༄༅། །བོད་ཀྱི་གཏམ་དཔེ་ཕྱོགས་བསྒྲིགས། ༣

༼ ཏ ༽

       ཏག་ཏག་བཟོ་མཁན་ཏག་སེ་རེད།། སིག་སིག་བཟོ་མཁན་སིག་རལ་རེད།། ཏན་ཏན་གྱི་བོང་བུ་ལ།། ཏིག་ཏིག་གི་ཁལ།། ཏན་ཏན་ཏིག་ཏིག་བྱས་ནས།། སྐེད་པར་སྐ་རགས་གཉིས་བཅིངས་ཡོད།། ཏུང་སྐུད་མདུད་པ་མ་ཐོགས་པ་དང་།། ལྗགས་བཤད་ཚིག་ལ་མ་ཐོགས་པ།། གཏམ་དཔེ་མེད་ཤོད་དཀའ།། ཇ་ཚྭ་མེད་འཐུང་དཀའ།། གཏམ་ཕ་ལ་བཤད་སུ་ལ་ཤོད།། ཟས་མ་ལ་མ་སྦྱིན་སུ་ལ་སྦྱིན།། གཏམ་དེ་སྙན་པོ་མེད་ཀྱང་།། ཚིག་གིས་རང་སེམས་འགུལ་བ།། གཏམ་ཁ་ཡ་མེད་པ་དགོན་པའི་འཁར་རྔ།། ཞྭ་ཁ་མེད་པ་གཅོད་པའི་དོམ་ར།། གཏམ་དཔེ་ལེན་དཔེ་འཇོག་སེང་གེའི་ཡ་ཐོད།། དོན་འཇོག་ས་མེད་ལ་དྲེདམོའི་ཕྱི་རྟིང་།། གཏམ་བརྒྱ་བཤད་ཀྱི་སྙིང་པོ་དོན་རེད།། ཞོ་བརྒྱ་དཀྲོགས་ཀྱི་སྙིང་པོ་མར་རེད།། གཏམ་བཏང་ནས་རྡོ་ཁ་འགྲིལ་ལེ་དགོས།། གྲི་བཏོན་ནས་རྒྱག་ཐག་ཆོད་ལེ་དགོས།། གཏམ་བཤད་ན་གྲལ་ལ་ལྟོས།། ལྟོ་བཟས་ན་མགོ་བོ་འདེགས།། གཏམ་གྱི་ཕུ་ཐག་མ་ཆོད་པར།། ཚིག་གསུམ་གྱིས་དོན་རྩ་རྟོགས་ལེ་མིན།། གཏམ་སྔ་ཚིག་རྡོ་ལ་རི་མོ་ཡིན།། རྡོ་ཆག་ཀྱང་རི་མོ་ཟུབ་ལེ་མིན།། གཏམ་སྔ་ཚིག་གསེར་གྱི་ཕ་ཝང་།། ཕྱི་ཚིག་བྱེ་མ་རླུང་འཁྱེར།། གཏམ་སྔ་ཚིག་གིས་ཕྱི་ཚིག་ནོན་པ་དགོས།། གཏམ་ངོས་ལ་ཤོད།། སྐྲ་ལོ་རྒྱབ་ལ་གཡུགས།། གཏམ་རྣ་བར་འགྲོ་ཚོད།། ཟས་ཕོ་བར་ཤོང་ཚོད།། གཏམ་ལ་མཚོན་ཆ་མེད་ཀྱང་།། མི་སྙིང་དུམ་བུར་གཅོད།། གཏམ་སྔ་ཚིག་དར་གྱི་མདུད་པ་ཡིན།། དར་ཆད་ཀྱང་མདུད་པ་གྲོལ་ལེ་མིན།། གཏམ་རྒོད་དང་གཏམ་འཆལ་ནོར་ས་ཡོད།། ཕོ་ཚོད་ཅན་དང་སྙིང་མེད་ནོར་ས་ཡོད།། གཏམ་དྲང་པོ་བྱེད་པའི་དཔོན་པོ་དཀོན།། བློ་དྲང་པོ་བྱེད་པའི་དཔོན་པོ་བཀོན།། གཏམ་འགོ་འཛུམ་གྱིས་བསུས།། གཏམ་གཞུག་འཛུམ་ལ་བཞག ། གཏམ་གསེར་འདྲ་མཉན་ན་འཆུགས་པ་མེད།། གཏམ་ཤོད་རོགས་ཡོད་ན་སེམས་པ་དགའ།། ཟས་ཟ་རོགས་ཡོད་ན་སྣང་བ་སྐྱིད།། གཏམ་འདྲ་ཡོད་བཤད་ན་རྒྱ་གཏམ་བོད་ལ་མི་འགྲོ།། གཏམ་འདྲ་མེད་བཤད་ན་ཕ་གཏམ་བུ་ལ་མི་འགྲོ།། གཏམ་སྙིང་ལ་མཛའ་བ་དེ་སྙིང་རྩར་ཟུངས།། དགྲ་རང་དང་འགྲན་པ་དེ་ནང་དུ་མ་ཆུགས།། གཏམ་ངན་ཁུར་ནས་མི་ཡུལ་སྡོད་པ་ལས།། གཏམ་བཟང་ཁུར་ནས་དམྱལ་བར་འགྲོ་བ་དགའ།། གཏམ་དཔེ་མེད་དེ་གོ་དཀའ།། སྣོད་ལུང་མེད་དེ་འཇུ་དཀའ།། གཏམ་ཉོག་ཚིག་གི་ལོ་མ་རེད།། ཉི་མ་སྐྱེལ་བར་དགོས་པ་མེད།། གཏམ་ལབ་ན་ཆུ་མོ་རྒྱུག་རྒྱུག་ཡིན།། གྲོས་སྟོན་ན་མེ་ལོང་གསལ་གསལ་ཡིན།། གཏམ་ལ་ལན་མེད་ལྐུགས་པ་ཡིན།། དགྲ་ལ་ལན་མེད་ཝ་མོ་ཡིན།། གཏམ་ཆོ་མེད་བཏང་ན།། དོན་སྙིང་པོ་འགྲུབ་མི་ཐུབ།། གཏམ་ཁོག་ནང་ཡོད་པ་ཁ་ནས་ཤོར།། གྲོག་ཁ་ནང་ཡོད་པ་ལྕེ་ཡིས་འབུད།། གཏམ་ཡིག་རྩིས་དཔོན་གྱི་བསོད་ནམས་ཡིན།། བཟོ་ལག་ཤེས་གཡོག་གི་བསོད་ནམས་ཡིན།། གཏམ་སྔ་ཚིག་གིས་ཕྱི་ཚིག་ནོར་བ།། གཏམ་ཡ་མེད་དཔོན་གྱི་བཙན་གཏམ།། ཞྭ་ཡ་མེད་གཅོད་པའི་དོམ་ར།། རྔ་ཡ་མེད་འགོན་པའི་འཁར་རྔ།། གཏམ་ཚིག་གཅིག་གིས།། དོན་གྱི་རྡོག་ཁ་བསྟན་པར་དཀའ།། གཏམ་དོན་མེད་རྒྱལ་ཁ་མི་ལ་བསྐུར།། གཏམ་དོན་གཉིས་མེད་དུ་གྱུར་པ།། གཏམ་ལ་རིག་པའི་འབྱུང་གནས་དེ།། བསླབ་ལ་གཅིག་གིས་ཚར་ལེ་མ།། བུ་རིག་པ་ཡོད་ན་རང་བཞིན་སློབ།། གཏམ་དང་གདོང་ལ་བལྟས་ནས།། གཞན་སེམས་དཔོག ། གཏམ་དང་རལ་གྲི་གཉིས་པོ་དེ།། རྩེ་ནས་མི་འཆང་ཡུ་ནས་འཆང་།། གཏམ་དོན་ཅན་རྣ་བར་གོ་ན་མཚར།། གོས་མདོག་བཟང་རྒྱང་ནས་བལྟས་ན་མཛེས།། གཏམ་དང་མདའ་མོ་དྲང་ན་དགའ།། ལམ་དང་གཞུ་མོ་གུག་ན་དགའ།། གཏམ་ཕ་བཤད་བུ་བཤད་གཉིས་ཀ་བདེན།། གཏམ་ཐམས་ཅད་འདོད་པའི་ཕྱོགས་ནས་བྱུང་།། མི་ཐམས་ཅད་ཕྱུག་པོའི་བུ་ལ་དགའ།། གཏམ་བཤད་ན་མང་པོའི་དཀྱིལ་དུ་ཤོད།། རྟ་རྒྱུགས་ན་བདེ་མོའི་ཐང་ལ་རྒྱུགས།། གཏམ་ཐག་ཐུང་ན་ཉན་བདེ།། ཡོང་ཐག་ཐུང་ན་བཞོན་བདེ།། གཏམ་ཀ་ནས་ཤོད།། རྫ་ལག་ནས་ཤོར།། གཏམ་དང་མཆིལ་མ་གཉིས་ལ་ལེན་རྒྱུ་མེད།། གཏམ་དྲིས་ནས་མི་ཤོད།། བསྒུགས་ནས་ཤོད།། གཏམ་འདོད་བོང་བུར་བཞོན་ནས།། རྐང་ཆུང་ས་ལ་རེག ། གཏི་མུག་གཉིད་ལ་དགའ་བའི་མིར།། ཉི་མ་ནུབ་ནས་འཆར་བ་མཐོང་།། གཏིང་ནད་འཁོན་འཛིང་ཡོད་ཀྱང་མཛུམ་མདངས་སྟོན།། ནམ་ཞིག་བསམ་འདུན་འགྲུབ་པ་ཡིན།། གཏེ་པོའི་ནང་གི་གཟུགས་བཟང་དང་།། གཟུགས་བཟང་ཐུག་ན་གཏེ་པོ་རེད།། གཏེ་པོ་ནང་དུ་བཞག་ན་རྩམ་པ་འགམས།། གཏེ་པོ་ཐོག་ཁར་བཞག་ན་ལྷགས་པས་ཁྱེར།། གཏོར་མ་ཉམས་པ་མཐེབ་ཀྱུས་གསོས།། ཆོ་ག་ཉམས་པ་ཡིག་བརྒྱས་གསོས།། གཏོར་མ་ཆུ་འདྲ་བ་ལ།། དཀར་རྒྱན་མེ་འདྲ་བ།། གཏོར་མ་ཆུ་ལ་བསྐྱུར་ན།། བྱ་ཁྱི་ཁོ་ཐག་ཆོད་ཡོང་།། བཏང་ན་རྒྱ་སྒོར་མི་ཐར།། བཙིར་ན་སྤང་མོ་གང་།། བཏང་དུས་མ་ཕྱིན་ན།། བཀག་དུས་འགྲོ་བསམ་ཡང་ལམ་མེད།། བཏང་ན་མདའ་དང་།། བཀུག་ན་གཞུ།། བཏང་ན་བོང་བུས་མི་འགྲོ།། བཞག་ན་བོང་བུས་མི་སྡོད།། རྟ་འདོ་བ་ཤ་ཡི་ལྷ་ཁང་རེད།། ཤ་མེད་ན་ལྷ་ཁང་སྟོང་བ་རེད།། རྟ་མགྱོགས་པ་ཡར་འབྲོག་གཞུང་ནས་ཐོན།། མགྱོགས་ཐག་ཆོད་གར་ཐོན་འདིར་ཐོན་མེད།། རྟ་ཕོར་རྒྱུག་ཤེད་ཡོན་ན།། བྱང་ཐང་སྟོང་པ་རེད།། རྟ་རྒྱུགས་ན་རྒྱུག་མཉམ་དང་།། གུར་བརྒྱབས་ན་ཁ་འཕྲོད།། རྟ་བརྒྱུགས་ན་རང་རྟ་རང་བཞོན་དང་།། གུར་བརྒྱབས་ན་སྟག་མོ་ཁ་འཕྲོད་རེད།། རྟ་རྩལ་ཅན་དེ་རྟ་ཐོག་དང་།། ཆུ་རྩལ་ཅན་དེ་ཆུ་ཐོག་ཤི།། རྟ་བརྒྱུགས་ན་རྒྱུག་ས་ཨེ་ན་ཡིན།། དེ་ཡན་ཆད་ས་རོང་འཕྲང་འགག་རེད།། རྟ་ཕོ་རྒྱུག་བགྲོད་ཆེ་ན།། མཐའ་མ་འདམ་ལ་ཟུག ། རྟ་ཕོ་བྲེས་ལ་བཏགས་ན།། གོང་ཐང་མི་ཡིས་གཅོད།། རྟ་རྒན་མི་རྒན་མཛོ་རྒན་གསུམ།། ཉི་མ་དགོང་དྲོར་སླེབས་དུས་ཞེ་རུ་འགྲོ།། རྟ་དང་བོང་བུ་ཚོང་བརྒྱབ་པ།། རྟ་ཕོའི་བྲེས་ལ་བོང་བུའི་ཨོག་མ་རྐྱོང་བ།། རྟ་ལས་བབས་ནས།། བོང་བུར་བཞོན་པ།། རྟ་ཕོ་ཉོ་རྒྱུ་སླ་རུང་།། རྟ་ཕོ་གསོ་རྒྱུ་དཀའ།། རྟ་རྩེ་དྲ་སྐྱིད་རོགས་སྡུག་རོགས་ཡིན།། རྟ་ངར་ཡང་གསེར་སྒའི་འོག ། མི་འཚྭབ་ཀྱང་ཁྲིམས་རྒྱུག་འོག ། རྟ་ཤོར་ན་བཟུང་ཐབས་ཡོད།། ཚིག་ཤོར་ན་བཟུང་ཐབས་མེད།། རྟ་ཕོ་འགྲོ་རྒྱུག་ཡག་ཀྱང་།། ལྕག་གིས་སྐུལ་མ་གཏོང་།། རྟ་རྔ་ལས་ཉག་ཕྲ་བ།། མེ་ལས་ངབ་ཚ་བ།། རྟ་ཞར་བས་སྲབ་མདའ་མི་ལེན།། དམན་དྲེད་མས་ཁ་ཏ་མི་ཉན།། རྟ་ཤི་ན་ཁྱིའི་གྲོག ། རྟ་ཨ་མའི་སྔོན་ལ་རྟེའུ་རྒྱུག ། རྟ་རྒན་སྒལ་བཅོས་བྱས་པ་ངན་ལ་མངོན།། ཕག་པ་སྡོམ་གསོས་བརྒྱབ་པ་བཟང་ལ་མངོན།། རྟ་མང་ཁྲོད་དུ་གཙག་བུ་བཏོན་ན།། སྒལ་ཤོར་བའི་གནོང་ཐོག་ལ་འཁེལ།། རྟ་ཕོར་རྒྱུག་ཤེད་ཡོད་མེད།། བྱེ་མའི་དཀྱིལ་ནས་ཤེས་ཡོང་།། རྟ་གཅིག་ལ་སྒ་གཉིས།། མི་གཅིག་ལ་སེམས་པ་གཉིས།། རྟ་ཁྲག་ལས་དམར་བ་དང་།། འབྲི་མར་ལས་སེར་བ།། རྟ་བརྒྱ་མཛོ་སྟོང་གི་འབུལ་སྐྱེས་བཏེགས་པ་ལས་སྤྲོ།། རྟ་མགྱོགས་པའི་རྩ་བ་སྲབ་ཡིན།། སྲབ་མེད་ན་མགྱོགས་པ་རྐྱང་དང་འདྲ།། རྟ་ལྷིང་ན་ཀུན་གྱིས་བཞོན།། མི་ལྷོད་ན་ཀུན་གྱིས་བརྙས།། རྟ་ཁ་ལོ་མེད་ན་མ་ཞོན།། གཏམ་རྩ་བ་མེད་མ་ཤོད།། རྟ་ནོར་ལུག་གསུམ་སྤང་གི་རྒྱན།། གྲོ་ནས་སྲན་གསུམ་ཞིང་གི་རྒྱན།། རྟ་གཅིག་རྒྱུགས་དུས་མགྱོགས་མདོག་ཁ།། མི་གཅིག་ཤོད་དུས་བདེན་མདོག་ཁ།། རྟ་རྒན་ལ་འགྲོས་དང་།། མི་རྒན་ལ་ཀ་ཁ།། རྟ་ལ་མེ་རིང་བ་རྒས་པོར་བརྩིས།། མི་ངང་རྒྱུད་རིང་བ་ལྐུགས་པར་བརྩིས།། རྟ་སྟོང་འཁྲིད་ནས་མ་འགྲོ་བཞོན་ན་དགའ།། བོང་སྟོང་བཞོན་ནས་མ་འགྲོ་དེད་ན་དགའ།། རྟ་ལམ་བོང་བུས་བཀག ། ཆུ་ལམ་རྡོ་ཡིས་བཀག ། རྟ་པ་རྐང་ཐང་ལ་རེ་བའི་དུས།། རྐང་ཐང་རྟ་པར་རེ་བའི་དུས།། རྟ་ཡིས་ལྕང་མ་ཟ་བ་དེ།། ར་ཡིས་རྟ་ལ་བསླབས་པ་ཡིན།། རྟ་པོ་ཆག་གིས་གསོས།། དྲིན་ལན་རྡོག་པས་འཇལ།། རྟ་ཤ་ལ་སྒལ་རྨ་མ་ཤོར་ན།། སྒ་ཤིང་ལ་སྒལ་རྨ་ཤོར་དོན་མེད།། རྟ་རྒན་ལ་ཐོག་བརྒྱབས་ན།། ཁྱི་རྒན་ལ་ཉི་མ་ཤར།། རྟ་ཆུང་ལ་བཞོན་བདེ།། མི་ཆུང་ལ་བཀོལ་བདེ།། རྟ་བརྒྱ་རྒྱུག་པའི་སྔོན་ལ་མ་སླེབས་ཀྱང་།། བོང་བརྒྱ་རྒྱུག་པའི་རྗེས་སུ་མ་ལུས་ཙམ།། རྟ་ཕོའི་སྒ་ཐོག་དང་།། མི་ཕོའི་ལས་ཐོག ། རྟ་ཁ་སྲབ་ཀྱིས་སྒྱུར།། མི་ཁ་གཏམ་གྱིས་སྒྱུར།། རྟ་ལ་མ་བཞོན་གོང་ནས།། སྒ་ལ་བཅག་བཅག་བྱེད།། རྟ་དུས་ལ་ཆག་དང་།། བོང་དུས་ལ་ཕུང་མ།། རྟ་བཙོངས་ཀྱང་ཐུར་མགོ་མི་འཚོང་།། མཛོ་བཙོངས་ཀྱང་སྣ་གཅུ་མི་འཚོང་།། རྟ་རྒོད་ཁྲིད་ན་ཐུར་ཐག་རིང་དགོས།། སྡོང་རྒན་བཅད་ན་སྟ་ཡུ་རིང་དགོས།། རྟ་སྒ་འོག་ཏུ་མི་ཚུད་པ་དང་།། མཛོ་གཉའ་འོག་ཏུ་མི་ཚུད་པ།། རྟ་མཆོག་གིས་གླེན་པ་རྒྱབ་ཏུ་འཁུར།། སྨན་མཛེས་མས་མདོག་ངན་ཁྱོ་བོ་བསྟེན།། རྟ་འགྲོས་མ་ཁྲི་ཕྲག་མང་པོ་དེ།། བདེན་ངེས་པའི་གྲོགས་དང་བརྗེ་མི་ཐུབ།། རྟ་ཕོ་ཡོད་བསམས་བྲེས་ལ་བཏགས།། བྲེས་རྐུབ་བརྡོལ་ཡིན་པ་ངས་མ་ཤེས།། རྟ་པ་འཁྱག་པ་རྐང་ཐང་བས་མི་ཤེས།། རྐང་ཐང་ལྟོགས་པ་རྟ་པས་མི་ཤེས།། རྟ་ཕོའི་བྲེས་ལ་བོང་བུའི་ལག་པ་རྐྱོང་དོན་མི་འདུག ། རྟ་དཀར་རྒྱུག་རྒྱུག་ས་ལ།། རྟ་ནག་མཆིན་པ་ན་དོན་མེད།། རྟ་བོང་ལ་མགྱོགས་ལོས་ཤོར་ཡང་།། ཞག་སར་སླེབས་མཉམ།། རྟ་ལ་དགའ་ན་སྒ་ལ་ཡང་གཅེས།། རྟ་མགོ་ལུག་མཇུག་དང་།། འབྲུག་མགོ་སྦྲུལ་མཇུག ། རྟ་འགྲོ་གིས་བསམས་ནས་ཡོབ་མི་རྡུང་།། མི་སྙོམས་ཆུང་རེད་བསམས་བརྙས་མི་བྱེད།། རྟ་སྲོག་སེམས་ཅན་ལ་ཡང་།། ཚེ་ལུག་ཡོང་རྒྱུ་མེད།། རྟ་ལ་འཇམ་པ་དང་།། སྒ་ལ་བཟོ་བ།། རྟ་ཐར་སར་སྒ་ཐར།། དཔོན་ཐར་སར་གཡོག་ཐར།། རྟའི་མགོ་ལ་མཛོའི་རྭ་ཅོ།། རྟ་མ་ཤི་གོང་ནས་མིག་ཕོ་རོག་གིས་བཏོན།། མི་མ་ཤི་གོང་ནས་ནང་ཆས་ཁྲོམ་ལ་བཏོན།། རྟ་བདག་རྐང་ཐང་དང་།། གྲི་བདག་སོས་འབྲེག ། རྟ་བརྒྱུགས་དགོས་བརྒྱུགས་ཚར།། རྡུལ་ཡལ་དགོས་ཡལ་ཚར།། རྟ་ཆད་རྟ་སྦངས་གཏོང་ས་དང་།། མི་ཆད་འོ་ལ་གསོ་ས།། རྟེན་འབྲེལ་འགོ་ནས་འགྲིག་ན།། བྱ་བ་རྗེས་སུ་འགྲུབ་ཡོང་།། རྟགས་བསྒྲིལ་མ་རེད་དངུལ་བསྒྲིལ་རེད།། ཇོ་བོ་མ་རེད་བྱམས་པ་རེད།། རྟོགས་ལྡན་མི་གཅིག་ལག་གཅིག་ལ།། ཇག་པ་མི་མང་ལག་མང་།། རྟོགས་ལྡན་གར་ཤི་དང་།། བེར་ཀ་གར་ཆག ། རྟོགས་པ་ལྷ་དང་མཉམ་ཡང་།། ཀུན་སྤྱོད་མི་དང་མཐུན་དགོས།། རྟོགས་ལྡན་ལ་མི་རོ་བྱུང་ན་མཆོག་གྱུར།། ལྟ་བ་མིག་གིས་མི་བཟོད།། བསམ་པ་ཡིད་ཀྱིས་མི་ལངས།། ལྟ་ཕྱོགས་ག་ཉིས་ལ་མཐོང་ཕྱོགས་གཉིས།། མཁས་པས་བལྟས་ན་འདྲ་ཉེན་ཡོད།། ལྟ་བ་མཐོ་བའི་ཐ་མག་མེད་ཀྱང་།། སྣང་བ་སྐྱིད་པའི་སྣ་ཐག ། ལྟག་ཁུང་ལ་ཉི་མ་ཤར་ཡང་།། དཔྲལ་བ་ལ་ནམ་མི་ལངས།། ལྟག་པ་ཀེར་ནས་འགྲོ་བ་དེ།། ཨམ་ཕྲག་རྡོ་ཡིས་ཁེངས་པའི་རྟགས།། ལྟག་ཆུ་ཆད་པའི་རྫིང་བུ།། དཔུང་རོགས་མེད་པའི་དཔའ་བོ།། ལྟད་མོ་བལྟས་ན་རང་གི་ལུས་ལ་ལྟོས།། བྱིན་རླབས་ཞུས་ན་རང་གི་སེམས་ལ་ཞུས།། ལྟས་ངན་རང་གསང་མེད་པར།། བྱུར་ལ་ངོ་གསོ།། ལྟས་ངན་པའི་མི་ངན།། ཟ་རན་དུས་མིད་པ་འཆུས།། ལྟས་ངན་ལ་ལྟ་སྐྱོར་དང་།། དྲི་ངན་ལ་སྣོམ་སྐྱོར།། ལྟས་ངན་བརྒྱད་ཅུ་གྱ་གཅིག་དེ།། ཧོར་རྒན་བཤན་པའི་སྟེང་ལ་མ་འགེལ།། ལྟས་ངན་གཡང་ཁུག ། རྐྱེན་ངན་གྲོག་ཤར།། ལྟོ་ཞིམ་པོ་ཕར་ལ་མ་སྟེར་ན།། ལྟོ་བཤད་ངན་པ་ཚུར་ལ་རྒྱག་དོན་མེད།། ལྟོ་ཆས་དྭངས་ཁ་བདེ་དུས་ཟོ།། ཁ་ཆེམས་དྲན་པ་གསལ་དུས་ཞོག ། ལྟོ་འགྲངས་ཚོད་ལ་ཞོག ། གཏམ་གོ་ཚོད་ལ་ཞོག ། ལྟོ་ཁ་ལ་ཟ་བ་ལ།། ལམ་ལྟག་ཁུང་ནས་བསྐོར།། ལྟོ་ལ་མར་བཟས་ཀྱང་།། རྐན་ལ་རུས་པ་ཟུག ། ལྟོ་མིའི་ཡིན་ཀྱང་།། ཕོ་བ་རང་གི་ཡིན།། ལྟོ་དེ་ནང་ལ་བཟས།། ངོ་ཚ་ཕྱི་ལ་བླངས།། ལྟོ་དེ་ནང་ལ་བཟས།། སྒོ་ང་ཕྱི་ལ་བཏང་།། ལྟོ་ལ་མར་ཁུ་བཏུང་ཡང་།། གདོང་ནས་རོ་མདོག་སྟོན།། ལྟོ་ཕོ་བས་འཇུ་ཚོད་དང་།། ལས་ཤེད་མོས་འཁུར་ཚོད།། ལྟོ་གཟན་དངུལ་ལ་དགའ།། སྦྲང་ནག་བཙོག་པར་དགའ།། ལྟོ་དེ་ཁྱིའི་ལྟོ་ལ།། ལས་དེ་བོང་བུའི་ལས།། ལྟོགས་ཀྱང་ཕུབ་བ་མི་ཟ།། ཁ་དཀར་རྐྱང་གི་ཡ་ཚུལ།། ལྟོ་ཆས་སྐྱུར་མོ་ཟས་ན།། ཁ་ལ་འགྲམ་ཆུ་འཁོར་ཡོང་།། ལྟོགས་གཟན་ཉུང་མ་ལས་མེད་ཀྱང་།། ལ་མོ་འདྲ་འདྲ་བརྒྱབས་ཡོད།། ལྟོགས་སླ་བྱེད་པ་ཟ་འདོད་ཡིན།། ལྟོགས་ན་ལ་ཕུག་རྩ་བ་ཟ།། བརྒྱགས་ན་ཤ་ཡི་པགས་པ་བཤུ།། ལྟོགས་དུས་སྤགས་ཀྱིས་མ་ཕན་ན།། རྩམ་རྐྱལ་སྔས་ལ་བརྒྱབས་ཀྱང་ཕན་པ་མེད།། ལྟོགས་དུས་སྤགས་ཀྱིས་མ་ཕན་ན།། ཞིང་ཆུང་རམ་པས་ཁེངས་ཀྱང་ཁེངས།། སྟ་གྲི་རྡོ་ལ་གཞུས་ན།། སྐུ་གྱོང་ལྕགས་ལ་ཕོག་ཡོང་།། སྒ་གྲི་ཁ་ལོག་ན་ལན་རྩ་ཤིང་།། སྟག་གི་ཚང་དུ་མ་འཛུལ་ན།། སྟག་ཕྲུག་ལག་ཏུ་ཅི་ལ་སོན།། སྟག་ཕར་གསོད་མ་ཐུབ་ཀྱང་།། ཝ་ཞྭ་འོག་ནས་གློད་ཀྱི་མིན།། སྟག་ལྤགས་དུ་བས་འཚོས་ཀྱང་།། དགུ་ཚན་དགུ་ཡི་གྲལ་འགོ་ཡིན།། སྟག་གིས་ཁ་སྤུ་ཤད་ཤད།། ལི་ལིས་སྣ་སྤུ་ཤད་ཤད།། སྟག་མོ་ཤ་གཟན་ལྟོགས་ཀྱང་།། རང་ཤ་རང་གིས་མི་ཟ།། སྟག་གི་རི་མོ་ཕྱི།། མི་ཡི་རི་མོ་ནང་།། སྟག་གསོས་ནས་སྒོ་ཁྱི་མི་ཉན།། འབྲོང་འཚག་ནས་རྨོན་མཛོ་མི་ཉན།། སྟག་སྟན་གཟིགས་སྟན་འདིས་སར་ར་ལྤགས་འཚང་ཁ།། ཞལ་དཀར་ཡུ་རིང་འཛུགས་སར་ཕོར་གོག་ཚང་ཁ།། སྟག་ཐུར་དུ་རྒྱུགས་ན་ཐོང་ཐུར་འཛིན།། འབྲོང་གྱེན་དུ་རྒྱུགས་ན་རྭ་ནས་འཛིན།། སྟག་དམར་ཡག་མེད་པའི་ནགས་གསེབ་ལ།། སྤྲེའུས་རྒྱལ་པོའི་ཚུལ་དུ་བྱེད།། སྟག་གཞན་གྱིས་བསད།། གཏམ་རང་གིས་ཁྱེར།། སྟག་གཟིག་ལྕགས་ཁྲའི་ནང་དུ་བླུགས་ན་སྡོད་ཚུགས་མེད།། སྟག་རི་མོ་ཅན་གྱིས་ཡར་བལྟ།། ཁྱི་སྦར་མོ་ཅན་གྱིས་ཐུར་བལྟ།། སྟག་ཤི་ཡང་སྡེར་མི་སྐམ།། ཝ་ཤི་ཡང་གྲ་མི་ཉམས།། སྟག་ལ་མཆོང་ཆེན་བཅོ་བརྒྱད་ཡོད་ན།། ཝ་ལ་འཛུལ་ཁུང་བཅུ་དགུ་ཡོད།། སྟག་ཁ་ཆེ་ཡང་།། མིད་པ་ཝ་མོ་ཡིན།། སྟག་མཆོང་སར་ར་མཆོངས་ན།། ར་ཡི་མཇིང་ཚིགས་ལོག་ཡོང་།། སྟར་ཁ་ཕྱེད་བཤགས།། མདའ་མོ་ལྟོང་བཤགས།། སྟེང་རྡོ་ནོན་ཆུང་ན་འོག་རྡོ་འཕར།། སྟེར་བའི་སྟེར་ལན་མ་བསློགས་ན།། སྟེར་མཁན་ཉུང་དུ་ཉུང་དུ་འགྲོ།། སྟེར་བྱིན་རྗེས་འབྲང་དང་།། ཉེ་སྐྱོང་ཕྱོགས་ལྷུང་།། སྟེར་བའི་ངོ་སོ་མེད།། བཙོངས་པའི་རིན་པ་མེད།། སྟེར་བའི་སར་གཏན་དུ་མ་འགྲོ།། བྱམས་པའི་མི་བསུན་དུ་མ་ཆུགས།། སྟོང་པ་རྡུང་པའི་དིང་དིང་ལ།། དུད་འགྲོ་མ་གཏོགས་སུ་ཞིག་སྐྲག ། སྟོང་པ་ཐམས་ཅད་ཡང་བ་ཡིན།། གྲོད་པ་སྟོང་པ་ལྗི་བ་ཡིན།། སྟོད་གངས་རི་མེ་ཡིས་བཞུ་མི་སྲིད།། བྱ་རྨ་བྱ་དུག་གིས་ཤི་མི་སྲིད།། སྟོད་རྒྱ་གར་རྒྱལ་པོ་ལ་ཆོས་མི་ཞུ།། སྨད་རྒྱ་ནག་རྒྱལ་པོ་ལ་ཁྲིམས་མི་ཞུ།། བར་གླང་ཆེན་སྨྱོན་པ་ལ་ལམ་མི་གཟུར།། སྟོན་རྩྭ་་འབྲུ་དགོས་ན།། དཔྱིད་སོ་ནམ་གྱིས།། སྟོན་ནོར་བུ་ཟླ་བར།། སུག་ལག་དལ་དུ་མ་བཅུག ། སྟོན་ཤྭ་གདན་མ་བཏིང་ན།། དཔྱིད་ཁུ་བྱུག་སྐྱོད་མ་ཡོང་དོན་མེད།། སྟོན་འབྲུ་ཕུང་ལ་བལྟ་དགོས་ན།། དཔྱིད་ལུང་ཕུང་ལ་བལྟ་དགོས།། སྟོན་པའི་ཞལ་ནས་ཆོས་གསུང་།། སྟོན་པའི་ཕྱག་གིས་གྲི་བརྡར།། སྟོན་ཏོག་འདམ་ལས་ཡག་ཀྱང་།། ཐང་ཁུག་སྦུབ་ཆལ་ལྟར་སྟོང་།། སྟོན་ཟ་ཁ་ཕྱེ་དུས།། སྦལ་ཁ་བསྒྲིགས།། སྟོན་པའི་དབུ་ལ་བྱིས་པའི་ལག་རྩེད།། བརྟག་པ་བརྟན་པོ་མེད་པའི་མི་ཚེ་འདི།། ལ་མགོའི་ཁ་ཡི་ཁྲི་གདུགས་ཉི་མ་འདྲ།། བརྟན་ཅིང་བརྟག་པ་མ་བྱས་ན།། དུ་བ་རླངས་པ་འཛོལ་བཟོ་ཡོད།། བསྟན་པ་ལ་དགྲ་བྱུང་ན།། སངས་རྒྱས་ལ་ར་མདའ།། བསྟན་པ་དང་སྒོ་ཕྱོགས་མ་ནོར་བ།། བསྟན་བཤིག་ཡུལ་གྱི་ཕུང་འདྲེ།། བསྟན་པ་མགོ་ནས་བཤིག་ན་མཇུག་ནས་ཞིག ། བསྟོད་མ་མཁས་ཀྱི་བསྟོད་ར་སྨད་པ་ཡིན།། སྨད་མ་མཁས་ཀྱི་སྨད་ར་བསྟོད་པ་ཡིན།། བསྟོད་མི་ཤེས་པའི་བསྟོད་ར་ལས།། སྨད་མཁས་པའི་སྨད་ར་སྙན།། བསྟོད་པ་ཁེངས་དྲེགས་ཀྱི་གཞི་དང་།། སྨད་པ་བཅོས་ན་ལེགས་པའི་གཞི།།

༼ ཐ ༽

       ཐ་མ་སངས་རྒྱས་བསམས་ན།། ད་ནས་དགེ་བའི་ལས་ལ་ཞུགས།། ཐ་མ་ལོངས་སྤྱོད་ཐོབ་འདོད་ན།། ད་ལྟ་རྔུལ་ཆུ་མང་ཙམ་འདོན།། ཐ་ཤལ་བ་ལ་ཁ་ཏ་བྱེད་པ་དེ།། གླང་གི་མགོ་ལ་རྡུང་ཁ་རྒྱག་པ་འདྲ།། ཐག་རིང་གཏམ་དེ་རྒྱང་ཡང་གོ ། ཐག་ཉེའི་གཏམ་དེ་ཐོས་པ་དཀོན།། ཐག་བྱ་བལ་ལས་སོ་ནམ་ལ་མཁས་ན།། ཨ་མའི་བུ་མོར་འཇོན་ཐང་ཡོད་པའི་རྟགས།། ཐག་རིང་གཏམ་དེ་ཕྱེད་བདེན་ཕྱེད་མི་བདེན།། ཐག་ཁྲ་ལ་སྦྲུལ་མཐོང་།། ཐག་རིང་གི་གཉེན་ལས།། གྲོང་པའི་དགྲ་དགའ།། ཐག་ཞོར་འབྲེང་འདྲུད།། ར་ནད་ལུག་དཀྲི།། ཐག་རིང་ས་ལ་འགྲོ་དགོས་ན།། ཉེ་བའི་ས་ནས་འགོ་འཛུགས་དགོས།། ཐག་མ་བཅད་ན་མི་ཆོད།། འབྲུ་མ་བཏབ་ན་མི་སྐྱེ།། ཐག་པ་ཡིན་ན་རིང་བ་དགའ།། སྐད་ཆ་ཡིན་ན་ཐུང་བ་དགའ།། ཐང་ཤིང་སྐྱེ་ལུགས་བཟང་ན།། འཁྲི་ཤིང་རྩེ་མོར་བསྙེགས།། ཐང་རྡོ་བླངས་ནས་རུམ་རྡོ་ལྷུང་།། ཐང་མལ་སར་ཆད།། ཁ་ཞོགས་པ་སྐོམ།། ཐང་དཀར་རྒོད་པོ་ལྟོགས་ཀྱང་།། སྔོན་པོའི་རྩྭ་མི་ཟ།། ཐང་བདེ་མོར་སླེབས་དུས་གླུ་ཨ་ལ་ཐ་ལ།། འགག་དོག་པོར་སླེབས་དུས་བླ་མ་ཨོ་རྒྱན་པདྨ།། ཐབ་ཆུ་ལ་མེ་ཚ་བ།། ཐབ་མ་གཏོགས་ས་མི་ཤེས།། མ་མ་གཏོགས་མི་མི་ཤེས།། ཐབ་ཁག་ཁག་དང་མེ་སོ་སོ།། ཐབས་ཀྱི་སྒོ་ནས་དོན་རྩ་ལོན་ཟེར་ན།། མདའ་གྲི་མདུང་གསུམ་འཕྱར་བ་སྨྱོན་པའི་ལས།། ཐབས་མཁས་པ་རྒྱ་མཚོའི་མཐའ་ནས་བསྐོར།། ཚིག་སྙན་པོ་མགྲིན་པའི་ལམ་ནས་བཤད།། དོན་ནོར་བུ་རྒྱ་མཚོའི་གཏིང་ནས་ལོན།། ཐམས་ཅད་ལག་ཏུ་ལོན་པ་ལ།། བསོད་ནམས་དཔག་ཏུ་མེད་པ་དགོས།། ཐལ་བ་གནམ་ལ་སྟོར་ན།། ཕྱེད་ཀ་རང་གི་མགོ།། ཐིག་ཀྱོག་པས་མ་གཏོགས།། ཇེམ་ཙེས་ཐལ་མེད།། ཐི་གུ་ཁྲ་ཁྲ་རང་གིས་ཡོག ། མཐའ་མཇུག་རང་གི་སྐེ་ལ་འཁོན།། ཐིགས་པ་བསགས་པའི་རྒྱ་མཚོ་དང་།། བྱེ་མ་བསགས་པའི་ཕ་བོང་།། ཐུག་པ་བཏུངས་ནས་མ་རྒྱགས་ན།། ལྕེ་ལྡག་བརྒྱབ་ནས་མི་རྒྱགས།། ཐུག་ཁོག་གཅིག་ནང་གཟར་རུ་གཉིས།། ཐུག་པ་མི་རྒན་གྱི་རྫ་རྩི་ཡིན།། ཐུག་པས་ར་བཟི་བ་དང་།། སྦང་མས་མིག་འགག་པ།། ཐུག་ཁ་མཐོ་ན་བཟང་།། ཇ་ཁ་མཐོ་ན་ངན།། ཐུག་པ་མ་ལུས་གོང་ནས་དཀྲུག་དཀྲུག ། ཐུགས་ཆུང་ཆུང་ཐུགས་གཡེང་མ་གནང་།། རྡོ་ཆུང་ཆུང་རླུང་བུས་འཁྱེར་དོགས་མེད།། ཐུགས་རྗེ་རི་ཙམ་ཡོད་ཀྱང་།། མངོན་ཤེས་རྟ་རྔ་ཙམ་མེད།། ཐུགས་འདོད་ལ་རྒྱ་ཡོད་ཀྱང་།། འགྲམ་པར་སྤུ་མི་སྐྱེས།། ཐུད་འཚོ་བ་མར་གྱི་བཀའ་དྲིན།། མར་མེད་ན་ཕྱུར་བའི་སྤགས་སྒོང་།། ཐུད་ཞིམ་པོ་བྱུང་བ་མར་གྱི་དྲིན།། ངོ་དམར་མདངས་ཆགས་པ་ཟས་ཀྱི་དྲིན།། ཐུད་ཀྱི་སྔོ་ས་དང་།། ལོ་མའི་སེར་ས།། ཐུར་མགོ་གཡོག་མཁན་མེད་པར།། འདྲོག་འགོ་ལངས་དོན་མི་འདུག ། ཐེ་ཚོམ་ཟ་བའི་ལམ་ཕྲང་དུ།། ལོང་མཆོངས་མ་བྱེད་བརྟགས་ནས་སྐྱོད།། ཐེ་ཚོམ་གར་འཛུགས་མེད་པ།། ལོང་བའི་འཁར་རྒྱུག་འདྲ།། ཐེམ་པའི་སྒང་གི་རིལ་མ།། གཡས་ལ་རིལ་དང་གཡོན་ལ་རིལ།། ཐེའུ་རང་ལ་དབང་བྱུང་ན།། གོ་ཁ་ཐལ་འཚུབ་ཀྱིས་རྒྱོང་།། ཐོ་པོ་མ་བརྩིགས་ན་བྱ་མི་འབབ།། བྱ་མ་བབས་ན་རྟ་མི་འདྲོག ། ཐོ་རེངས་ལྷགས་པ་བསིལ་བསིལ་ལ་རྩམ་པ་ཟླ་ཟོ་གང་།། ཉི་ཤར་མགོ་སྤུ་ཟིང་ཟིང་ལའང་རྩམ་པ་ཟླ་ཟོ་གང་།། ཐོག་ཁ་རྒྱ་ཆེ་ཡང་འགག་ཝ་ཆུའི་ནང་།། ཤིག་ལ་བརྒྱབ་ཀྱང་གོང་བའི་ཕྱི།། ཐོག་ཁ་ཆེ་ན་ཁ་བ་ཆེ།། མ་མོ་མང་ན་ལུ་གུ་མང་།། ཐོག་བརྫིས་དྲག་པོ་འབངས་ལའང་མ་བྱེད།། ཞེ་ལ་འཇོག་པ་ཡིན།། ཐོག་མཉའ་ནང་དུ་བརྒྱབས།། བེར་ལབ་ཕྱི་རུ་ལངས།། ཐོག་བརྒྱབ་ཀྱང་མི་འགུལ།། རླུངགཡུགས་ཀྱང་མི་གཡོ།། ཐོབ་དུས་མ་བླངས་ན།། འགྱོད་པ་རྟས་མི་ཟིན།། ཐོས་པ་བརྒྱ་ལས།། མཐོང་བ་གཅིག་ལྷག ། ཐོས་པ་མ་རིག་མུན་སེལ་ཡིན།། ཐོས་པ་ཙམ་ལ་མ་དཔྱད་ན།། མ་ཐོས་པ་དང་ཁྱད་པར་མེད།། ཐོས་ཆུང་ང་རྒྱལ་ཆེ།། མང་ཐོས་ང་རྒྱལ་ཆུང་།། མཐེ་བོང་བསླངས་ནས་གཞན་ལ་རེ་བ་ལས།། ཨམ་གཙིགས་བསྡམས་ནས་རང་གིས་བྱས་པ་དགའ།། མཐུ་མི་ལ་བརྒྱབས།། ལྟས་རང་ལ་འཁོར།། མཐུ་སྟོབས་འདོམ་གང་ཡོད་གྱུར་ཀྱང་།། གདོན་ཤུགས་འདོམ་བཅུར་འཕར་བ་ངེས།། མཐུན་པོ་མཉམ་དུ་བསྡད་ན་བདེ།། མི་མཐུན་སོ་སོར་བསྡན་ན་ལེགས།། མཐུན་ན་མཐུན་པ་དགའ་དྲག ། མ་མཐུན་རང་རང་སོ་སོ།། མཐོ་རུང་ཉི་མ་གཟའ་ཡིས་འཛིན།། དམའ་རུང་རོང་ཆུ་གྱེན་ལ་འདྲེན།། མཐོ་ནམ་མཁའ་ཡངས་ཏེ་རྒྱ་ལམ་དོག ། དམའ་ས་ཞིང་ཡངས་ཏེ་ཁྲིམས་ར་དོག ། མཐོ་ཞིང་རིང་བ་ཆག་པ་སླ།། དཀར་ཞིང་གཙང་བ་ནག་ནོག་སླ།། མཐོ་ན་མི་དགའ་དམའ་ན་དགའ།། དམའ་ན་ཀུན་གྱིས་བྱམས་པ་ཡིན།། མཐོ་སར་སླེབས་ཀྱང་མུ་མཐུད་སྐྱོད།། གྲུབ་འབྲས་ཐོབ་ཀྱང་མུ་མཐུད་འབད།། མཐོ་སླེབས་དམའ་འབེབས་དང་།། སྐྱིད་ལན་སྡུག་འཇལ་ཡོང་བ།། སྲིད་པ་ཕྱི་ཡི་བསྐོས་ཐང་རེད།། མཐོ་ན་དགའ་སྟེ།། དམའ་ན་བརྟན།། མཐོ་བའི་བྲག་རི་གྲོག་པོར་གྱུར།། ཟབ་པའི་ལུང་ཤུར་དེའུ་འབུར་ཆགས།། མཐོ་བ་མི་ཐོབ།། དམའ་བ་མི་འདོད།། མཐོ་ན་དམའ་ན་ཨ་སྔོན་གནམ།། དམའ་ན་དོག་ན་གོ་ལའི་ས།། མཐོ་ན་ཆུ་མཐོ་གྲུ་མཐོ།། དམའ་ན་ཆུ་དམའ་གྲུ་དམའ།། མཐོ་པོའི་བྲག་ལ་འཛེགས་ན།། དམའ་པོའི་གཡང་ལ་ལྷུང་།། མཐོ་གནོན་ཆགས་སྡང་དབང་གིས།། གཅིག་འོག་གཅིག་ལ་མི་ཚུད།། མཐོ་གང་གིས་རྙོབ་སར།། འདོམ་གང་གིས་མ་བརྙབས།། མཐོང་ན་རྩེད་མོ།། མ་མཐོང་ན་རྐུ་མ།། མཐོན་པོའི་ཡས་ན་མཐོ་པོ་ཡོད།། མཁས་པའི་ཡས་ན་མཁས་པ་ཡོད།། འཐག་མཁན་རྐང་འཁྲབ་ལག་འཁྲབ།། འཐབ་ཤག་ཤག་དགྲ་བོ་ངོ་ནག ། བཤད་ཤག་ཤག་མི་ཤ་མོ་གྱོད།། མཐའ་ཟད་ན་མཐིལ་རྡོལ་ཡོང་།། འཐུ་མཁན་མང་ན་མེ་ཤིང་མང་།། མེ་ཤིང་མང་ན་མེ་ལྕེ་མཐོ།། མཐོང་དོགས་ཀྱིས་ཡོལ་བ་དང་།། མ་མཐོང་དོགས་ཀྱིས་ཨོང་གོ །

༼ ད ༽

       ད་ལྟ་མི་བྱེད་དགུ་བྱེད་བྱས་ན།། རྗེས་སུ་འགྱོད་པའི་གླིང་དུ་སྐྱེལ་བ་ཡིན།། ད་འགྲོ་རན་ཟེར་དུས་དོ་ལེ་མིན།། ཀི་ཧི་ཀི་ཧི་ཟེར་དུས་དོར་མ་བུད།། དག་པ་སངས་རྒྱས།། མ་དག་དམྱལ་བ།། དང་པོ་ཕྲུ་གུ་ངུ་རུ་བཅུག ། དེ་ནས་ཕྲུ་གུ་ངུ་རུ་བཅུག ། དང་པོ་བརྩམས་པ་མཐའ་མ་འཁྱོལ།། ཕྱི་མའི་བྱ་བ་འགྲུབ་མི་སྲིད།། དང་དོད་ཁྲུས་ལ་ཞུགས་ཞུགས།། དཀའ་བའི་ལས་ལ་ཞུགས་དང་།། དམ་ཚིག་གཙང་མའི་ཚོགས་གྲལ་ལ།། འདྲེ་ཨ་ཡོང་རྡ་རིལ་མེད་ན་དགའ།། དད་པ་འདྲོང་ན་ཁྱི་མགོར་འོད་ཟེར་འཁྲུངས།། དར་དཀར་པོའི་ཡོལ་བ་ལ།། རེ་བ་ནག་པོའི་སྲུབ་ཟན།། དམ་བེ་ཉི་མས་དྲོས་ན།། ཁ་ལས་ཞབས་ར་མཐོ།། དར་དུས་དགྲ་ཡང་གཉེན།། གུད་དུས་གཉེན་ཡང་དགྲ།། དར་གུད་དམར་ཡག་སྟག་ལ་འོང་།། ཞུ་ཁོངས་སྲིད་པའི་གངས་ལ་སྲིད།། དར་ལྕོག་རླུང་འཁྱེར་དང་།། གྱང་སྟེང་གི་རྩྭ་ལྟར་མི་བྱེད།། དར་ར་བླུད་པར་ངོ་མེད་པར།། སྐྱུར་དུག་ཕོག་པའི་ཡ་ལ།། དལ་དུས་མཆོད་པ་མི་འབུལ།། འུ་ཐུག་ལྷ་འབོད་ཀླུ་འབོད།། དུག་སྨན་གཉིས་ཀྱི་བླང་གོ་མ་ལོག་པ།། དུག་ཤིང་ལས་གྲུབ་པའི་སོ་ལ་དེ།། ཤིང་གཞན་ལས་གྲུབ་པའི་སོ་ལ་ལས་གནག ། དུག་སྦྲུལ་བཞག་ན་མགོ་ནག་མི་ལ་གནོད།། སྤྱང་ཀི་བཞག་ན་གཡང་དཀར་ལུག་ལ་ངན།། དུག་སྦྲུལ་ཡིན་པའི་རྗེས་ལ།། ཕྲ་སྦོམ་གང་ལ་ཁྱད་པར་མེད།། དུག་སྦྲུལ་ལྷ་ཆོས་ཞུ་བ་ལས།། བཤན་པ་གྲི་ཆུང་བརྡར་བ་དགའ།། དུག་སྐྱེ་སའི་ས་གཞི།། མེ་ཏོག་སྐྱེ་སའི་ལྡུམ་ར།། དུང་དཀར་པོ་བདར་ན་ཇེ་དཀར་རེད།། སོལ་ནག་པོ་བདར་ན་ཇེ་ནག་རེད།། དུང་ལ་དཀར་རྩིའི་རི་མོ།། དུང་དཀར་གཡས་འཁྱིལ་གཅོག་པ་སུས་ཀྱང་ཡོང་།། ཆག་པ་སྒྲིག་དགོས་བྱུང་ན་ཁག་པོ་ཡིན།། དུང་ཕྲུག་འོ་མས་གསོས་པ་དེ།། དགྲ་ཆུ་སྲིན་བྱུང་དུས་ཨེ་ཕན་བསམ།། དུས་ངན་བསྐལ་པའི་ཁུག་ས་ལ།། མི་བཟང་མི་བྲིན་ངན་པ་བྲིན།། དུས་ཚོད་གསེར་གྱི་ཆུ་བོ་དེ།། རང་འགར་འབབ་ཏུ་མི་འཇུག ། དེ་ཕོ་རུམ་དུ་བསྡུས་ན།། རྔ་སྒྲོ་མཆན་ནས་འབུད་པ།། དེ་ག་ཙམ་ལ་གྲུམ་པ་མ་ཟེར་ན།། གྲུམ་པ་གྲུམ་རྐྱང་ག་ནས་ཡོང་།། དེ་སྔ་ས་ཞིང་མོག་མོག་བཞིན་དུ་རུབ།། ད་ཆ་ས་ཞིང་མོག་མོག་ཁ་བཞིན་རྒྱས།། དེ་ཕོས་དེ་རེད་མ་ལབ་གོང་ལ།། ངང་པས་ང་ཡིན་ལབ་ན་དགའ།། དེ་རིང་བྱུང་བ་དེ་རིང་བཟས།། སང་ཉིན་བྱུང་བ་སང་ཉིན་བཟས།། དུབ་ཚལ་ལྷན་པའི་སྐྱོ་རོགས།། དེ་རིང་ཤི་ན་ཚེ་ཐུང་དང་།། སང་ཉིན་ཤི་ན་ཚེ་རིང་།། དེ་སྔའི་བླ་མ་གནམ་ལ་འཕར་ཟེར་ན།། དེང་དུས་བླ་མ་རྟས་ཀྱང་མི་ཐེག་ཟེར།། དེ་ཕོ་འཕུར་རྩལ་ཆེ་ཡང་།། ནམ་འཕང་མི་ཆོད།། དོན་ཆེན་གྲུབ་པར་ངང་བསྲིང་དགོས།། དོན་ལ་དཔྱད་ནས་མ་བཤད་ན།། མཁས་པ་ཡིན་ཀྱང་བླུན་པོའི་རྟགས།། དྲང་གཏམ་རྒྱལ་ཁམས་ཀུན་གྱིས་ཉན།། རྫུན་གཏམ་ཉན་པར་སུ་ཞིག་འདོད།། དྲང་པོ་མེད་ན་ལབ་རྒྱུ་ཡོང་།། རྒྱུ་འབྲས་མེད་ན་གླེང་རྒྱུ་ཡོང་།། དྲང་པོ་སུས་བྱས་དཔོན་པོ་དང་།། བྱམས་པོ་སུས་བྱས་ཕ་མ།། དྲང་པོ་ཨ་མ་ལའང་མ་ཤོད།། ཨ་མའང་མིའི་བུ་མོ་རེད།། དྲང་པོས་གཞུང་བསྲངས་ན།། སྒོ་ངས་རྟ་འཁྱོག ། དྲང་པོས་གཞུང་སྲོངས།། གསལ་པོས་མཐའ་སྟོན།། དྲང་པོ་དགྲ་ལ་མི་འགྲོ།། གཡོ་སྒྱུ་བཟའ་མིར་མི་འགྲོ།། དྲང་པོ་བཤད་ན་མི་མི་དགའ།། རྒྱུག་པ་ཁྱེར་ན་ཁྱི་མི་དགའ།། དྲང་པོའི་མི་ལ་ལྷ་ཡང་འཇིགས་པ་སྐྱེ།། དྲན་རྒྱུ་རྒོད་པའི་སྤྱང་གྲུང་ཅན།། མཐར་ཐུག་རང་སྲོག་རང་གིས་གཅོད།། དྲན་ཚད་མི་ལ་མ་ཤོད།། ནམ་ཞིག་རྩིས་ངན་བརྒྱབ་ཡོང་།། དྲན་རྒྱུ་མང་ན་ཡོང་རྒྱུ་མང་།། དྲན་ཚད་ལག་ཏུ་མ་ལེན།། བླངས་ཚད་མགོ་ཐོན་པ་གྱིས།། དྲི་ཞིམ་མེ་ཏོག་རྒྱང་རིང་ཡང་།། མ་འབོད་བུང་བ་ལས་ཀྱིས་འཁོར།། དྲིན་ཅན་ཕ་མ་མེད་པ་སྡུག་ལེ་རེད།། མེ་དང་ཉི་མ་མེད་ན་ཤི་ལེ་རེད།། དྲིན་དགྲ་ལ་ཡང་མ་འཇོག ། གུས་པ་ཆེན་པོ་གཉེན་ལ་ཡང་མ་བྱེད།། དྲིན་ཅན་མར་གྱི་མི་ལ།། ཉི་མའི་ལག་ཡོག་མ་ཐོངས།། དྲིན་ཅན་དཔུང་པ་རྡོ་ཡིས་བརྡུངས།། ཆང་གི་ལན་དེ་ཆུ་ཡིས་འཇལ།། དྲིན་ལ་དྲིན་ལན་མ་འཇལ་ན།། བསམ་ཤེས་མེད་པའི་ཁྱི་དང་འདྲ།། དྲིལ་བུ་གཅིག་ལ་སྐད་གཉིས།། ཁ་གཅིག་ལ་ལྕེ་གཉིས།། དྲུག་ཅུ་རེ་གཅིག་རེ་གཉིས་ཐེ་ཚོམ་མེད།། དེ་ནས་བསྡད་ན་བརྒྱད་ཅུ་བར་དུ་རེ་བ་ཡོད།། དྲེད་མོང་གིས་འཕྱི་བ་འཛིན་པའི་ལས་མ་བྱེད།། གདན་སར་ཁག་བཏགས།། བཙུན་མས་ར་བསད།། གདུག་རྩུབ་ངན་དགུའི་རྩ་བ་ནི།། སྐྱིད་འདོད་ལས་གཡོལ་དེ་ལ་ཐུག ། གདོང་གཏུགས་དྲག་པོས་དགྲ་མི་འདུལ།། བཅོས་མ་འཛུམ་གྱིས་ཆམ་ལ་ཕོབས།། གདོང་པར་ཐལ་བ་བྱུག ། ཁོག་ནང་མར་ཁུ་བླུག ། གདོང་པ་ཁྲག་མེད་ཀྱི་གཉེན་ལས།། ངོ་ཚ་ཁྲེལ་ཡོད་ཀྱི་དགྲ་དགའ།། གདོང་ལ་ངོ་ཚ་མེད་པར།། ལུས་ལ་སྤྱོད་བཟང་ག་ནས་ཡོང་།། གདོན་འདྲེས་མ་དྲན་ནད་པས་དྲན།། རྐུན་པོས་མ་དྲན་བདག་པོས་དྲན།། བདག་པོར་ར་གཅིག ། རྐུན་མར་ར་བརྒྱ།། བདག་ལ་ཡོན་ཏན་ཡོད་གྱུར་ཀྱང་།། རང་འདོད་སྤོངས་དང་ནམ་ཕུགས་རིང་།། བདག་པོས་བྱེད་བྱེད་གཡར་པོས་མི་བྱེད།། བདེ་བའི་ནང་དུ་སྡུག་བསྔལ་དང་།། སྡུག་བསྔལ་ནང་དུ་བདེ་བ་ཡོད།། བདེན་ཡོད་སྦལ་པའི་ངུ་འབོད་དེ།། ལྷ་བརྒྱ་སྦྱིན་སྙན་དུ་མི་འཁྱོལ།། བདེན་ལུང་པ་གཉིས་ལ་ཕུ་ཐག་ཡོད།། རྫུན་ཁྲམ་པ་གཉིས་ལ་ཕུ་ཐག་མེད།། བདེན་ལུང་པ་གཉིས་དེ་ཕུ་ཐག་རིང་།། རྫུན་ཨ་བྲ་གཉིས་དེ་རྔ་མ་ཐུང་།། བདེན་ཡོད་འགྲོ་སའི་ལམ་དང་།། བདེན་མེད་གཅུར་སའི་འཕྲང་འགག ། བདེན་ཡོད་མི་ནི་གང་ལའང་ཐར།། བདེན་མེད་མི་ནི་འགྲོ་ས་མེད།། བདེན་འདྲ་གཉིས་ཁ་མཆུ་རྩོད་དུས།། བར་དཔང་ཡུལ་གྱི་གཙོ་བོས་བྱེད།། བདེན་པའི་ཆེད་དུ་གནམ་ས་འཛེགས་པར་ཕོད།། བདེན་པའི་ཟས་ཟ།། བདེན་པའི་ལས་བྱེད།། བདེན་པ་ཡོད་ཀྱང་ཤོད་ས་མེད།། རྒྱུ་མཚན་ཡོད་ཀྱང་བགྲང་ས་མེད།། བདེན་རྫུན་བདར་ས་ཁྲིམས་ར་དང་།། གསེར་རག་བདར་ས་ཀ་ཤུ་ཀ ། བདེན་རྫུན་དཔོན་ལ་བྱས་ན།། ཤི་རེས་གཡོག་ལ་བབ།། བདེན་རྫུན་གྱི་བརྟག་དཔྱད་མ་བྱས་ན།། ཕོ་གསར་གྱི་ངར་དེ་ཁྱི་ངར་ཡིན།། བདེན་པའི་ལྟོ་ཟོ།། བདེན་པའི་གོས་གྱོན།། བདེན་པ་རང་ཆེ།། བྱས་རྗེས་མི་ཆེ།། བདེན་དྲང་ཟོལ་མེད་བྱེད་རྒྱུ་དེ།། དྲིན་ཆེན་ལས་ཀྱང་གསལ་ཆེའོ།། བདེན་དེད་ནས་རི་གསུམ་གྱི་མགོ་ལ་བུད།། རྫུན་དེད་ནས་ལུང་གསུམ་གྱི་མདོ་ལ་བསྐྱལ།། བདེན་པ་མར་ཡིན་ཀྱང་མི་ཞུར།། རྫུན་མ་ལྕགས་ཡིན་ཀྱང་མཐིལ་བརྡོལ།། བདེན་ལ་བྱ་དགའ་དང་།། རྫུན་ལ་ཆད་པ།། བདེན་པར་སྨྲས་ན་མི་སྙན།། ཕན་པའི་སྨན་ལ་ཁ་ཏིག ། མདའ་སྨུག་པ་དྭངས་ན་ཕུ་ལ་ངོ་གསལ།། མདའ་བརྒྱབ་ན་བྱང་ཐང་འབྲོང་ལ་རྒྱོབས།། ཤ་པགས་པ་གཉིས་ལ་བལྟ་རྒྱུ་ཡོད།། མདའ་མོ་ཤེས་ནས་གཞུ་མོ་བཀུག་པ་ཡིན།། མདའ་སྔ་རྒྱག་གླིང་པའི་སྲོལ་ལ་མེད།། ཕྱི་རྒྱག་ཡན་པོར་གཏོང་བ་མིན།། མདའ་ལ་མ་ཉེ་བ་དང་།། འབེན་ལ་མ་རྒྱང་བ།། མདའ་ཤྭ་བར་རྒྱག་རྒྱུ་དགོ་བར་ཟད།། མདའ་ཤེས་ནས་གཞུ་ཉོས།། ཨེམ་ཆི་ཤེས་ནས་སྨན་ཁུག་ཉོས།། མདའ་རྩེ་གསུམ་གཞུ་ལ་སྤྲད་པ་དཀའ།། སྤྲད་ཟེར་ན་སྙིང་ཁར་ཕོག་པ་བྱེད།། མདའ་ལ་རྒྱག་ཤེད་ཡོད་ཀྱང་།། གཞུ་ལ་དཀར་ཤེད་མི་འདུག ། མདའ་གངགིས་སླེབས་ས་ལ།། མདུན་གང་གིས་མ་སླེབས་པ་བྱས་ཡོང་།། མདའ་ལ་ཡིད་མ་ཆེས་པར།། མདུང་ལ་སྲང་གང་སྤྲད།། མདའ་འདི་བརྒྱབས་ལ་མདེའུ་འདི་ཐོན།། མདའ་གར་བརྒྱབས་དང་མདེའུ་གར་ཕོག ། མདའ་བརྒྱབས་པས་མི་ཆོག་གཞུ་མཆོག་ངོམ།། མདའ་འདྲོངས་ན་བྱང་ཐང་གི་འབྲོང་ཡང་གསོད།། གཏམ་དྲང་ན་དགྲ་བོའི་མཚང་ཡང་ལེན།། མདའ་རུ་དགེ་འདུན་གྱི་ཀུན་དགའ་ར་བ་བཞེངས་པ་ལས།། ཕུ་རུ་བསམ་གཏན་གྱི་ཁང་བུ་བྲེ་ཙམ་བརྩིགས་པ་དགའ།། མདའ་གཅིག་གིས་ཤྭ་བ་གཉིས་བསད།། མདའ་གཅིག་གིས་ཤིང་སྡོང་དགུ་འཕིགས།། མདའ་ཞོར་སྒྲོ་འདྲོངས།། དཔོན་ཞོར་གཡོག་འདྲོངས།། མདུང་བརྒྱབས་པས་མི་ཆོག་བ་དན་ངོམ།། མདུན་དུ་ལྷ་གསོལ་གསོལ།། རྒྱབ་ཏུ་འདྲེ་རྡུང་རྡུང་།། མདུན་གྲོས་བློན་པོའི་གྲོས་ཐག་ལན་གཅིག་ཡིན།། དེ་ལས་མང་ན་གྲོས་ཐག་ཆོད་མི་འགྱུར།། མདུན་ནས་རྟེན་པའི་འཁར་དང་།། རྒྱབ་ནས་དྲོས་པའི་སློག་པ།། མདུན་སོ་དཀར་གྱི་འཛུམ་དང་།། རྒྱབ་ཁྲོ་གཉེར་གྱི་སུལ་མ།། མདུན་ལ་མི་སྐད་དང་རྒྱབ་ལ་འདྲེ་སྐད།། མདོག་སྡུག་ཀྱང་གསེར་གྱི་ཐིགས་པ།། ཉག་ཕྲ་ཡང་ཏུང་སྐུད་གསུམ་བསྒྲིལ།། འདག་པ་ལས་གྲུབ་པའི་ལྷ་མིན་ཙང་།། སྐྱོན་དང་ནོར་འཁྲུལ་ཡོང་སྲིད།། འདན་མ་མི་དགོས་གེ་སར་ངོས་ཡིན་ཀྱང་།། འགྲིག་ཐབས་བྱུང་ན་འགྲིགས་པ་གཙོ་དོན་ཆེ།། འདབ་ཆགས་གཤོག་ཡངས་གཅིག་གིས།། དགུང་སྔོན་ནམ་འཕང་མི་ཆོད།། འདོད་པའི་བྱ་མ་མི་འགྲུབ་པས།། དོན་མེད་སེམས་གསོ་ཁོ་ནར་བརྩོན།། འདོད་པ་ཅན་དེ་མ་བྱུང་སྡུག་བསྔལ་འོག་ནས་འཆི།། གཏོང་ཕོད་ཅན་དེ་བདེ་བའི་ངང་ནས་འཆི།། འདོད་རྔམ་ཅན་ལ་གང་ཡང་དགོས།། འཆི་བའི་རྗེས་ཀྱང་ནོར་ལ་ཆགས།། འདོད་པ་ཡིད་ལ་ཡོད་ཀྱང་།། མི་འདོད་པ་ཐོག་ཏུ་འབབ།། འདོད་པས་ངོ་ཚ་སྒྲིབ།། འདོད་པ་ཅན་ལ་ནོར་མ་སྟོན།། གྱ་གྱུ་ཅན་ལ་སྙིང་གཏམ་མ་ཤོད།། འདོད་པ་ཅན་ལ་བུ་མ་སྐྱེས།། མཁོ་ཆོད་མི་ལ་བདེ་བ་མེད།། འདམ་ཆུ་ནང་དུ་སྐྱེས་ཀྱང་ཞོད་དང་།། ཚེར་མ་སྐམ་ཐང་དུ་སྐྱེས་ཀྱང་ཐན་པ་དགོས།། འདམ་བརྒྱ་ཤོག་བརྒྱད་ཀྱི་དཔོན་པོ་ང་ཡིན་ཡང་།། ངའི་དཔོན་པོ་ནང་དུ་ཡོད།། འདི་ལས་ཕྲ་ན་ཆད་རྒྱུ་དང་།། འདི་ལས་སྲབ་ན་བུག་རྒྱུ་རེད།། འདུན་མ་ཆུང་མ་མཁས་ཀྱང་།། གྲོས་དབང་རང་གིས་ཟུངས།། འདེགས་ཀ་མདའ་བཏང་བ་དང་།། གཤོར་ཁ་སྟར་ཁ་འཕྲེད་གཅོད།། མདོ་སྟོད་རི་བོང་གླག་གིས་ཁུར་ན།། མདོ་སྨད་བོང་བུས་རྩྭ་མི་ཟ།། འདོད་ན་ཕན་ཚུན་མཉམ་འདོད།། མ་འདོད་ལས་ལ་གང་བསྐོས།། འདོད་པ་ཅན་ལ་ནོར་མ་སྟོན།། ངན་སེམས་ཅན་ལ་བློ་མ་གཏོད།། འདོད་པས་ནམ་ལངས།། ཤེས་བྱས་ས་རུབ།། འདྲ་པོ་འདྲ་པོ་ལྷ་སའི་ཁྲོམ་ལ་ཡོད།། འདྲ་པོ་ཡོད་ཀྱང་འགྲིག་པོ་མི་འདུག ། འདྲི་རྟོགས་བྱེད་པར་དགའ་བའི་མི།། ལམ་ཁ་ནོར་བའི་དོགས་པ་མེད།། འདྲིས་ཆུང་བའི་མི་ལ་བློ་མ་འགེལ།། འདྲིས་པའི་བུ་མོ་སྟག་ལ་མི་ཞེད།། འདྲིས་པའི་མི་ལ་གཞུང་བསྲངས།། བཞོན་པའི་རྟ་ལ་བྱམས་སྐྱོང་དགོས།། འདྲེ་ནང་ལ་བཞག ། གླུད་ཕྱི་ལ་བརྫངས།། འདྲེ་ཉལ་བ་སྤགས་ཀྱིས་བསླངས།། འབུ་ཉལ་བར་ཐུ་རུ་བཙུགས།། འདྲེ་ཤར་ལ་བཞག་གླུད་ནུབ་ལ་གཏོང་།། བ་ཤར་ལ་བཞག་ཕུབ་མ་ནུབ་ལ་འདེབས།། འདྲེན་པའི་ལྕགས་ཀྱུ་ཡོད་ཀྱང་།། དད་པའི་དབང་པོ་མེད་ན་འདྲེན་མི་ཐུབ།། རྡོ་དཀར་རྦབ་རྡོ་རིལ་བ་ལ།། རྡོ་ནག་གཡམ་པ་ཆག་དོན་མེད།། རྡོ་རྗེའི་ཐོག་ལ་བྱིས་པའི་ཁུ་མཚར།། རྡོ་ལེབ་སྐམ་པོ་གཅིག་གི་འོག་ལ།། སྦྲུལ་མགོ་བརྒྱ་ཙམ་ལངས་ནས་ཟིང་།། རྡོ་ལ་ཕྱིས་བདར་བྱས་ན་ནོར་བུ་ཡོང་།། ལྕགས་ལ་ཕྱིས་བདར་བྱས་ན་མེ་ལོང་ཡོང་།། རྡོ་ཆུང་ཡང་རྫ་བཅག ། མེ་ཆུང་ཡང་སྤུ་འཚིགས།། རྡོ་དང་ཐུག་ན་རྣོ་ལོག ། ཤ་དང་ཐུག་ན་རྔམས་ཆེ།། རྡོ་ལ་གཞུས་ན་ས་མི་གོག ། རྡོ་མར་ལ་བརྒྱབས་ན་མར་ཕམ།། མར་རྡོ་ལ་བརྒྱབས་ཀྱང་མར་ཕམ།། རྡོ་ཆུང་ཡང་རླུང་གིས་མི་འཁྱེར།། རི་ཆུང་ཡང་པང་དུ་མི་ཐེག ། རྡོ་བརྡུང་བར་ལ་ལག་མགོ་བཙབ།། སོ་འཐབ་བར་ལ་ལྕེ་ཆུང་བཙབ།། རྡོ་བརྒྱབས་པས་མི་ཆོག་ལག་ངར་སྒྲེང་།། མིག་བལྟས་པས་མི་ཆོག་འོག་མི་ལྟ།། རྡོ་རྗེ་འཇིགས་བྱེད་མཐོང་རྩ་ན།། ཁྲོ་བོ་ཐམས་ཅད་ལག་ཆ་ཤོར།། རྡོ་སྐམ་པོ་ཡིན་ཡང་མེ་མི་འབར།། ཤིང་རློན་པ་ཡིན་ཡང་མེ་འབར།། རྡོ་སྒོར་མོར་ལོ་ཏོག་སྐྱེ་མི་སྲིད།། རྡོ་རིལ་རྩིག་པའི་དཀྲུག་ཤིང་ཡིན།། རྡོག་མཁྲེས་སྤྱན་སྤུས་ཞུས་ན།། ཨ་མ་ལགས་དགོངས་པ་དྭངས་ཡོང་།། བརྡབ་གསིག་ཕུང་སྦྱོར་གསུམ་ཙམ་ལས།། ཞུ་ཚིག་བདེན་འཁྱོལ་སྣེ་གཅིག་མེད།། ལྡུམ་ར་མང་སར་ལོ་ཏོག་ཉུང་།། ཁ་ལབ་མང་སར་བློ་གྲོས་ཉུང་།། ལྡེ་མིག་ནང་ལ་བཞག ། སྒོ་ལྕགས་ཕྱི་ལ་བརྒྱབ།། སྡར་མའི་ཁ་ཕོ་སྔོན་དང་།། རྒོད་པོའི་ལག་རྗེས་རྗེས།། སྡང་གདུག་དྲགས་ཀྱང་དགྲ་མི་ལྡོག ། འདུན་མ་རླབས་ཀྱིས་ཆོད།། སྡང་དགྲ་ཉེ་བར་མ་འཇོག ། རང་གི་གོང་དུ་ཤོར་བ་ཡིན།། སྡང་དྲག་པ་དགྲ་ལ་ཡང་མ་བྱེད།། ཐུབ་ཀྱང་ལག་ཡོག་འོང་བ་ཡིན།། བསྡད་ནས་བཟོས་ན་རི་ཡང་འཛད།། ལས་ལ་བརྩོན་ན་ཟས་གོས་འཛོམས།། སྡིག་མ་བྱེད་བླ་མས་གསུངས།། ཤ་ཚིལ་ཅན་བླ་མར་དགོས།། སྡིག་པ་བླ་མས་བསགས་ན།། ཡར་འདྲེན་སུ་ལ་བཅོལ་ཡོད།། སྡིག་པ་ཁྲོ་ཆུང་རྒྱབ་ལ་ཁྱེར།། ཞལ་ནས་ཨོམ་བཟང་མ་ཎི་འདྲེན།། སྡིག་ཆེན་དམྱལ་བར་ཚུད་ཚར་ན།། མགོན་དང་ཞུ་བ་འགྲོ་ས་མེད།། སྡིག་ཆེན་དམྱལ་ཁར་འགྲོ་ཞོར།། ཧར་པ་བུ་ལོན་ལེན་ཞོར།། སྡིག་ཆེན་དམྱལ་བར་འགྲོ་ཁར།། བསོད་ནམས་མེ་ལྟར་འབར།། སྡིག་པ་མཐོང་ནས་སྦལ་པ་ལྷ་ལ་མངོན།། སྡིག་བླ་མས་བསགས་ནས་སུས་འདྲེན།། གྱོད་དཔོན་གྱིས་གཡོས་ན་སུས་འདུམ།། སྡིག་པ་སྣུམ་ཐིགས་དང་།། སྦལ་པ་ཚ་ཐིགས།། སྡུག་བསྔལ་རྒྱ་མཚོ་མཐའ་བྲལ་ཡང་།། ཁ་སྐོར་བྱས་ན་འགྲམ་པར་སླེབས།། སྡུག་བོང་བུས་མྱངས།། ཆག་རྟ་ཕོས་བཟས།། སྡུག་ཕ་མས་བཏང་དང་དགྲ་བོས་བཏང་།། བྱམས་སྙིང་རྗེ་མེད་ན་འདྲ་འདྲ་རེད།། སྡུག་པར་དུག་ཞིམ་འཁོར།། བཟང་བར་སྲུང་ཁྱི་འཁོར།། སྡུག་ལས་ལས་སྟངས་མེད་པར།། འདྲེ་ངན་གནོད་པ་སྡང་བ།། སྡུག་པའི་རིགས་དེ་སྙིང་དང་གྲོད་པ་ཆེ།། བཟང་བའི་རིགས་དེ་ཡ་རབས་སྤྱོད་པ་བཟང་།། སྡུག་ཐང་ལ་ཡོད་པ་ཐོད་ལ་བླངས།། རོ་ས་ལ་ཡོད་པ་ཕྲག་ལ་བླངས།། སྡུག་རེས་བྱུང་ན།། ལབ་རེས་མང་།། སྡུག་མ་མྱངས་ན་སྐྱིད་མི་ཚོར།། སྡུག་ཀྱང་ཉལ་ཞྭ་མི་གྱོན།། སྐྱིད་ཀྱང་ཉལ་གླུ་མི་གཏོང་།། སྡུག་སྲོག་རྟ་རྔ་ཙམ་དེ།། བཞུ་མར་ལ་ཕུ་བརྒྱབ་པ་ལྟར་བཟོ།། སྣུམ་བུ་གཞན་ལ་འགྲོ་འགྲོ་དེ།། སྔོ་རལ་པ་ཅན་ལ་མི་འགྲོ།། སྡེ་དཀྲུགས་པའི་ཁྲམ་པ།། ས་དཀྲུགས་པའི་ཨ་བྲ།། སྡེ་པ་གཞུང་གི་བྱུས་ཏོག་མ་བྱེད།། རང་གི་རྩམ་ཁུག་ཡག་པོ་སློངས།། སྡེ་འགོ་འཛིན་ན་ཁོག་པ་ཡངས་དགོས།། རྟ་རྒོད་འཁྲིད་ན་མཐུར་མདའ་རིང་དགོས།། སྡེ་པ་ཆང་ལ་མགོ་འཁོར་ནས།། སང་གི་བྱ་བ་གནངས་ལ་བསྐྱལ།། སྡོད་ས་དཔྲལ་བར་བྱས།། མིག་ལ་ཐལ་བ་བཏབ།། སྡོད་ས་པུས་མོས་འཁྱོག་ཚོད།། སྡོམ་པ་ཡོད་དུས་འདུལ་བ་མེད།། འདུལ་བ་ཤེས་དུས་སྡོམ་པ་མེད།། སྡོམ་གྱི་ཐག་པ་མ་འཐེན་ན།། སྲིན་འབུ་ཟིན་པ་ཡོང་མི་སྲིད།། བསྡུས་པ་སྤ་ལོ་དང་།། མ་བསྡུས་སིལ་མ།།

༼ ན ༽

       ན་ཆུང་མིག་ལ་སྐྱོན་ཆ་མེད་ན།། ལྟད་མོ་ག་པར་བལྟས་བལྟས་འདུག ། ན་སོ་གཞོན་ནུས་བྲོ་ཞིག་མ་འཁྲབ་ན།། ན་སོ་རྒས་ནས་བྲོ་ཡི་དགོས་པ་མེད།། ན་ཆུང་བུ་མོའི་རྣ་བ་རུ།། ཆོས་སིལ་མ་མི་སྙན་གླུ་དབྱངས་སྙན།། ན་སའི་ཐད་ལ་ཐུག་གྲངས་མང་།། དགའ་སའི་ཐད་ལ་སླེབས་གྲངས་མང་།། ན་ཡུན་རིང་བ་ལས།། འཆི་ཐག་ཐུང་བར་དགའ།། ན་ཚ་བཅོས་ན་ཁྱི་སྐྱག་ཡིན་ཡང་ཟོས།། ན་སོ་གཞོན་པས་འཆི་བ་མི་ཐུབ།། ན་དུས་གྲོགས་ཀྱིས་མ་ཕན་ན།། ཚེ་གང་གཏན་གྲོགས་ག་ལ་ཟེར།། ན་མོ་བཀྲ་མས་བཀྲ་བྱས་ན།། སྣང་སྲིད་ལྷ་འདྲེ་ཧ་དགོད་ཤོར།། ན་གཞོན་ཡིས་སྙམ་ཨ་མའི་འཁར་བར་མ་འགམས།། ནམ་ཞིག་མཁོ་བའི་རྟ་ཕོར་འགྱུར་ངེས་ཡིན།། ནག་མོའི་ལོང་གཏམ་གྱིས།། རྟ་པའི་ཉིན་ལམ་འགག ། ནག་ཆུང་སྲན་མར་རིལ་སྐྱོར་དང་།། ལྟས་ངན་མཐོང་བར་ལྟ་སྐྱོར།། ནགས་གཤོང་བྱེ་མས་རྐང་པ་འཚིག ། དེ་ནས་འམ་བུ་སྤྱང་ལ་ཚུད།། ནགས་རི་སྔོན་པོ་གནས་པས་ན།། བུད་ཤིང་རྫོགས་པའི་སེམས་ཁྲལ་མེད།། ནགས་འགྲམ་ན་མེ་ཤིང་དཀོན།། མཚོ་འགྲམ་ན་ཇ་ཆུ་དཀོན།། ནང་གི་ཤ་ཡིན་པ་ལས།། ཕྱིའི་ཚིལ་ལུ་མིན།། ནང་ལ་སྟག་ལས་འཚུབ།། ཕྱི་ལ་ཞི་མི་ལས་སྙིང་ཆུང་།། ནང་དཔའ་བོའི་དཔའ་གྲལ་མ་ཞིག་ན།། ཕྱི་གེ་སར་དམག་ལ་སྐྲག་དགོས་མེད།། ནང་ལ་འགྲོ་འགྲོ་ཕྱི་ལ་མི་འགྲོ།། ནང་རྟགས་ཕྱི་ལ་མ་བསྟན་ན།། ཕྱི་མས་ནང་རྒྱུས་ཅི་ལ་ལོན།། ནང་བཀྲ་མ་ཤིས་ན།། ཕྱི་དོན་མི་འགྲུབ།། ནང་ལ་དཔོན་པོ་དགོས་ན་བུ་གྲྭ་པ་བཟོས།། ནང་ལ་གཡོག་མི་དགོས་ན་བུ་མོ་ཨ་ནེ་བཟོས།། ནང་ལ་རྩམ་པ་མེད་པར།། སྒེའུ་ཁུང་རྩམ་རལ་ཡོག་ཡོག ། ནང་ཚགས་ཚོང་མི་རྒྱག ། དཔོན་གཡོག་ཤོ་མི་རྒྱག ། ནང་ལ་རྩམ་པ་མེད་ཀྱང་།། ཆུ་འཁོར་ལ་ཡོས།། ནད་ཚབས་ཆེན་ཕོག་ཉིན་ཨེམ་ཆི་མེད།། མི་འགངས་ཆེན་ཤི་ཉིན་བླ་མ་མེད།། ནད་གཞི་ལྕི་ན་སྨན་པ་གང་བྱུང་བསྟེན།། གྲོད་པ་ལྟོགས་ན་ཟས་ལ་དབྱེ་བ་མེད།། ནད་བད་ཀན་མིག་ལ་ཕོག་ཁ་དེར།། གཅིག་མི་ཚད་གཉིས་ཚམ་མཐོང་སྣང་ཤར།། ནད་པ་ནད་ཐེག་སར།། ཨེམ་ཆི་ནད་མི་ཐེག་པ་མེད།། ནད་པ་རྒས་པོ་ཨེམ་ཆི་ཡིན།། ནད་བརྒྱ་སྨན་གཅིག ། ཁ་བརྒྱ་དོན་གཅིག ། ནད་མེད་ལུས་ལ་ཀོ་ཡོལ་སྦྱར།། ནད་པ་རྒྱུན་རིང་འཆི་བ་ཡིན།། ནད་པ་དྲག་ན་སྨན་པ་བརྗེད།། ནད་ལ་བད་ཀན་ཕོག་ན་འཆི་ཇུས།། དགྲ་ལ་དཔོན་པོ་ལངས་ན་བྲོས་ཇུས།། ནད་པའི་ཕྱོགས་ལ་རྐང་བརྡུང་།། བཟང་པོའི་ཕྱོགས་ལ་ཇ་ཆུང་།། ནམ་མི་ལངས་ཀ་མེད་ཉི་མས་འདེད།། མཚན་མི་རུབ་ཀ་མེད་མུན་པས་རེད།། ནམ་ལངས་སྤར་མོས་མི་ཁེབས།། ནམ་ལངས་པ་ཡག་སྟེ།། མུན་རུབ་པ་སྡུག ། ནམ་མཁའི་གཡའ་དག ། ས་གཞིའི་རྡུལ་དག ། ནམ་ཉི་མ་གཉིས་ལ་རིང་ཐུབ་དང་།། ཆུ་གད་པ་གཉིས་ལ་མཐོ་དམའ་ཡོད།། ནམ་རིང་སྒྲུང་གིས་མི་འཁྱོལ།། ནམ་མཁར་སྤྲིན་བྱེའུ་རོ་ཙམ་མེད་པར།། ཐོག་ལུག་རོ་ཙམ།། ནམ་མཁའི་བྱ་དཀྲོགས།། ས་གཞིའི་འབུ་དཀྲོགས།། ནམ་འདྲ་འདྲ་ལངས་ནས།། སྦུད་པ་གཡར་མཁན་སུ་ཡོང་།། ནར་ནར་ལྕེ་ལ་བདག་པོ་མ་བརྒྱབ་ན།། རིལ་རིལ་དབུ་ལ་འོ་རྒྱལ་བཟོས་ཡོང་།། ནས་ཕྱེ་འཐག་བཞིན་ཞིབ་ཏུ་འགྲོ།། སྐད་ཆ་ཤོད་བཞིན་གསལ་དུ་འགྲོ།། ནུ་ཆེན་ཕྱུགས་ལ་བཞོན་འཇོ་ལེགས།། དྲང་བདེན་གཏམ་ལ་གཞན་ཡིད་དགའ།། ནེ་ཙོ་སྨྲ་བས་གཟེབ་ཏུ་ཚུད།། འབད་ཆགས་ལྐུགས་པ་བདེ་བར་རྒྱུ།། ནོར་ཡག་ཉེས་བལྟས་པས་ཤེས།། མི་ཡག་ཉེས་གཤིབས་ནས་ཤེས།། ནམ་ལངས་ཁར་གཅིན་པ་ཤོར།། ནམ་ནག་སྦར་ཡུལ།། གདེང་མེད་ལས་རྩོམ།། ནམ་མི་ལངས་ཀ་མེད་ཉི་མས་དེད།། ས་མི་རུབ་ཀ་མེད་གྲིབ་མས་དེད།། ནམ་མཁར་འཕུར་བར་གཤོག་པ་མེད་པ་ལ།། རྒྱ་མཚོར་འཛུལ་བར་ཆུ་རྐྱལ་ག་ལ་ཤེས།། ནམ་མ་ལངས་ན་འགྲོ་མི་བདེ།། ལས་མ་སྐུལ་ན་བྱེད་མི་བདེ།། ནམ་རིང་ན་རྨི་ལམ་མང་།། སྐད་ཆ་མང་ན་སྐྱོན་མང་།། ནོར་ཡོད་ཚད་འདོད་པ་ཅན་ལ་སྐུང་།། ནོར་ལ་ཞེན་ཆགས་ཆེ་བའི་མིར།། རྒྱུ་ནོར་རྐུ་ལ་ཤོར་བ་མང་།། ནོར་བུ་ལག་ཏུ་ཡོད་དུས་ནོར་ཉམས་མི་ཆོད།། ནོར་བུ་མི་ལ་ཤོར་དུས་ནོར་ཉམས་ཆོད།། ནོར་ལ་སྤྱོད་ཤེས་ཕྱུག་པོའི་མཚན་ཉིད་ཡིན།། ནོར་པ་འཁྲུལ་པ་སུ་ལའང་ཡོད་འཕྱ་བ་མ་སྔ།། གནམ་གྱི་གཤིས་ལ་འགྱུར་ལྡོག་མང་།། མི་ཡི་སྐྱེ་འཆིར་ངེས་གཏན་མེད།། གནམ་བྱ་ཡི་ཕོ་མོ་ཤེས་དཀའ་ཡང་།། མགོ་ནག་མི་ཡི་རྣམ་འགྱུར་ཤེས་པ་སླ།། གནམ་ཚད་ལ་བཙུགས་ནས།། བདེན་པའི་ལུང་དྲངས་ཐུབ་པ་དགོས།། གནམ་མཚོ་རབ་མེད་ལ་རབ་དང་།། ཐང་ལྷ་ལ་མེད་ལ་ལ།། གནམ་ལ་སྐར་མ་མང་ཡང་།། རང་འོད་མི་འདྲ་སྣ་ཚོགས།། གནམ་གྱི་མཐའ་ནས་གསེར་གྱི་རྨ་བྱ་འཕུར།། གནམ་ལ་སྐས་བཙུགས།། ས་ལ་དོང་དྲུས།། གནམ་གྱིས་ས་རྡུང་།། དཔོན་གྱིས་གཡོག་གནོན།། གནམ་ལ་ཉི་ཟླ་ཟུང་གཅིག ། ས་ལ་བཙན་པོ་དབོན་ཞང་།། གནམ་ལ་འགྲོ་བར་ལམ་མེད།། ས་ལ་འཛུལ་བར་སྒོ་མེད།། གནམ་ལ་འཕུར་ན་གཤོག་པ་དགོས།། ས་ལ་འཛུལ་ན་སྦར་མོ་དགོས།། གནམ་ནས་ཆར་པ་མ་བབས་ན།། ས་ནས་ལྗང་པ་མི་སྐྱེས།། གནམ་རྡོ་ས་ལ་ལྷུང་ན།། ཐབ་རྡོ་མི་བྱེད་རང་བྱེད།། གནམ་ཁྲོས་ན་སེར་བ་དང་།། རྐུབ་ཁྲོས་ན་རྙང་མ་རེད།། གནམ་ཚུགས་མི་འགྱུར་སྐར་མ་ཨ་བརྟན།། ས་ཚུགས་མི་འགྱུར་གངས་དཀར་ཏི་སེ།། གནམ་སྔོན་པོ་སྡོད་མི་ཡིན།། སྤྲིན་དཀར་པོ་འགྲོ་མི་རེད།། གནམ་གང་རྒྱས་དྲགས་ན།། ཚེས་པ་གཅིག་ལ་ཆད་ཡོང་།། གནམ་ལ་རྡོ་རྒྱག་གཞུས་ན།། པུས་མོ་ན་རོགས་རེད།། རྣག་ཡོད་སར་གཙག་བུ་དང་།། སྐྱོན་ཡོད་སར་མཛུབ་མོ།། རྣམ་རྟོག་ཅན་གྱི་མིག་ལམ་དུ།། རྟག་ཏུ་འདྲེ་གཟུགས་འཆར་བ་ཡིན།། རྣམ་རྟོག་ཅན་ལ་འདྲེ་དགུ་འཁོར།། རྣམ་རྟོག་དགྲ་ལ་ལངས།། ཁང་སྟོང་རྐུན་མ་སྡང་།། རྣམ་རྟོག་དགྲ་ལ་མ་ལངས་ན།། བྲག་སྲིན་དགྲ་ལ་ལངས་དོན་མེད།། སྣ་ཁུང་ནང་གི་སྤུ་འཐེན་ན།། སུ་དང་སུ་ཡང་ཚ་སྣང་བྱེད།། རྣམ་སྲས་རྟ་བདག་བརྒྱད་ལ།། ཞབས་འདྲེན་རྐང་ཐང་གཅིག ། སྣང་བ་མེད་ན་རྣམ་རྟོག་མེད།། སྣམ་བུ་དཀར་པོའི་ཚོས་མདོག ། ག་ནས་ག་པར་སྒྱུར་སྒྱུར།། སྣམ་བུ་འདོམ་པ་གང་གིས་ཞྭ་གོས་ལྷམ་གསུམ།། གནམ་སྐེ་ལ་གོན།། སྤྲིན་པས་ཨོག་སྒྲོག་བརྒྱབས།། གནག་ཕྱུགས་ལ་སྤུ་རྙོག ། ལྐུགས་པ་ལ་ལས་རྙོག ། གནག་པོའི་སེམས་གཅིག་མེད་ན།། ངན་པའི་ལས་གཅིག་བྱེད་ལེ་མ།། གནས་ལ་གནས་ལན་མེད་ཀྱང་།། ཚིག་ལ་ཚིག་ལན་ཡོད་འགྲོ།། གནས་ཚང་གཡར་བས་མི་ཚད།། གནས་མོར་ཚད་ཚད།། གནས་མོའི་རྫ་ཆག ། འགྲུལ་པའི་ཚེ་ཤོར།། གནོད་འགྱོད་མེད་ན།། ཁ་ཀེར་ཙམ་བྱས་ནས་རྒྱུགས།། གནོང་ངོས་ལེན་ན།། ཁ་མཆུ་མེད།། གནོང་མེད་ན་འགྱོད་པ་འཁྱེར་དོན་མེད།། རྣ་བ་སྐྱེ་སྔ་ཡང་།། རྭ་ཅོ་ཤུགས་ཆེ།། རྣ་རྒྱབ་ཀྱི་ལྷགས་པར་བཏང་བ།། རྣ་མཆོག་བཀོག་ནས།། རྐུབ་ཀྱི་ལྷན་པ།། རྣ་བ་སྔོན་རྗེས་ལས།། རྭ་ཅོ་རྗེས་སྐྱེས་མཐོ།། རྣོ་མེད་རལ་གྲིས་ལྟགས་པ་ངོམ་ཡང་།། དམར་དམར་ཤ་ཡིས་ཉག་ཙམ་མི་བྱེད།། སྣོད་ལུང་མེད་འཇུ་དཀའ།། གཏམ་དཔེ་མེད་བཤད་དཀའ།། སྣོད་ཞབས་བརྡོལ་ལ་ཆུ་བླུགས།།
༼ བོད་ལྗོངས་རིག་གནས་དྲ་བ་ལས་བཏུས།   རྩོམ་སྒྲིག་པ། དཀོན་མཚོག་དར་རྒྱས། ༽

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*