༄༅། །བོད་ཀྱི་གཏམ་དཔེ་ཕྱོགས་བསྒྲིགས། ༦

༼ ཞ ༽

       ཞ་བོ་རྐྱང་ཐོག་ཏུ་སླེབས་པ་ལན་གཅིག ། གླུ་འདི་དུས་མི་ལེན་ག་དུས་ལེན།། ཞྭ་སེར་པོ་མགོ་ལ་སྤམ་པ་དང་།། མེ་ཏོག་སེར་པོ་སྤང་ལ་མཛེས་པ།། ཞྭ་མོ་འདི་ན་གྱོན་ནས།། ཕྱག་འབུལ་དེ་ན་ཞུས་ཡོད།། ཞྭ་བཟོ་བ་ལ་ཞྭ་དཀོན།། ལྷམ་བཟོ་བ་ལ་ལྷམ་དཀོན།། ཞྭ་ལུ་ནས་བྱུང་བ་ཚོ་འདུས་ལ་བསྐྱལ།། ཞྭ་དང་ལྷམ་ལ་གཟབ་ཙམ་གྱིས།། སྐ་རགས་ལྷམ་སྒྲོག་སྐུད་པས་ཡོང་།། ཞབས་བྲོ་གཏུན་ཁུང་ནང་དུ་མ་རྒྱག ། གུ་ཡངས་སར་རྒྱོབ།། ཞལ་ངོ་སྤྲིན་ནག་འཁྲིགས་འཁྲིགས།། སྤྱན་མིག་གློག་དམར་འཁྱུག་འཁྱུག ། ཞིང་བཏབ་ན་གཤོལ་དགོས།། འབྲུ་ཕྱར་ན་རླུང་དགོས།། ཞིམ་པོའི་ཆང་དེ་མང་དུ་དུག ། ཞུ་མཁྱེན་མ་གཏོགས།། མངོན་མཁྱེན་མེད།། ཞུ་མཁན་གྱིས་ཞུ་མ་ཤེས་ཀྱང་།། གསན་མཁན་གྱིས་གསན་ཤེས་པ་དགོས།། ཞུ་ས་དཔོན་དང་འཛེག་ས་སྐས།། ཞུམ་བུ་གཉིད་ཁུག་ཀྱང་།། བསམ་རྒྱུ་ཙི་ཙིག་རེད།། ཞུམ་བུ་འདྲོགས་ནས་ཐུག་ཁོག་བཅག ། ཞུམ་བུའི་བྲུན་ལ་ཐལ་བའི་ཁེབས།། ཞུམ་བུ་རྒྱགས་གཉིད་ཁུག་ཀྱང་།། ཙི་ཙི་ལྟོགས་གཉིད་མི་ཁུག ། ཞུམ་བུས་སྙོམ་ཆུང་བྱེད་པ་དེ།། ཙི་ཙི་ཟ་བའི་སྔོན་བརྡ་ཡིན།། ཞེ་མི་དགའ་བའི་ཞིང་ནང་ལ།། དབྱར་མི་དགོས་དགུན་ཡང་འགྲོ་ས་མེད།། ཞེ་ཡང་ཕར་ཁྲེལ་ཚུར་ཁྲེལ་རེད།། སྙིང་ཡང་ཕར་རྗེ་ཚུར་རྗེ་རེད།། ཞིང་མ་སྐྱེས་ཇོ་རམ་པ།། རྩྭ་མ་སྐྱེས་ཇོ་ཨ་ལི་གུག་གུག ། ཞིང་ངན་རྨོ་རྒྱ་ཆེ་ན།། བདག་པོ་མུ་གེས་ཤི།། ཞིང་ལ་ས་བོན་བྱས་ནས་རྩམ་པ་སློང་དགོས་ན།། གྲོ་དང་སྲན་མའི་ས་བོན་བཏབ་ནས་ཅི་བྱེད།། ཞིང་འབྲོག་ལོ་ལེགས་ན།། སྤྲང་པོ་སྣང་བཟོད་བདེ།། ཞིང་པས་མ་བཏབ་འབྲུ་རིགས་དང་།། འཐག་གིས་མ་བཏགས་སྣམ་བུ།། ཞིམ་ཚད་མ་ཟོ་འཇམ་ཚད་མ་གྱོན་ཅིག ། ཁ་ལུས་གཉིས་ཀྱིས་སྡུག་ལ་སྦྱར་ཡོང་ངོ་།། ཞིམ་མངར་ཇ་ཆང་མཉམ་འཐུང་།། གདན་ཆུང་གྲུབ་བཞིར་མཉམ་སྡོད།། ཞིམ་པོ་བྱུང་ན་སྦོས་ནས་ཤི་ཡང་ཤི།། རང་དོན་འགྲིགས་ན་ཆ་ལུགས་ཉེས་ཀྱང་ཉེས།། ཞིམ་ཏ་སྨན་འབྲས་ཞིམ་ཡང་།། ཟ་ཡུན་རྩམ་པ་རིང་བ།། ཞིམ་པོ་མེད་ཀྱང་ཆང་།། སྙན་མོ་མེད་ཀྱང་གླུ།། ཞབས་བྲོ་མཉམ་རྒྱག་དང་།། སྐེད་གཟེར་ལོག་དགར།། ཞར་བ་ཐམས་ཅད་གཡས་ཞར་ཡིན།། ལྟས་ངན་ཞར་བ་གཡོན་ཞར་རེད།། ཞལ་ལ་པདྨའི་མདངས་ཡོད་ཀྱང་།། ཐུགས་ལ་འཛེར་པའི་འཁྱོག་ཅིག་འདུག ། ཞལ་ཟས་ཁྱིས་ཟས་ཀྱང་ཞལ་འཚེར་འཚེར།། ལྷ་ཁང་དྲི་མས་བརྒྱངས་ཀྱང་འཛུམ་འཚེར་འཚེར།། ཞི་བ་ཞོ་ལྟར་ཆགས་པ་ལ།། དྲག་པོ་ཁྲག་གི་རྦ་རླབས་འཁྲུགས།། ཞི་བའི་འཆིང་དང་དྲག་པོའི་དམག ། ཞིང་ལ་ས་བོན་ཁྱད་མེད་ཀྱང་།། ལོ་ཏོག་ཁྱད་པར་ཤིན་ཏུ་ཆེ།། ཞག་ལ་ཕུ་བརྒྱབ་ན།། རིལ་མ་མཐའ་ནས་འདོན།། ཞག་གཅིག་སྡོད་པའི་གདེང་མེད་ཀྱང་།། ལོ་བརྒྱ་སྡོད་པའི་གྲབས་གཤོམ།། ཞབས་བྲོ་སྒྲིག་པོ་སྔོན་ལ་བརྒྱབ་ན།། སྡིག་སྒྲ་ཆེན་པོ་མཇུག་ལ་ཡོད།། ཞབས་རིའི་ཞབས་ལ་ཆུ་ལ་ཞིག་ཁྲིད།། ཕ་རིའི་ཁ་ལ་ཕུག་མ་གཡོགས།། ཞབས་བྲོ་ཨེ་ཡག་ལྷམ་ལ་ལྟོས།། སྣང་བ་ཨེ་སྐྱིད་གོས་ལ་ལྟོས།། ཞབས་བྲོ་གར་རྒྱག་བཞག་ནི་སྒོག་ཏིང་ནང་ལ།། ཞབས་བྲོ་གནམ་ལ་བརྒྱབས་ཀྱང་།། བབ་ས་ས་གཞི་ཡིན།། ཞེ་སྡང་བུ་མོ་སྤུན་ལའང་ཡོད།། ཞེ་སྡང་སེམས་ལ་ཡོད་ཀྱང་།། དགྲ་ལ་དགའ་ཚུལ་སྟོན།། ཞོ་མ་བལྡགས་གོ་བོ་ཀླད་དཀར།། ཁྲག་མ་བཏུངས་སྐྱུང་ཀ་མཆུ་དམར།། ཞོའི་ལུང་པར་དར་རའི་སྐྱོ་མ།། ཞོགས་ཟས་མ་རྙེད་བྱ་ཕོ་འགྲོ་འགྲོ།། དགོང་ཟས་མ་རྙེད་བྱ་མོ་འགྲོ་འགྲོ།། ཞོགས་གཅིག་གི་ལྟོ་བཟས་ན།། ཞིག་གཅིག་གི་ཞེན་བྱེད།། གཞང་ཁང་ཨ་མའི་ལག་ནས་ཐར་བ་དཀའ།། གཞན་སྡུག་དུས་སྙིང་ཚིམ་མ་བྱེད།། སྡུག་རང་ལ་འོང་བའི་དུས་གཅིག་ཡོང་།། གཞན་སྐྱོན་མ་བསམས་རང་གི་སྐྱོན་ལ་ལྟོས།། གཞན་ཁྲིམས་ཀྱིས་གནོན་པ་ལ།། རང་ཁྲིམས་ཀྱིས་ནོན་པ་དགོས།། གཞན་གྱིས་བྱ་ཟ་ཡིས་བསམས་ནས།། རང་གིས་ཁྱི་ཤ་ཟ་མི་རུང་།། གཞན་ལ་ཀླན་འཚོལ་བར།། རང་སྐྱོན་སྔོན་ལ་བརྟག་དགོས།། གཞན་ལ་འགྲན་ནས།། རང་གི་ནད་ལངས།། གཞན་ནོར་བླངས་ནས།། ནོར་བདག་གཏོར་མི་ནུས།། གཞན་གྱི་བསླབ་བྱར་མ་ཉན་ན།། དེ་ལས་འོན་པ་སུ་ཞིག་ཡོད།། གཞན་གྱི་སྡུག་བསྔལ་སེལ་བ་དེ།། དམ་པའི་ཆོས་ཀྱི་སྙིང་པོ་ཡིན།། གཞས་ལ་ཡོང་རྒྱུ་ཁ་གང་མེད་པར།། གཞས་གོས་གཡར་གླ་སྲང་གང་།། གཞས་གཏོང་བར་སྐད་དང་།། མདའ་རྒྱག་པར་ཤུགས་དགོས།། གཞིས་ཉིས་འཛིན་གྱི་ཨ་མ་ཁྱི་ལས་བྲེལ།། གཞུ་གཉེན་ཐོག་ལ་སྒ་ཕོབ།། གཞུང་དོན་གཙོ་བོར་བཟུང་ན།། རང་དོན་ཤུགས་ལ་འབྱུང་།། གཞུང་དོན་སྒྲུབ་ན་ཁོག་རྒྱ་ཆེ་དགོས།། རྟ་རྒོད་འཁྲིད་ན་འཁྲིད་ཐག་རིང་དགོས།། གཞུས་པའི་གཞུ་ལན་མ་བསློགས་ན།། གཞུ་མཁན་མང་དུ་མང་དུ།། གཞོང་པ་སྟོང་པར་གཞོང་འཛིང་།། གཞོན་པའི་རྐང་རྗེས་ལས།། རྒས་པོའི་རྐུབ་རྗེས་མང་།། གཞོན་དུས་སེམས་པས་མ་བྱས།། རྒས་དུས་ལུས་པོས་མ་འཇོན།། གཞོན་པའི་ཤེད་ལས་རྒས་པོའི་ཇུས་བཟང་།། བཞག་པར་ཞབས་ར་དང་།། འཆང་བར་ལུང་དགོས།། བཞག་ན་ཁ་ལས་བག་དྲོ་བ་མེད།། བཀར་ན་ཁ་ལས་སྙན་པ་མེད།། བཞིན་མདངས་འཛུམ་པའི་དགྲ་ཟླ་ཡིས།། རང་ལ་རྟག་ཏུ་གནོད་ཉེན་ཆེ།། བཞུ་མར་འཚོལ་བར་བཞུ་མར་དགོས།། བཞུགས་ཏེ་རང་ཁ་གསོ་ལེ་དེ།། འུ་ཐུག་དུད་འགྲོའི་ཆོས་ལུགས་རེད།། བཞུགས་གདན་ཐོག་གི་རྐྱལ་དང་།། ལྕེ་ཙེའི་སྟེང་གི་རྨོན་པ།། བཞེངས་པ་ལས་བཞུགས་པ་སྤམ།། བཞོ་རྒྱུ་བྱུང་ན་ར་ཕོ་མོ་ལ་ཁྱད་པར་མེད།།

༼ ཟ ༽

       ཟ་དུས་མིད་པ་དང་འགྲོ་དུས་འདྲེད་ལ་གཟོན།། ཟ་ཨེ་ཉན་མི་ཉན་སྣ།། གྱོན་ཨེ་ཉན་མི་ཉན་མིག ། ཟ་རྒྱུ་སྐྱོ་ཡང་གྲོད་པ་འཕྱིས།། གྱོན་རྒྱུ་སྡུག་ཀྱང་ལུས་པོ་དྲོད།། ཟ་རྒྱུ་འཐུང་རྒྱུ་ཡོད་ན་དགའ།། ལབ་རྒྱུ་གླེང་རྒྱུ་མེད་ན་དགའ།། ཟ་ཤོག་འཐུང་ཤོག་ཟེར་དུས་སྐེ་བསྣར།། ལས་ཤོག་བྱ་ཤོག་ཟེར་དུས་གདོང་གཉེར།། ཟ་སྟངས་སྡོད་སྟངས་གྱོན་སྟངས་གསུམ།། དྲིན་ཅན་ཕ་མའི་བསླབ་བྱ་ཡིན།། ཟ་རྒྱུ་མང་ན་ནད་དང་།། སྐད་ཆ་མང་ན་གྱོད།། ཟ་ཁ་ཡར་ལྟོས།། ལས་ཁ་ཕར་ལྟོས།། ཟ་རྒྱུ་གླ་མགོ་ཙམ།། ལབ་རྒྱུ་གླ་སྤུ་ལས་མང་།། ཟ་ལས་གལ་ཏ་མགོ་འབྲེལ་ཡིན།། ཟ་ཤེས་ནས་ལས་ཤེས་པ་དགོས།། ཟ་རྒྱུ་མཐོང་ན་འཛུམ།། ལས་རྒྱུ་མཐོང་ན་འཚེར།། ཟ་དུས་བཅོ་བརྒྱད་དྲུག་ཅུ།། ལས་དུས་ང་རང་གཅིག་པུ།། ཟ་བའི་ཁ་ཡོད་ཀྱང་།། འགྲོ་བའི་མིད་པ་མེད།། ཟ་སའི་ཁ་བཀག ། འགྲོ་སའི་ལམ་བཀག ། ཟ་རྒྱུ་མི་ཚད་ལྟོགས་ལ་ཆེ།། བློ་ཤེད་མི་ཚད་ཁ་པོ་ཆེ།། ཟ་རྒྱུ་མེད་པའི་ལས་རྒྱུ།། ཟ་མཁས་སྤྱོད་མཁས་བྱས་ན།། ཨ་ཞིམ་ཨ་ཡག་རྒྱུན་མི་ཆད།། ཟ་རྒྱུ་དཔོན་ལ་བསྐོས།། ལས་རྒྱུ་གཡོག་ལ་བསྐོས།། ཟ་བླ་དཀར་ཡང་མུན་པའི་གཡའ་ཞིག་ཡོད།། ལྷ་ལྕམ་མཛེས་ཀྱང་བདུད་མོའི་གཡའ་ཞིག་ཡོད།། ཟ་རྒྱུ་འདུག་བསམ་ཚང་མ་ཟ་མི་ཉན།། གཟུགས་པོར་མི་ཕན་དུག་ལ་འགྲོ་བ་ཡིན།། ཟ་དུས་མཛོ་ལས་གྲོད་པ་ཆེ།། ལས་དུས་ཁྱི་ལས་ཐབས་རྡུགས།། ཟས་ཞིམ་པོ་གྲོ་མ་མར་ཁུ་རེད།། ལྡད་བརྒྱབ་ན་ས་འོག་རམ་པ་རེད།། ཟས་ལ་མར་བཟས།། རྐན་ལ་རུས་པ་ཟུག ། ཟས་ཟ་ཚོད་ཤེས་ན་རང་ལུས་བདེ།། དཔའ་འཐབ་ཚོད་ཤེས་ན་རང་ཉེན་ཆུང་།། ཟས་ཞིམ་པོ་ཉི་མ་གཅིག་རེད།། གཏམ་ངན་པ་བསྐལ་པ་སྟོང་པ་རེད།། ཟས་མི་ལག་བཞག་ན་ཇེ་ཆུང་།། གཏམ་མི་ཁ་བརྒྱུད་ན་ཇེ་མང་།། ཟས་ཡི་གར་བྱུང་དུས་ཟོ།། དགྲ་ཐད་ལ་བྱུང་དུས་འཐབ།། ཟས་སློང་ན་ཡ་རབས་བུ་ལ་སློང་།། གྲོས་དྲིས་ན་ཚུལ་ལྡན་མི་ལ་དྲིས།། ཟས་མིའི་ཡིན་པ་ཤེས་ཀྱང་།། གྲོད་པ་རང་གི་ཡིན་པ་མི་ཤེས།། ཟི་ལྡི་ར་དཔུང་བསྒྲིགས།། ནམ་མཁའ་འུར་སྒྲས་བརྒྱངས།། ཟས་ཞིམ་མངར་ལྕེ་ནས་མིད་པར་བར།། ཟས་ཞིམ་མངར་ཡོད་ན་ཕ་མར་འབུལ།། གཏམ་བདེན་པ་ཡོད་ན་མགོན་ལ་ཞུས།། ཟས་ཀྱི་ཕུད་དེ་མགྲོན་ལ་འབུལ།། གོས་ཀྱི་རྩེ་དེ་རང་གིས་གྱོན།། ཟས་ཁ་རུ་ཞིམ་པ་དེ་མི་ལ་སྦྱིན།། ནོར་ཡིད་དུ་འོང་བ་དེ་རང་གིས་ཉར།། ཟས་ལ་ངོ་ཡོད་པས་སྦྱིན།། ནོར་ལ་དགྲ་ཡོད་པས་སྦོས།། ཟས་ངན་གཅིག་གིས་ཁོག་པའི་སྟོད་སྨད་དཀྲུག ། མི་ངན་གཅིག་གིས་ལུང་པའི་ཕུ་མདའ་དཀྲུག ། ཟིན་པར་དཀའ་བ་དེ་ཚོད་དང་།། ཐེག་པར་དཀའ་བ་དེ་བདེ་སྐྱིད་ཡིན།། ཟིམ་ཟིམ་ཆར་པས་རི་འགོ་བཤིག ། ཁ་མི་གྲགས་སྡོད་པས་ཡོད་རྒུ་འཕུང་།། ཟུར་བལྟས་པས་ལེབ་མཐོང་།། ཟེར་ཚད་བདེན་མིན།། བཙོ་ཚད་ཤ་མིན།། ཟེར་རྒྱུ་བུ་མོར་ཟེར།། ཕོག་རྒྱུ་མནའ་མར་ཕོག ། ཟོག་གི་ཚོས་གཞི་ཕྱི་ནས་མཐོང་།། དགྲ་བོའི་ལྐོག་ཇུས་ཁོག་ན་ཡོད།། ཟོག་ལྷ་འདྲ་བ་ལ།། བདག་པོ་འདྲེ་འདྲ་བ།། ཟོག་གོང་ཆུང་ན།། རྒྱུ་སྤུས་ཞེར་བའི་རྟགས།། ཟོག་ཚེ་ཕུར་ལ་བདག་པོ་ཀླུ་བཙན།། ཟླ་བ་དཀར་བ་ཟླ་སྟོད་དང་།། ཕ་མ་འཛོམས་པ་ཚེ་སྟོད།། ཟླ་གཟུགས་ཆུ་ལ་ཤར་བ།། ཟླ་གམ་འོག་གི་མུར་མཛོག ། ཕུ་ཐུང་ནང་གི་ལག་བཤད།། གཟའ་མ་བརྒྱབས་ན་ཁ་མི་ཀྱོག ། གཟར་པོའི་བྲག་ལ་མ་འཛེགས་ན།། བདེམོའི་ཐང་ལ་སླེབས་མི་སྲིད།། གཟིག་ཚང་སྒོ་ཁར་གླ་བའི་འཕག་འཚག ། གཟུགས་ཆུང་བར་བྱིས་པའི་མཐོང་དང་།། རྒྱུ་མེད་པར་སྤྲང་པོའི་མཐོང་།། གཟུགས་མེད་གྲིབ་བཟོ།། ཉེས་མེད་ཉེས་འདོགས།། གཟུགས་མེད་ན་གྲིབ་ནག་ཡོང་དོན་མེད།། གཟུགས་རྗེས་གྲིབ་འབྲངས།། བཟང་པོའི་བཟང་ལན་འཇལ་བར་ལོ་དང་ཟླ་བ།། ངན་པའི་ངན་ལན་སློག་པ་ཞོགས་པ་གཅིག་གི་ལས།། བཟང་དང་བསྡེབས་ན་བཟང་།། ངན་དང་བསྡེབས་ན་ངན།། བཟང་པོ་བྱེད་པ་ལོ་གསུམ་དང་།། ངན་པ་བྱེད་པ་ཞག་གསུམ།། བཟང་ལན་ངན་གྱིས་འཇལ།། ཇ་ལན་ཆུ་ཡིས་འཇལ།། བཟང་པོ་ལ་ངོ་བསྟོད་མ་ཆེ།། ད་གཟོད་ཅིར་འགྱུར་མི་ཤེས།། བཟང་པོ་ལ་བཀུར་ཆ་མ་ཆེ།། བཟང་སྐད་ཐོན་པ་འདི་དཀའ།། ངན་པ་ལ་ཁྱད་གསོད་མ་བྱེད།། ཡིད་ལ་འཇོག་པ་ཡིན།། བཟང་པོའི་ཞོར་ལ་ཇ་ཆང་།། ངན་པའི་ཞོར་ལ་རྒྱུག་རྡུང་།། བཟང་པོ་རྒུད་པ་བལ་ལས་འཇམ།། ངན་པ་རྒྱགས་པ་ཤིང་ལས་རྩུབ།། བཟང་དྲུག་སྨན་དེ་ཆོ་ལེས་བཤིག ། བཟང་ལ་བྱ་དགའ་དང་།། ངན་ལ་ཆད་པ།། བཟང་པོ་བྱས་པ་ངན་ལ་ངོམས།། སྐྱག་པ་སྐམ་པོ་གསེར་ལ་ངོམས།། བཟང་ལན་བྱི་བས་གླང་ཆེན་བསླངས།། ངན་ལན་སྲེག་པས་དགྲ་ཤ་བླངས།། བཟང་པོ་ལས་བྱེད་སར།། ངན་པས་ལྟད་མོ་ལྟ།། བཟང་འབྲེལ་ཐུགས་རྗེ་ཆེན་པོ།། ངན་འབྲེལ་འཁོར་བ་ཐོགས་མེད།། བཟང་པོ་དྲུག་འཛོམས་ལ།། ངན་པ་ཀོ་ཀོ་ལ།། བཟང་པོ་དམའ་འབེབས་འདོད་ན།། ངན་པའི་ཁ་ཡ་གྱིས།། བཟང་པོར་བཟང་ལན་དང་།། ངན་པ་ངན་ལན།། བཟང་ཚང་ནང་ཁ་གཤིབ་ན།། ལྟོ་གོས་ཐུག་པས་ཆོད་ཡོང་།། བཟས་ནས་བསྡད་ན་རི་བོ་ཡིན་ཀྱང་རྫོགས།། བཏུངས་ནས་བསྡད་ན་རྒྱ་མཚོ་ཡིན་ཀྱང་སྐམ།། བཟང་དཔོན་རྒས་པ་ལུག་རྫི།། ཐང་སྐུ་རྒས་པ་གྲལ་གཤམ།། ཟས་བཟས་ཀྱིས་མིད་པ་བྱང་།། བསྡད་བསྡད་ཀྱིས་རྐུབ་བྱང་།། བཟས་བཟས་ཀྱིས་ཁ་བརྙོགས།། ཕྱིན་ཕྱིན་གྱིས་ལམ་བྱང་།། བཟས་ནས་མ་ཕོངས།། ཉལ་ནས་ཕོངས།། བཟས་པ་ལྟོ་ལ་ཕན་པ།། ཕྱིན་པ་འགྲུལ་ལ་ཕན་པ།། བཟོ་ཆེན་འོག་གི་བཟོ་ཆུང་།། ལུང་ཆུང་ནང་གི་དཔོན་ཆུང་།། བཟོ་པ་ཐིག་ལ་མ་འཛེམས་ཤིག ། ཐིག་གིས་བཟོ་པ་བསླུས་མི་ཡོང་།། བཟོ་པ་མེད་ན་ལན་པ་མེད།། ཉི་མ་མེད་ན་ཚད་པ་མེད།། བཟོ་ལག་ཤེས་དང་།། ཚོང་ཐབས་ཤེས་ཡིན།། བཟོ་པ་གླ་མེལ།། སྐུད་པ་འཕར་འདོན།།

༼ འ ༽

       འ་ཆད་འུ་ལ་ཐུག་པའི།། ཐང་གྱེས་བྱེའུ་ཕྲུག་མ་རེད།། འབ་སུ་པགས་པས་མ་འདུས་པ།། འུ་ཐག་པའི་མཆོང་རྒྱག་གྱེན་ལ་བརྒྱབ།། འུ་ཐུག་སྐབས་འོབས་མཆོང་མ་རྒྱག ། འུར་འུར་གྱི་སྒྲོག་པ་ལས།། འཇམ་འཇམ་གྱི་དོན་བསྒྲུབས་ན་དགའ།། འུར་འུར་གྱི་རླུང་བུར།། ཡོང་རྒྱུ་ཐལ་རླུང་།། འུར་འུར་གྱི་རླུང་བུར།། ཡོང་རྒྱུ་ཐལ་རླུང་།། འ་ཆད་འུ་ཐུག ། བ་ཤི་ས་རུལ།། འང་གུའི་རྐུབ་ནས་ཨ་ལོང་།། འུ་ཐུག་ན་ཉེ་བཙལ།། ཁྱི་རིག་ན་རྡོ་བཙལ།། འུ་ཐུག་ན་ཞུ་ས་དཔོན།། ཐང་ཆད་ན་གཡབ་ས་རྟ།། འུག་པའི་ཁ་ནས།། འུག་གཅིག་མ།། འུག་པས་མུན་པ་རུབ་ན་བསམ།། བྱ་ཕོས་ནམ་མཁའ་ལངས་ན་བསམ།། འོ་མ་དཀྲུག་ན་མར་དང་།། ཆུ་དཀྲུགས་ན་ལྦུ་བ།། འོ་མའི་རྒྱ་མཚོ་ལ།། ཁྲག་གི་ཐིགས་པ།། འོབས་སུ་ཐེངས་གཅིག་ལྷུངས་ན།། ཤེས་རབ་ཐེངས་གཅིག་འཕེལ།། འོལ་བ་མོན་ལ་འགྲོ་ཚེ།། སྦལ་པས་ལག་པ་བཀྲབ།།

༼ ཡ ༽

       ཡ་རབས་ཕྱག་དང་ཞེ་ས་མཁས།། མ་རབས་སྙིང་དང་གྲོད་པ་ཆེ།། ཡ་རབས་ལས་ལ་བརྩོན།། མ་རབས་ཟས་ལ་རྔམ།། ཡ་རབས་ངོ་ཚས་ཕུང་བ་མང་།། མ་རབས་ཧམ་པས་ཕུང་བ་མང་།། ཡ་ལ་མེད་པའི་ཡ་ལ།། མ་གཞིས་བཟས་པའི་ཡ་ལ།། ཡ་ལ་མེད་པའི་ཡ་ལ།། ཞུམ་བུས་སྟོན་ཏོག་བཟས་པའི་ཡ་ལ།། ཡ་ལོ་འཁོར་དུས་མ་ལོ་མི་འཁྲི།། མ་ལོ་འཁོར་དུས་ཡ་ལོ་མི་འཁྲི།། གཉིས་ཀ་འཁོར་དུས་རྩམ་པ་མི་འབབ།། ཡ་རབས་ཅན་གྱིས་དྲང་བདེན་གསལ་པོ་ཤེས།། མ་རབས་ཅན་གྱིས་ཁེ་བཟང་ཁོ་ན་ཤེས།། ཡ་གཅིག་ཆུ་ལ་བརྒལ་ན།། གཏིང་ལ་རིང་ཐུང་མེད།། ཡ་རབས་གྲལ་ལ་རྩོད།། མ་རབས་ལྟོ་ལ་རྩོད།། ཡྰ་རྩེ་འགྲངས་ནས་མི་ཤི།། བྱ་དེ་ལྟོགས་ནས་མི་ཤི།། ཡག་བྱུང་པ་ཕའི་ཇ་ཆང་མེད་པར།། སྡུག་བྱུང་ཨ་མའི་རྒྱུག་རྡུང་།། ཡང་ན་རྭ་ཡོད་རི་གང་།། ཡང་ན་ཨ་ཡུ་གདང་གང་།། ཡང་ཡང་ཨ་ཅེའི་གླུ་ལ་སྙན་རྒྱུ་མེད།། ཡང་ན་སྔོ་གྲོད་པ་གང་།། ཡང་ན་མགོ་ཞོ་འདག ། ཡང་ན་ཧོབ་སྟེ་བལྟས་ནས་ཤེས།། ཡང་ན་ཞག་གསུམ་གཤིབས་ནས་ཤེས།། ཡང་རྩེའི་སྒང་ལ་ཡས་སྒྲོན།། མཁས་པའི་ནང་གི་གཙུག་རྒྱན།། ཡར་ཞོར་སྟག་བསད།། མར་ཞོར་དོམ་བསད།། ཞོར་ལ་རི་བོང་བསད།། ཡར་བཅད་དཔག་བསམ་ལོ་མ།། མར་བཅད་དུག་གི་སྡོང་པོ།། ཡར་མི་འགྲོ་ལྟག་པའི་གཉའ་ཤིང་དང་།། མར་མི་འགྲོ་སྒྱིད་པའི་ཐིག་ནག ། ཡར་འགྲོ་བརྒྱ་དང་མར་འགྲོ་སྟོང་།། ཡར་འགྲོ་སོར་གང་ལ།། ཕྱི་འགྲོ་འདོམ་གང་།། ཡར་ལ་དཀོན་མཆོག་གིས་མི་གཏོང་ལ།། མར་ལ་ངས་ཀྱང་མི་འགྲོ།། ཡར་རུང་ཕྲག་སྟེང་མི་ལོན།། སྙི་རུང་གྲི་ཡིས་མི་ཆོད།། ཡར་དཔེ་ཞྭ་ལ་བལྟས་ན་ཞྭ་ཐོག་ཞྭ་བརྩེགས།། མར་དཔེ་ལྷམ་ལ་བལྟས་ན་ཨ་ཀྲད་དགུ་བརྩེགས།། ཡར་ལངས་ནས་ཆེ་རུ་དང་།། མར་བསྡད་ནས་ཆུང་དུ་འགྲོ་རྒྱུ་མེད།། ཡར་དཔེ་ཞྭ་ལ་བྱེད་ཞྭ་ལུང་དར་གྱིས་བརྒྱན།། མར་དཔེ་ལྷམ་ལ་བྱེད་ལྷམ་ཀྲད་རྩིད་པས་འཛེར།། མར་དཔེ་ཞྭ་ལ་མི་འདྲེན།། མར་དཔེ་ལྷམ་ལ་མི་འདྲེན།། ཡར་ལངས་ན་མགོ་བརྡབས།། མར་བསྡད་ན་རྐུབ་བརྡབས།། ཡར་རླངས་ཤོར་མེད་པ་དང་།། མར་ཐིགས་ཤོར་མེད་པ།། ཡར་འགྲོ་མར་འགྲོ་བརྒྱ་བྱས་ཀྱང་།། སྒོ་ཐེམ་ཕྲ་མོ་འགག་རེད།། ཡི་དམ་བྱོལ་སོང་ལ་བྱས་ན།། འགྲོ་ས་དམྱལ་བ་ལས་མེད།། ཡི་གེ་མི་ཤེས་སྨྱ་གུ་མདའ་ལས་རིང་།། ཡི་གེར་བརྗོད་བྱ་མེད་ན།། དོན་ལ་གོ་བ་མི་ལོན།། ཡི་གེ་ན་གཅིག་མི་ཤེས་པར།། དྲུང་ཡིག་ཆེ་མོའི་ཕྱག་རྒྱ།། ཡིག་མེད་ལོང་བ་ལྐུགས་པའི་རྒྱུ།། ཡིད་དྭགས་ཁ་ལ་རྭ་སྐྱེས།། ཡི་དྭགས་ཁ་ལ་མེ་འབར།། ཡིད་ཀྱི་སོག་ལེ་རྣོ་ཡང་།། ཤིང་གི་སྡོང་པོ་མི་ཆོད།། ཡིད་སྐྱོ་བའི་ལམ་དུ་མ་སོང་ན།། སེམས་དགའ་བའི་གྲོགས་དང་ག་ལ་འཕྲད།། ཡིད་སེམས་དྲང་མོ་མདའ་འདྲ།། བསམ་པ་དཀར་པོ་དུང་འདྲ།། ཡུན་རིང་ན་བུ་མོ་མ་དང་འཁོན།། ཟ་ཆེ་ན་སྦྲང་དཀར་མཆིན་པར་གནོད།། ཡུན་རིང་པོ་མི་སྡོད་འགྲོ་མཁན་ཡིན།། ཁ་དགའ་དགའ་གྱིས་དང་སེམས་པ་དགའ།། ཡུན་རིང་འདྲིས་ན་མཛའ་བོ་ཡིན་ཡང་འབྱེད།། ཡུར་ཆུ་སྔོན་མོ་སོང་ཡང་།། གྲམ་ཐང་སྐྱ་མོ་སྡོད་དགོས།། ཡུལ་ཡར་ཀླུང་དུ་བསྡད་ན།། ལྷ་ཡར་ལྷ་ཤམ་པོ་བསྟེན་དགོས།། ཡུལ་གྱི་ཕབས་ཀྱིས་ཡུལ་གྱི་ཆང་རྩི་ཉན་པ་དགོས།། ཡུལ་གྲུ་བཞི་དགྲ་ལག་ཤོར་ཟེར་ན།། ཕོ་མི་ཚེ་རིང་ཡང་དགའ་རྒྱུ་མེད།། ཡུལ་པས་ཡུལ་གྱི་རྒྱང་ས་ཉན།། ཡུལ་ཕབས་ཡུལ་གྱི་ཆང་རྩི་ཉན།། ཡུལ་ཆུ་བཏུངས་ནས་ཡུལ་ཁྲིམས་འཁུར་དགོས།། ཡོང་རྒྱུ་ཤིག་ཙམ་ལ་ཤོར་རྒྱུ་རི་ལས་ཆེ།། ཡོང་བ་བརྒྱ་ལས་བྱུང་བ་གཅིག་དགའ།། ཡོད་པོའི་ནང་ལ་གང་ཡང་ཡོད།། མེད་པོའི་ནང་ལ་ཆུ་ཡང་མེད།། ཡོད་པ་མི་ལ་མ་ངོམ་གཞན་སེམས་དཀྲུག་རོགས།། མེད་པ་མི་ལ་མ་འཁང་སྙིང་ཚིམ་རྒྱག་རོགས།། ཡོད་པོའི་ཁ་ནས་མེད་སྐད་ཐོན།། མེད་པོ་ཐམས་ཅད་ཡོད་སྦྱོར་ཆེ།། ཡོད་པ་མེད་སྐད་ཆེ་བ་དང་།། གྲོད་བསྐམ་ཀོབ་སྒྲ་ཆེ་བ།། ཡོད་པོར་སྡུག་བསྔལ་བརྒྱ་དང་།། མེད་པོར་སྡུག་བསྔལ་གཅིག ། ཡོད་པོ་མེད་པོར་བཏང་།། དར་ར་ཕྱུར་ཁུར་བཏང་།། ཡོད་པོར་དོམ་དོམ་ཉིས་བརྩེགས།། མད་པོར་ལྷན་པ་གསུམ་བརྩེགས།། ཡོད་ལ་མེད་ལའི་རྟ་ཕོ་ལས།། བློ་ཐག་ཆོད་པའི་རྐང་ཐང་དགའ།། ཡོད་དུས་གཏོར་མ་དང་།། མེད་དུས་གཏོར་ཆུ་སྒུག ། ཡོད་ལ་མེད་ལའི་ཉི་མ་ལས།། བློ་ཐག་ཆོད་པའི་གྲིབ་སོ་དགའ།། ཡོད་མདོག་མདོག་དོར་མ་རྒྱ་ཚོས་གྱོན།། མེད་མདོག་མདོག་ལྷན་པ་ཕྲེད་ལ་བརྒྱབས།། ཡོད་པའི་ཁ་ལ་གསོག་འདོད།། མེད་པའི་ཁ་ལ་སྟོར་འདོད།། ཡོན་ཏན་རིན་ཆེན་དགོས་འདོད་ཀུན་འབྱུང་རེད།། དགོས་འདོད་ཀུན་འབྱུང་དགོས་མི་ཐོགས་པ་མེད།། ཡོན་ཏན་ཡོད་པས་མ་སྤྱད་ན།། ཞིང་ལ་སོ་ནམ་མ་བྱས་འདྲ།། ཡོན་ཏན་རྗོད་དུས་དྲེགས་པ་སྐྱུངས།། ཡོན་ཏན་མེད་འི་གྲལ་འགོ་ལས།། བཟང་པོའི་གྲལ་མཇུག་དགའ་བ་ཡིན།། ཡོས་རྡོག་བློས་མ་ཐོངས།། སྤགས་གོང་རྦབ་ལ་རིལ།། ཡོས་ཀྱི་དཀྱིལ་ནས་ཁྲ་ཁྲ་དང་།། ཡོས་ཀྱི་དཀྱིལ་ནས་ནག་ནག ། གཡག་རྒན་གདང་དཀྲོག ། ཕག་ཚང་རྒྱུག་དཀྲོག ། གཡག་རོག་པོའི་རྔ་མར་རེ་མི་དགོས།། རང་སྒྲ་སྐེད་པ་ཟིན་ཙམ་ཡོད།། གཡག་གསོད་དུས་སྡིག་པ་དང་།། ཤ་ཟ་དུས་རྒྱགས་པར་ལྡིར།། གཡག་ལ་བོང་བུའི་བསྟོད་པ།། དུང་ལ་དཀར་རྩིའི་རི་མོ།། གཡག་རྔོ་ཅན་གཅིག་གིས་གདངས་མང་འཛད།། མི་དྲི་ཅན་གཅིག་གིས་གྲལ་མང་མཛད།། གཡག་གིས་བརྡུངས་ན་བྲོས།། དཔོན་གྱིས་བརྡུངས་ན་བཅར།། གཡག་གིས་ཆུ་འཐུང་མ་འདོད་ན།། ཉའ་ནས་མནན་པས་ཅི་ལ་ཕན།། གཡག་མགོར་སྲང་གང་།། ལུག་མགོ་ལའང་སྲང་གང་།། གཡག་ཆེ་བས་ལྕི་བ་ཆེ་བ་གཏོང་བའི་ངེས་པ་མེད།། གཡག་ཆད་གཅིག་གིས་གཡག་ཆད་བརྒྱ།། གཡག་རྒན་གྱིས་གདང་འཚོ་མ་ཟིན་ན།། གདང་གི་སྐེད་པ་འཁྱོག་ཉེན་ཡོད།། གཡག་ཞར་བས་རྩྭ་་ཟ་བ།། གཡང་དཀར་ལུག་གི་བལ་ལ་ཡག་ཉེས་མེད།། གཡང་རྩེའི་སྒང་ལ་ཡས་སྒྲོན།། གཡའ་མ་ཉིལ་བ་རྫ་ནས་ཉིལ།། རྫ་མེད་ན་གཡའ་མ་ཉིལ་དོན་མེད།། གཡར་པོ་བདག་བཟུང་།། བདག་པོ་སྒོ་རྒྱབ།། གཡར་པོ་ཡུན་རིང་ན་བདག་པོའི་ཚུལ།། གཡས་ཕྱག་རྒྱ་བྱེད་དུས།། གཡོན་བུམ་པ་ཤོར།། གཡས་ལག་མ་བརྐྱངས་ན།། གཡོན་ལག་མི་སྐུམ།། གཡས་པར་སྤྱན་དང་།། གཡོན་པར་མིག ། གཡས་ལ་མདའ་ཀྱོག་དང་།། གཡོན་ལ་གཞུ་ཀྱོག་མེད།། གཡས་པས་མདའ་ལ་མ་འཁྱོག ། གཡོན་པས་གཞུ་ལ་མ་འཁྱོག ། གཡུ་འབྲུག་ནམ་མཁར་ལྡིང་ཡང་།། སྤར་རྡོ་ས་ལ་མི་ལྷུང་།། གཡུ་རལ་མེད་པའི་སེང་གེ་དང་།། མཇུག་སྒྲོ་མེད་པའི་རྨ་བྱ།། གཡུ་མོ་ཨ་བསར་ཆེ་བས།། ཤིང་རྒྱས་ཚང་མ་གྲུ་མོར་བཏབ།། གཡུ་བསྡུར་དགོས།། རྟ་གཅོག་དགོས།། གཡུག་པར་ཕྱིན་ན་ཕ་རོ་དང་།། སྒྲུག་པར་ཕྱིན་ན་མཛེ་རོ་རེད།། གཡུལ་ངོར་ཡང་ཡང་འཐབ་པའི་མི།། དཔའ་རྩལ་སྙིང་སྟོབས་ལྡན་པར་གྱུར།། གཡུལ་ཐག་ཆོད་དུས་སྤགས་ཐག་ཆོད།། སྔོ་ཚོད་བཟས་ནས་འཚོ་ཐབས་བྱེད།། གཡེར་མས་རྒུན་འབྲུམ་ལ་ཁ་ཏ།། གཡོ་ཅན་ལ་ཁ་རྟིང་སྤྱོད་གསུམ་ཡོད།། གཡོ་སྒྱུ་འདྲེ་ལྟར་ཆེ་ཡང་།། ཐ་མ་རྐང་འཁྲུའི་ཆུ་སྙིགས་འཐུང་།། གཡོ་སྒྱུ་མེད་པའི་ཝ་དང་།། མི་ཤ་མི་ཟའི་སྟག་མེད།། གཡོག་ཐ་སྤག་གང་ལ།། སྦྱིན་བདག་རྒྱ་ཞིབ་གང་།། གཡོག་བྱས་ཀྱི་མཐའ་མ་ནག ། གཡོག་ལ་གཡོག་གླ་མེད་པས།། ད་དུང་མ་ཉེས་ཁག་གཡོགས།། གཡོག་པོའི་འདོད་པར་བྱས་ན།། སྦྲ་རི་མགོ་ལ་ཕུབ།།
༼ བོད་ལྗོངས་རིག་གནས་དྲ་བ་ལས་བཏུས།   རྩོམ་སྒྲིག་པ། དཀོན་མཚོག་དར་རྒྱས། ༽

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*