་ཡི་དཔོན་པོ་སུ་ཡིས་བྱེད།། མི་དྲང་ན་དཔོན་དང་།། ཤིང་དྲང་ན་རྒྱ་མ།། མི་ལ་དབང་དགོས།། དབང་ལ་ཚོད་དགོས།། མི་ལ་དབང་མེད་ན།། གཏམ་ལ་དྲོད་མེད།། མི་ཆེན་པོས་ཆུང་གླུ་མ་ལེན།། རྟ་རྒོད་མས་རྟེའུ་འགྲོས་མ་རྒྱག ། མི་ཆུང་ཡང་དོན་གོ ། རྟ་ཆུང་ཡང་བང་ཤེས།། མི་ཆེན་མགོ་ལ་སྤུ་དང་།། རི་ཆེན་གྱི་མགོ་ལ་རྩྭ།། མི་སྤྱང་པོ་དང་མགོ་སྟོང་ནོར་ས་ཡོད།། དྲང་པོ་དང་གླེན་པ་ནོར་ས་ཡོད།། མི་རྒན་ཁྱི་རྒན་རྟ་རྒན་གསུམ།། བྱས་པ་ཆེ་ཡང་ཀུན་གྱིས་ལྡང་།། མི་སྙོམས་ཆུང་སྡོད་ས་སྒོ་རྒྱབ་དང་།། གཡག་ཨ་ཡུ་སྡོད་ས་གདང་གཞུག་རེད།། མི་གཉིས་བར་གྱི་དཔང་པོ།། རྒྱ་བོད་གཉིས་ཀྱི་ལོ་ཙྰ།། མི་རྒྱུས་ཡོད་ཀྱིས་གཏམ་རྒྱུས་མེད་བཤད།། མི་ངན་གྱི་ཁོག་པ་གཡོ་སྒྱུས་ཁེངས།། དུང་དཀར་གྱི་ཁོག་པ་འབུ་ཡིས་ཁེངས།། མི་ངན་གྲལ་འགོར་བཞག་ན།། རྫུན་གྱི་འཁོར་ལོ་བསྐོར།། མི་ངན་ལ་དབང་སྤྲད་ན།། བསྟན་པ་འགོ་ནས་བཤིག ། མི་ངན་ཁྲམ་པའི་གཡོ་སྒྱུས།། ཡུམ་མི་བཟང་པོ་ཁྲིམས་ལ་སྤྱར།། མི་ནག་མེད་ལ་ནག་དང་།། རྡོ་ཟུར་མེད་ལ་ཟུར།། མི་ཐུབ་ཁྲ་ལ་འཛིངས་ན།། ནམ་མཁར་བྱ་སྤུས་འགེངས།། མི་ཐུབ་དགྲ་ལ་འཛིངས་ན།། རང་སྲོག་རླུང་ལ་བསྐྱུར།། མི་བྱེད་དགུ་བྱེད་བྱས་ན།། མི་ཡོང་དགུ་ཡོང་ཡོང་།། མི་བློ་ཉེས་ཁ་འཚུབ་ཡར་ཡར།། རྟ་བློ་ཉེས་ཁ་འཚུབ་ཡར་ཡར།། མི་འདོད་ཐོག་ལ་བབས།། འདོད་པ་བཙལ་ཀྱང་མ་རྙེད།། མི་རིགས་པའི་རྩྭ་བཟས།། གད་པའི་བར་གྱི་ཆུ་བཏུངས།། མི་ཉན་པ་ལ་ཁ་ཏ་བྱས་པ་ལས།། ཀོ་བ་སྐམ་པོ་ལག་པས་མཉེས་པ་དགའ།། མི་འགྲོ་སྣ་ལ་སྣ་འཇུ་དང་།། ཉན་པའི་རྣ་རྒྱན་ཆ་འདོགས་དགོས།། འགྲོ་ན་ཨ་མས་མི་གཏོང་།། མི་འགྲོ་ཨ་ཕས་མི་ཉན།། མི་ནས་ཀྱིས་གསོ།། ཕྱུགས་སྲན་གྱིས་གསོ།། མི་སྐྱིད་སར་མི་སྡོད།། ར་བདེ་སར་མི་སྡོད།། མི་ཡུལ་ལ་གོས་དང་།། རང་ཡུལ་ལ་ལྟོ།། མི་ལ་དགའ་སྡུག་ཅི་བྱུང་མདོག་ནས་ཤེས།། མི་འུ་ཐུག་གིས་ལྷར་དྲིས།། ལྷ་འུ་ཐུག་གིས་རྫུན་བཤད།། མི་ལྟོགས་ཁོག་པར་མེ་འབར་ན།། རྒྱལ་པོའི་ཁྲིམས་ལ་ཡ་ང་མེད།། མི་ལ་མར་མེད་པར།། ལྷ་ལ་མཆོད་མེ་ག་ནས་ཡོང་།། མི་ཟ་མི་འཐུང་ཁ་ལ་མེད།། ཨ་རུ་ཨ་རུ་རྒྱུན་མི་ཆད།། མི་ནད་ཐམས་ཅད་བཟས་ནད་ཡིན།། རྟ་ནད་ཐམས་ཅད་རྒྱུགས་ནད་ཡིན།། མི་རྒྱུ་ཟ་བར་ལྕགས་ཀྱི་འགྲམ་པ་དགོས།། མི་ལ་རེ་བའི་ཇ་ཆང་ལས།། རང་གི་རྩྭ་རྐྱང་ཆུ་རྐྱང་ཞིམ།། མི་རོ་སྐམ་པོ་ཆུ་ལ་སྦངས་ཏེ།། ལོ་རྒན་དྲུག་ཅུའི་རྩིས་རྒྱག ། མི་དེ་ལ་མི་རེ་མེད།། ལམ་དེ་ལ་མི་འགྲོ་མེད།། མི་ནག་བརྟེན་ས་སྤུ་ནག ། སྤུ་ནག་བརྟེན་ས་སྤང་འགོ ། མི་ལ་ཉོག་སློང་།། ཕྱུགས་ལ་མུན་སློང་།། མི་རྒྱུ་ལ་མི་དགའ་བ་དང་།། ཁྱི་ཁྲག་ལ་མི་དགའ་བ་མེད།། མི་རྒྱུ་དང་བྲལ་ན་སྤྲང་པོ་དང་།། མདའ་སྒྲོ་དང་བྲལ་ན་དབྱུག་པ་རེད།། མི་ལ་ངོ་ཚ་མེད་ན་ཁྱི་དང་འདྲ།། ཁྱི་ལ་མཇུག་མ་མེད་ན་འདྲེ་དང་འདྲ།། མི་ཤེས་ཤེས་ཁུལ་བྱེད་པ་དེ།། ཀུན་གྱིས་སྨོད་པའི་མི་རུ་འགྱུར།། མི་ཤེས་བརྒྱ་ཡི་གྲོས་འགོ་ལས།། ཤེས་པའི་སྐད་ཆ་ཚིག་གཅིག་དགའ།། མི་རྙོབ་བཏེགས་བཏེགས་བྱས་ནས།། ལྷམ་ཆུང་ཟ་ཁང་བྲལ་ཡོང་།། མི་འཇོན་ཞུམ་བུས་སྣུམ་བལྡགས།། མགོ་ལ་རལ་པ་དགུ་ཆགས།། མི་འགྲུབ་ཁས་ལེན་བྱས་ན།། བདེ་བའི་གནས་སུ་མི་འཇོག ། མི་ལ་འོག་ཏུ་སོང་ཡང་།། གཏམ་ས་སྟེང་དུ་ལུས།། མི་ཡིས་བལྟས་ན་འཁྲིད་ཡོད་བསམ།། རྟ་ཡིས་བལྟས་ན་འཁུར་ཡོད་བསམ།། མི་ཡི་དཀྱིལ་དུ་ཟོག་འདྲ་བ།། ཟོག་གི་དཀྱིལ་དུ་མི་འདྲ་བ།། མི་ཡི་རྫི་ནི་ཁ་ལ་ཡོད།། ཁྱི་ཡི་རྫི་ནི་སྣ་ལ་ཡོད།། མི་ལ་གནོད་པའི་གཏམ་དང་།། རང་ལ་གནོད་པའི་ཟས།། མི་ལ་འཕྱ་གསུམ་འཕྱ་བ་ལ།། རང་ལ་འཛོམ་གསུམ་འཛོམས་པ་དགོས།། མི་ལ་མི་དགོས་བརྒྱབ་འདྲེ་དང་།། ཤིང་ལ་མི་དགོས་འཛེར་པ་དང་།། མི་དམངས་དཀྱིལ་དུ་གཏམ་ཞིག་བཏང་།། གནོང་ཡོད་གཅིག་གིས་ཧག་སེ་བསྒྲུགས།། མི་གཉིས་བར་ལ་རྫ་དང་།། རྟ་གཉིས་བར་ལ་སྒ།། མི་འདྲིས་ན་སྐྱོན་མཐོང་།། ཟོག་འདྲིས་ན་དྲི་ཞིམ།། མི་གཡོ་ཅན་གྱིས་རང་སྐྱོན་སྔོན་ལ་ལེན།། མི་གཡོ་ཅན་གྱིས་ཉི་མ་རྒྱབ་ནས་བསྲོ།། མི་ལུས་ལེན་ཁར་ཁྱི་ལུས་ལེན།། ཤི་དམྱལ་བར་འགྲོ་ཁར་དཔོན་ལུས་ལེན།། མི་ཚེ་ཁོ་ནི་བརྒྱུད་བཞི་ཟིན་པ་འགོར།། ང་ལ་སྨན་པའི་རྒྱལ་པོ་ག་དུས་ཡོང་།། མི་གོ་བ་ཅན་ལ་ཤོད་ཤེད་དང་།། ཤིང་ཡལ་ག་ཅན་ལ་འཛེག་ཤེད།། མི་ཚེ་རི་ལ་བསྐྱལ།། རི་དྭགས་ངོ་མི་ཤེས།། མི་ང་རང་ངན་དེ་བླ་མ་བཟང་།། ཤིང་གྲོ་བ་ངན་དེ་གྲོ་ལོ་བཟང་།། མི་ལོ་ལོན་ཀྱང་བསམ་པ་ལོ་ལོན་མེད།། སྔོ་ལོ་ལོན་ཀྱང་རྩ་བ་ལོ་ལོན་མེད།། མིའི་ལས་ཟློས་ཁྱིས་བྱས།། ཁྱིའི་གཞུ་གུ་མེ་བསྲག་ཐེབས།། མི་ཧྲེང་རྟ་ཕོའི་མགྱོགས་བུལ་དེ།། ལམ་འཕྲང་དོག་ན་རྐང་ཐང་མགྱོགས།། མིའི་སྒལ་པ་ལེབ་ལེབ།། མི་སྐྱོན་ཤོད་དགོས།། ཤིང་སྐྱོན་གཞོག་དགོས།། མིའི་འཚེམ་བུས་རང་གི་ཁབ་བཅག ། མིའི་འཚེམ་བུས་རང་གི་ཁབ་བཅག ། མིའི་ལུང་པར་ཁྱིའི་རྒྱུ་མ།། མིའི་སྒོ་རར་རང་གི་ཁྱི།། མིས་རྐྱེན་མི་འདོད་ཀྱང་།། རྐྱེན་གྱིས་མི་མི་འཇོག ། མིས་གང་བཤད་ལ་མི་ཉོན།། མིས་གང་བྱེད་ལ་བལྟ་དགོས།། མིས་བཤད་ཚད་གཏམ་མིན།། བྱིའུས་སྒྲུག་ཚད་འབུ་མིན།། མིས་མི་ཐེག་གཏམ་དང་།། ཆུས་མི་མི་ཐེག་རྡོ།། མིས་མི་ཟ་གནའ་དང་།། ཁྱིས་མི་ཟ་ལྕགས།། མིག་མེད་པའི་ལོང་བ་ཐང་གང་རེད།། གཏམ་མི་ཤེས་ལྐུགས་པ་ཁྱུ་གཅིག་རེད།། མིག་རྒྱང་ཐོ་གང་དང་།། བསམ་རྒྱུ་སེན་མོ་ཙམ།། མིག་གཡས་གཡོན་ཆེ་ཆུང་དང་།། འགྲམ་པ་གཡས་གཡོན་ལ་ཞིམ་མངར།། མིག་གི་མ་ཆོད་ན།། གདོང་གི་སེར་ཁ་ཡིན།། མིག་མང་རྡོ་དེ་ཉིས་གཤིབས་ལ།། གླང་ཆེན་དར་མའི་སྲོག་མཁར་གནས།། མིག་ཆེ་ཡང་ལམ་མི་མཐོང་།། ཁ་ཆེ་ཡང་གཟན་མི་རག ། མིག་དང་གྲོད་པ་གཉིས་ལ་ཁེངས་རྒྱུ་མེད།། མིག་ལྟོས་ངན་པས་རྒྱལ་ཁམས་བརླགས།། མིག་ལྡན་ཡང་དམ་པ་ངོ་མི་ཤེས།། མིག་ནང་གི་གྲ་མ་དང་།། ཤ་ནང་གི་ཚེར་མ།། མིག་ན་དགོས་ལག་པས་བཟོས།། མིག་རྩར་བལྟས་ནས་རྭ་རྩར་ཁྲག ། མིང་ཕ་མས་བཏགས་ཀྱང་།། མིང་གྲགས་རང་གིས་རྩོམ་རྒྱུ།། མིན་ལེ་མི་ཡིས་བྱས་ན།། ཡིན་ལེ་རང་གིས་བྱེད་དགོས།། མིག་ལས་གསལ་བའི་བཞུ་མར།། དགོས་དོན་མ་མཆིས།། མིག་མ་དགོས་ལྟ་ཁུང་མི་བལྟ།། མིག་ཡོད་ནས་གཡང་དུ་མ་མཆོངས།། ཤེས་བཞིན་དུ་དུག་མ་བཟོས།། མིག་མེད་ན་པདྨའི་ལུང་སྟོང་།། མིག་ལོག་སྐར་མདའ་འཁྱུག་འཁྱུག་རེད།། སོ་སྒྲ་ནས་ཁྲ་འགམ་འགམ་རེད།། མིག་མེད་ན་ལིང་ཏོག་རེད།། སོ་མེད་ན་སྲིན་འབུ་མེད།། མིག་གིས་མཐོང་བ་དང་།། ལག་གིས་བཟུང་ཐུབ་པ།། མིག་མང་གཡོ་སྒྱུ་ག་ཚོད་ཆེ་ཡང་།། མིག་ལྡན་སྐྱེས་བུའི་སྣང་བ་འཕྲུལ་མི་ཐུབ།། མུ་གེའི་སྟེང་ལ་ཟླ་ལྷག་དང་།། ཟ་རོའི་སྒང་ལ་ཁ་ཀྱོག ། མུག་མགོ་སྐམ་པོ་ནས།། མུག་ལྕེ་རློན་པ་བརྐྱངས།། མུན་པ་ནག་པོའི་ཇ་ཆང་ལས།། སྲང་ལམ་བདེ་པོའི་གླུ་དབྱངས་སྐྱིད།། མུན་ནག་ལ་མདའ་འཕེན།། རྒྱ་མཚོ་ལ་རྡོ་གཡུག ། མུས་འགྲོ་མ་དགོས་པར།། མདོག་ལྷ་རིའི་རྩེ་ནས་མཐོང་།། མེ་དང་ཉི་མ་དྲོ།། ཕ་མ་འཛོམས་ན་སྐྱིད།། མེ་ཏོག་འདམ་ལ་སྐྱེས་ཀྱང་མཆོད་པའི་རྫས།། མེ་ཏོག་དྲི་བསུང་འཐུལ་ན།། བུང་བ་ལས་ཀྱིས་འཁོར།། མེ་ཏོག་ལྷ་ལ་ཕུལ།། ཡུ་བ་རང་གིས་བཟུང་།། མེ་ཏོག་སད་ཀྱིས་ཁྱེར་ན།། འབྲས་བུའི་རེ་བ་མེད།། མེ་ཏོག་སེར་ཆེན་སྤང་གི་རྒྱན།། མཛའ་མཐུན་འགོ་དཔོན་དམངས་ཀྱི་རྒྱན།། མེ་ཏོག་ནང་གི་གེ་སར།། ཤེལ་སྒྲོམ་ནང་གི་ཞལ་ཏོག ། མེ་དུ་བ་མེད་པར་གཏོང་མི་ཤེས།། ཆུ་རླངས་པ་མེད་པར་སྐོལ་མི་ཤེས།། མེ་མེད་ན་འཚིག་དོན་མེད།། ཆུ་མེད་ན་འཁྱེར་དོན་མེད།། མེ་སྟག་ཆུང་དུས་མ་བསད་ན།། ནགས་རི་མེ་ལ་ཤོད་ཉེན་ཡོད།། མེ་རྡོག་སྟེང་ལ་ཚྭ་རྡོག ། མེ་ཏོག་ཡོད་ན་ཡུལ་ལྗོངས་མཛེས།། ཤེས་ཡོན་ཡོད་ན་མི་བློར་མཛེས།། མེ་ལོང་ནང་གི་གཟུགས་བརྙན།། ཤེལ་ཀོའི་ནང་གི་མོག་མོག ། མེ་ཏོག་འདོད་པས་ཆུ་ལ་འབབ་ཀྱང་།། ཆུ་བོས་དེ་དང་ལྡོག་ནས་གཞུང་དུ་ཁྱེར།། མེ་འཁོར་སྐྱོད་པར་མགོ།། མངའ་འབངས་ཁྲིད་པར་དཔོན།། མེ་ཤིང་མང་ཙམ་བརྒྱབ་ན་མེ་ཤུགས་ཆེ།། ལུད་མང་ཙམ་བརྒྱབ་ན་ལོ་ཏོག་བཟང་།། མེ་ཏོག་མཛེས་པ་ལས།། དྲི་མ་ཞིམ་པ་དགའ།། མེ་འབར་བའི་སྟེང་དུ་ཤིང་གཤགས་པ།། མེ་ལ་རྩེད་མོ་རྩེ་བ་དེ།། རང་ཉིད་འཚིག་པའི་སྔ་ལྟས་ཡིན།། མེ་ཁག་ཁག ། དུ་བ་སོ་སོ།། མེ་དུ་བ་ཅན་དེ་དྲོ།། ཆུ་རླངས་ཅན་དེ་གྲང་།། ཟས་རླངས་པ་ཅན་དེ་ཞིམ།། མེ་དམར་པོ་བུད་ནས་ལོ་གསུམ་སོང་།། དུ་བ་སྔོ་མོ་ནམ་ཐོན་ངས་མི་ཤེས།། མེ་གཏོང་སར་ས་འཚིག་པ་དགོས།། མེ་རང་ཤི་དང་དུ་བ་རང་ཡལ།། མེ་དང་ཆུ་དང་རྒྱལ་པོའི་སྲས།། ཆུང་ཡང་བརྙས་བཅོས་འགྲོ་ས་མེད།། མེ་མདའ་སྦོ་རག་ལ།། མི་སྦོ་རག་དགོས།། མེད་པར་ཁྱེར་ཤོག་དང་།། གཤིན་པོར་ལོངས་ཤོག་བྱས་པས་མ་འཐུས།། མེད་པ་མི་ཡུལ་ནས་བཙལ།། གླ་བ་བྲག་གསེབ་ནས་འཚོལ།། མོ་ངན་ཁ་དང་ཕོ་ངན་ལག ། མྱུ་གུའི་སོལ་བས་ལྕགས་མི་བཞུ།། དམག་ཁས་ལེན།། མདུང་སྐེད་པར་གཟེར།། དམག་དང་སེར་བ་རྒྱང་གྲགས་ཚ།། དམག་དཔོན་མང་ན་དམག་ཇུས་ཉེས།། དམག་རྟ་རྒས་པོ་མེ་མདར་མི་འདྲོག ། དམངས་སྡུག་ལ་སྦྱར།། རྒྱུ་གར་སོང་མེད།། དམའ་ས་ནས་མཐོ་ཚོད་ཐིག ། ཕྲ་ས་ནས་སྦོམ་ཚོད་ཐིག ། དམའ་ས་བཟུང་བའི་མི་ལ་དགའ་མཁན་མང་།། དེ་འདྲའི་མི་ལ་ཕུགས་ནས་ཕན་མཁན་མང་།། དམའ་ལ་སྡང་སེམས་མ་བྱེད།། མཐོ་ལ་འགྲན་ཟླ་མ་བྱེད།། དམའ་ཉེ་བས་བཅག ། ལྷ་དཀོན་གཉེར་གྱིས་བརྡུངས།། དམའ་འབེབས་ཁར་སྣང་བ་མཐོ།། ནུས་ཤོར་ཁར་བྱ་བྱེད་མང་།། དམར་པོ་མེ་ཡིས་མ་དྲོས་ན།། གོ་གསུམ་ཐལ་བས་ག་ལ་དྲོས།། དམྱལ་བ་མ་མཐོང་ན།། སངས་རྒྱས་ཡིད་མི་ཆེས།། དམྱལ་བའི་ཕྲང་དུ་སོང་ཚར་ན།། གསེར་དངུལ་ལམ་ཁའི་བཀག་རྡོ་ཡིན།། རྨ་ཆེ་ན་བཅོས་བདེ།། རལ་ཆེ་ན་སྒྲོག་བདེ།། རྨ་ཁ་ལ་ཕན་ན།། ཁྱི་ཚིལ་ཡིན་ཡང་བྱུགས།། རྨ་བྱ་དང་ཁྭ་ཏ་མཉམ་དུ་འགྲོགས་མི་སྲིད།། གླང་ཆེན་དང་བ་གླང་མཉམ་དུ་སྡེབ་མི་སྲིད།། རྨ་བྱ་རང་མགོ་མ་ཐོན་པར།། རྒྱལ་མོའི་བསིལ་གཡབ་ཕར་བཞག་རེད།། རྨ་བྱར་ངོམ་རྒྱུ་སྒྲོ་མདོངས།། ནེ་ཙོར་ངོམ་རྒྱུ་ཡིག་དྲུག ། སྤྲེའུར་ངོམ་རྒྱུ་རྐུབ།། རྨ་འོག་ཏུ་གཏམ་ཤི།། རོ་འོག་ཏུ་རྨ་ཤི།། རྨ་ཆུ་བརྒལ་མཁན་མ་འཇིགས་པར།། ཆུ་ཁར་འདུག་མི་འཇིགས་དོན་མེད།། རྨང་རྡོ་བརླན་ན།། ཆར་པ་འབབ་པའི་རྟག ། རྨར་ཡག་སྟག་གི་མཇུག་མ་ལ།། ཐོག་མ་ཉིད་ནས་འཆང་རྒྱུ་མེད།། བཅངས་ནས་གློད་ན་རང་སྲོག་འཕུང།། སྨ་རས་ཐག་པ་དང་།། སྤེན་མས་མདའ་མི་ཉན།། སྨན་རོ་ཁ་རུང་ནད་ལ་ཕན།། སྙིང་གཏམ་རྩུབ་རུང་མི་ལ་ཕན།། རྨ་བྱས་དབྱར་རྔ་ཐོས་པའི་སྤྲོ་སྣང་།། རྨ་ཆུའི་སྦུག་ལ་རྨ་རྒྱལ།། རྭ་ཅོའི་སྦུག་ལ་རུ་ཅོ།། རྨ་བྱ་གཞུ་གུ་བཀོག་ནས་སྟབས་བདེ་རུ་སོང་།། སྨན་བཟང་རོ་ཁ་ནད་ལ་ཕན།། གཏམ་བཟང་སྣ་བསུན་སྤྱོད་པར་ཕན།། སྨན་པ་དོར་བའི་ནད་པ་དེར།། སྨན་བཟང་རྙེད་པ་ག་ལ་སྲིད།། སྨན་ཆེན་ཁས་བླངས།། དུག་ཆེན་སོས་ཐེག ། སྨན་ཁུག་ནང་ལ་དུག་དང་།། ར་ཚང་ནང་དུ་གཟིག ། སྨན་སྦྱོར་ཉེས་ན་དུག་ཏུ་འགྱུར།། དུག་ནུས་ཤེས་ན་སྨན་དུ་འགྱུར།། སྨུག་པ་ལངས་ས་མཚོ་ནས་ལངས།། མཚོ་མེད་ན་སྨུག་པ་ལངས་དོན་མེད།། སྨུག་ཆུང་དྲེལ་གྱི་ཁལ་དེ།། ཁ་དཀར་རྐྱང་ལ་འགན་དཀྲིས།། སྨྱོན་པ་སྨྱོ་བ་མ་རེད།། གྲོད་ཁོག་སྨྱོ་བ་རེད།། སྨྱོན་པ་སྨྱོ་བ་མ་རེད།། སྨྱོན་པར་ཁ་ཡ་བྱེད་མཁན་སྨྱོ་བ་རེད།། སྨྲ་མཁན་ནེ་ཙོར་དཔེ་མ་བྱེད།། རང་གི་སྙན་གྲགས་ཉམས་པ་ཡིན།།
༼ བོད་ལྗོངས་རིག་གནས་དྲ་བ་ལས་བཏུས།   རྩོམ་སྒྲིག་པ། དཀོན་མཚོག་དར་རྒྱས། ༽

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*