༄༅། །བོད་ཀྱི་གཏམ་དཔེ་ཕྱོགས་བསྒྲིགས། ༢

 ཅ ༽

       ཅ་ཟིང་པོའི་གཏམ་དྲངས་པ་ལས།། ཆ་ཚང་བའི་དངོས་དྲངས་ན་དགའ།། ཅ་ལེ་ཅོལ་ལེའི་གོམ་པ་རྒྱག་པ་ལས།། འདུམ་བདེ་བའི་མཆོང་རྒྱག་བརྒྱབ་ན་དགའ།། ཅག་ག་བྱས་པའི་མེ་ཏོག ། བྱ་མ་བྱིའུ་ཡིས་བཟས་ཡོང་།། ཅང་ཤེས་རྟ་ཕོ་ཆག་གིས་གསོ་བ་དེ།། རྐང་ཐང་འགྲོ་འདོད་མེད་པའི་རྐྱེན་གྱིས་ཡིན།། ཅང་ཤེས་རྟ་ཕོའི་འགྲན་ཟླ།། མགྲིན་བཟང་བོང་བུས་མི་ཆོག ། ཅི་མཛད་ལེགས་པར་མཐོང་དགོས་ན།། མ་གནང་དགུ་གནང་མ་གནང་ཞིག ། ཅི་གསུང་བཀའ་བཞིན་སྒྲུབ་དགོས་ན།། མི་གསུངས་དགུ་གསུང་མ་གསུངས་ཤིག ། ཅི་ལ་འཆམ་དང་ལྟོ་ལ་འཆམ།། ཅི་བཤད་ལ་མི་ཉན།། ཅི་བྱས་ལ་བརྟག་དགོས།། གཅན་གཟན་གྱིས་རང་རྒྱུད་མི་ཟ།། གཅིག་ལ་མ་འགྲིགས་གཞན་གྱི་སྐྱོན།། ཀུན་ལ་མ་འགྲིགས་རང་གི་སྐྱོན།། གཅིག་བཤད་དོན་ལ་མ་གནས་ན།། བརྒྱ་བཤད་སྟོང་བཤད་དོན་མེད་ཡིན།། གཅིག་མི་ཐུབ་སྟོང་ལ་འགྲན།། གཅིག་མ་ཤེས་བརྒྱ་བཤད་འདོད།། གཅིག་གྲོས་གཅིག་ལ་ཕན།། གཅིག་དོན་གཅིག་གིས་སྒྲུབ།། གཅིག་འོག་གཅིག་གིས་མ་ནོན།། གཅིག་ཁོག་གཅིག་གིས་མ་ལོན།། གཅིན་ཁ་བྲོ་དུས་གསང་སྤྱོད་དྲན།། གཅིན་པ་གྱེན་ལ་བཏང་ན།། ལ་གཡོག་ཐུར་ལ་བརྒྱབ་ཡོང་།། གཅེས་ལང་བཏང་ན་བྱམས་སྐྱོང་མིན།། གཅོང་གཅོང་གཅིག་ལ་ཐང་ཐང་བརྒྱ།། ལྕི་བ་གསེར་ལ་མི་འགྱུར།། ཆུ་ནག་སྣུམ་ལ་མི་འགྱུར།། ལྕགས་ལ་ལྕགས་ཀྱི་ལྷན་པ།། ཟངས་ལ་ཟངས་ཀྱི་ལྷན་པ།། ལྕགས་ཀྱི་རིལ་བུ་བཟས་ན།། རྡོ་ཡི་འགྲམ་སོ་དགོས།། ལྕགས་ཚ་ཐོག་ལ་བྱུང་ན།། དོན་འགྲུབ་ཐོག་ལ་བགྱིད།། ལྕགས་མ་ཟད་བར་དུ།། བཙའ་མི་ཟད།། ལྕགས་ལ་མེ་འབར་ན།། ལན་ལ་ཐལ་བ་རྒྱོབས།། ལྕགས་རོང་བོང་བུ་སྡུག་ཀྱང་རང་སྡུག་རེད།། སྒལ་པའི་རྒྱབ་འཁུར་མ་ཁྱེར་ཀ་མེད་རེད།། ལྕང་མ་ལོ་གསུམ་སྐྱེས་པར་དགའ་མི་དགོས།། སྦྱར་པ་ལོ་གསུམ་བསྐམས་པར་སྡུག་མི་དགོས།། ལྕང་རའི་བདག་པོར་གུ་ཡོག་དཀོན།། ལྕང་མར་ལྕང་སྐྱོར་མ་ཐུབ་རུང་།། ལྕང་རྩ་རྡོ་ཡིས་རྡུང་མི་ཉན།། ལྕང་སྡོང་འགྱེལ་ན་གྲིབ་མ་ཡལ།། ལྕང་གླིང་བྱ་ཁྲས་བསྐོར་བ་ལ།། བྱེའུ་ཆུང་བྲོས་པས་ག་ལ་ཐར།། ལྕང་མའི་བདག་པོར་མེ་སོག་དཀོན།། ལྕང་རྩ་རྡོག་གནོན་དང་།། མགོ་འོག་མཇུག་གནོན།། ལྕང་མ་རློན་པའི་ཟམ་པ།། ལྡེམ་ལྡེམ་བློས་སུ་མ་འཁེལ།། ལྕང་མ་རློན་པའི་ཟམ་པ།། རང་གིས་བཙུགས་ནས་རང་ཐར་བ་དགོས།། ལྕམ་སྐུ་ཞབས་ཀྱི་འགྲོ་སྟངས་མི་ཤེས།། བུ་མོ་ང་རའི་འགྲོ་སྟངས་ཀྱང་ཤོར།། བཅག་བཅག་གི་ཟས་ཟ་བ་ལ།། རུབ་རུབ་ཀྱི་གྲོས་བྱེད་དགོས་པ་ཡིན།། བཅད་པའི་ཤུལ་དུ་འཛུགས་པ་དཀའ་རུང་།། ཁྲག་ཤུལ་ཆུ་བཤལ་དུ་མ་སོང་བ་དགོས།། བཅད་ཁ་སྒོར་སྒོར་ལ།། མཐུད་ཁ་གྲུ་བཞི་མི་འགྲོ།། བཅད་ཁར་མ་ཚང་ཡང་།། མཐུད་ཁར་ཚང་བ་དགོས།། བཅུ་གསུམ་ཁོག་རྩིས་མ་ཐེབས་ན།། རང་མགོ་ཐོན་ན་ལྷ་རྒྱལ་རེད།། བཅོ་ལྔའི་ལྷ་ཟླ་འདྲ་འདྲ་ང་མ་རེད།། ཉི་ཤུའི་ཟླ་ནག་འདྲ་འདྲ་ང་མ་རེད།། བཅོ་ལྔ་མཆོད་པ་ཞེ་པོ་ཡོད་ན།། ཉི་མའི་དགུང་ལ་ཐོན་ཤོག ། བཅོལ་ཚད་ཁས་མ་ལེན།། བླངས་ཚད་ཐོག་ཏུ་ཁེལ།། བཅོལ་བའི་ལས་གོ་ཆོད་པ་བགྱིད།། རང་མགོ་ཐོན་འོང་བ་ཡིན།། བཅོས་མའི་ཚིག་མི་བདེན།། ཤོག་ནང་མེ་མི་ཐུབ།། བཅོས་མིན་གསེར་ལ་བལྟས་ན།། རང་སེམས་དཀར་པོར་འདུལ་དགོས།། བཅོས་མིན་བློ་དང་ལྡན་ན་ཀུན་གྱིས་བཀུར།།

༼ ཆ ༽

       ཆ་ལུགས་ཡ་མ་ཟུང་ལ།། ལྟ་སྣང་མཐོང་མི་གཅིག ། ཆག་སྒོ་བྱུང་ན་མགོ་དང་།། མུ་གེ་བྱུང་ན་མཐའ།། ཆག་སྒོ་ནག་པོས་འདེད་པའི་མི།། བློ་དང་བྱ་ལག་གཞན་ལས་མང་།། ཆག་མ་མྱོང་གཤིན་རྗེའི་རྒྱ་མ་ཆག ། ཤི་མ་མྱོང་ཨ་ཁ་གླང་མགོ་ཤི།། ཆག་སྒོ་བསླངས་སོང་ཆག་ཆག ། སྡིག་པ་བསགས་སོང་སྡིག་སྡིག ། ཆག་རྟ་ཕོས་བཟས།། ཡ་ལ་བོང་བུར་བཀལ།། ཆག་སྒོ་མེད་ན་ཆེ་ན་དགའ།། ཆགས་ན་ཞོ་དང་།། མ་ཆགས་ན་དར་ར།། ཆང་གཞས་མེད་ན།། བོང་བུ་ཆུ་འཐུང་རེད།། ཆང་ལན་ཆུ་འཇལ།། བཟང་ལན་ངན་འཇལ།། ཆང་ནད་ཆང་གིས་བསངས།། ཆང་ཚོད་མེད་ལ་ཁ་མཆུ་བར་མི་ཆད།། ཆང་རང་གིས་བཏུངས་ན་མགོ་ན།། ཆང་མིས་བཏུངས་ན་སྙིང་ན།། ཆང་གིས་བཟི་ན་དྭངས་མཐའ་ཡོད།། ནོར་གྱིས་བཟི་ན་དྭངས་མཐའ་མེད།། ཆང་གིས་བཟི་བའི་ཡོན་ཏན་ལ།། ཁྱི་དང་བྱེའུ་ངོ་མི་ཤེས།། ཆང་ཁས་བཏུངས་ཀྱང་།། རྩིས་རིག་པས་ཟིན།། ཆང་འཐུང་ཤེས་ན་སྨན་དང་།། འཐུང་མི་ཤེས་དུག་རེད།། ཆང་གཅོད་འདོད་ན།། ར་བཟིའི་སྐྱོན་ལ་ལྟོས།། ཆང་བཟི་ཁ་དང་།། གཉིད་ཤོར་རྐུབ།། ཆད་པ་ཡོད་ན་སྣེ་འཛིན་དགོས།། ཆབ་ཏོག་ཉི་མར་བསྲོས་ན།། ཁ་ལས་ཞབས་ར་མཐོ་བ།། ཆབ་ཏིག་ཉི་མར་བསྲོས་ན།། ཡོང་རྒྱུར་དྲི་མ་ངན་པོ།། ཆབ་སྔོན་མོ་ཁ་ཞེང་ཆེ་ནའང་།། གྲུ་བཟང་པོས་ཕར་བཅད་ཚུར་བཅད་རེད།། ཆམ་པར་ཕན་ཡང་།། ཡ་མར་གནོད།། ཆར་པ་བཏང་ན་རི་ཀླུང་སྣུམ།། སྡིག་པ་བཤགས་ན་བར་དོ་ཡང་།། ཆར་པ་རྒྱ་གྲོང་ལ་བབ་ན།། ཞིང་ཆུ་མ་བཏང་གང་ཡག ། ཆར་དྲག་ཆར་ཉིན་མཚན་དགུ་བབ་ཀྱང་།། བྱིའུ་འཇོལ་མོ་རང་མགོ་རང་གིས་ཐོན།། ཆར་འདོད་བྱིའུ་ཁ་སྐོམ་ཡང་།། ས་ལ་འཁྱིལ་བའི་ཆུ་མི་འཐུང་།། ཆར་སྣེ་ཆུ་འཁྲིད།། ཆུ་འགོ་གངས་ཐུག ། ཆར་སྣེ་རླུང་འཁྲིད།། ངན་པ་སྣེ་འཁྲིད།། ཆར་པ་ཆུ་གྲོགས།། ཉི་མ་མེ་གྲོགས།། ཆར་པ་བྱུང་ན་གནམ་ལ་དགོས།། གནམ་གྱི་མཐའ་རྣམས་སྐམ་པོ་རེད།། ཆར་པས་རློན་པ་ཆགས་ན།། ཟིལ་པས་ག་ལ་གནོད།། ཆུ་མོ་ཡུར་ནང་དུ་རྒྱུག་པ་ལ།། ཀླུ་མོ་ཕྲག་དོག་བྱེད་དོན་མེད།། ཆུ་ཡི་ཐིགས་པ་ཆུང་ཡང་།། བྲག་ལ་ཨི་ཁུང་བརྟོལ།། ཆུ་སྐྱོན་འགོག་པའི་ཆུ་རགས་དང་།། སྤྱང་ཀི་འགོག་པའི་ལུག་ཚང་།། ཆུ་རྐ་མགོར་ཡོད་ན།། རྐ་མཇུག་ལའང་ཡོད།། ཆུ་སྔོན་པོ་ཉིན་འགྲོ་མཚན་འགྲོ།། དམན་བུ་མོའི་འགྲོ་རོགས་མི་ཕན།། ཆུ་ཕརཐོན་ཟམ་པ་བརྗེད་མི་ཉན།། བུ་ཕ་མཉམ་ཕ་མ་བརྗེད་མི་ཉན།། ཆུ་བརྒལ་དུས་ཁ་ཞེང་ལ་ལྟོས།། ལ་བརྒལ་དུས་གཡང་སར་ལྟོས།། ཆུ་ཆེན་ཡུར་བུར་མ་ཤོང་།། ས་ཆེན་ཁྲུ་སློག་མི་ཐུབ།། ཆུ་ཆེན་འབྲི་ཆུ་ཆེ་ནའང་།། ཞིང་ཆུ་འདྲེན་ལ་ཕན་ཐོགས་མེད།། ཆུ་ཐོན་སོང་ཟམ་པ་ག་ལེར་བཞུགས།། ལ་ཐོན་སོང་ཁ་བ་ག་ལེར་བཞུགས།། ཆུ་ཆེན་འབྲི་ཆུ་རྫ་ཆུ་ཆེ།། དྲིན་ཆེ་བ་རི་སྐེད་རྫིང་བུ་ཡིན།། ཆུ་ནང་ནས་ཟླ་བ་འཛིན་པ།། ཆུ་ཆེན་དལ་ཡང་འགྲོ་མི་སྲིད།། དར་ལྕོག་བྲེལ་ཡང་སྡོད་མི་རེད།། ཆུ་སུམ་མདོའི་དགེ་སློང་བྱེད་པ་ལས།། རྒྱ་གྲོང་གི་མག་པ་བྱས་ན་དགའ།། ཆུ་བརྒྱ་ཟམ་འོག་ཏུ་མ་འདུས་པ་དང་།། མི་བརྒྱ་ཁྲིམས་འོག་ཏུ་མ་འདུས་པ་མེད།། ཆུ་ལ་དྲི་མ་མེད་པ་དགའ།། མི་ལ་གཡོ་རྫུན་མེད་པ་དགའ།། ཆུ་གཙང་པོ་དཀྲུག་ནས་མར་མི་ཐོན།། རྡོ་གཡམ་མ་བཙིར་ནས་སྣུམ་མི་ལོན།། ཆུ་ལ་ཆུ་འགོ་དང་།། ཤིང་ལ་རྩ་བ།། ཆུ་ལ་ཆར་པས་སྐྱོ་རོགས།། བྲག་ལ་འུག་པས་སྡོད་རོགས།། ཆུ་ཆུང་ཐབས་དང་།། ཟམ་པ་དམའ་ཐབས།། ཆུ་དང་ཉ་མོ་མཐུན་ན།། གཉིས་ཀ་བདེ་བར་གནས།། ཆུ་ཉམས་མཉན་པས་ལོན་ན།། མཐིལ་བརྡོལ་ཀོ་བས་སྒྲོལ་ཡོང་།། ཆུ་མེད་པའི་ལུང་སྟོང་འདབ་རྫབ་ལ།། ཉ་གསེར་མིག་སྡོད་པ་སྣང་བ་འཁྲུལ།། ཆུ་དྭངས་ཉ་མོ་གསལ།། ཆུ་དལ་ཉོ་མོ་སྐྱིད།། ཆུ་ཉམས་མཉན་པས་ལོན་ན།། ཀོ་གྲུ་མཐིལ་རྡོལ་གཏོང་།། ཆུ་རང་ཡུལ་དུ་མ་བཏང་ན།། རགས་གཞན་ཡུལ་དུ་རྒྱོབས།། ཆུ་ཆུང་དུས་ཆུ་རགས་མ་བརྒྱབ་ན།། ལུང་པ་ཆུ་ཡིས་འཁྱེར་ཉེན་ཡོད།། ཆུ་འགོ་ཁྲི་སྟོང་ཡོད་ཀྱང་།། འདུ་ས་རྒྱ་མཚོའི་ནང་རེད།། ཆུ་གཏིང་ནས་རྙོག་མཁན་ཀླུ་བདུད་དང་།། སྦྲུལ་ཤིང་རྩེར་ཁྱེར་མཁན་མཁའ་ལྡིང་རེད།། ཆུ་ལ་ཨེར་ཀོག་གཞུས་ཀྱང་།། ཉ་ལ་ན་ཚ་མི་གཏོང་།། ཆུ་རྒྱ་མཚོ་ཆེན་པོའི་འཁྱིལ་ལམ་དུ།། རྫིང་ཆུང་ཆུང་འདམ་ཆུས་གཡས་སྐོར་བྱེད།། ཆུ་མིག་སྒམ་ཚིག་ཙམ་ནས།། ཉ་ཆེན་འདོམ་པ་བཅོ་བརྒྱད།། ཆུ་འགྲོ་མུས་དང་།། གདུང་མ་འདྲུས་མུས་ཡིན།། ཆུ་ངན་ལམ་ཞུགས་དང་།། མི་ངན་ལང་ཤོར།། ཆུ་དྭངས་ན་ཉ་གསལ།། སྤྲིན་པ་དྭངས་ན་ཉི་མ་གསལ།། ཆུ་ངོས་ཞི་འཇམ་ཡང་།། གཏིང་ན་ཆུ་སྲིན་ཡོད།། ཆུ་བོ་ཆེན་པོ་གཏིང་ཟབ་པ།། ཆུ་ཕྲན་མང་པོ་འདུས་ལས་བྱུང་།། ཆུ་ཐིགས་བསགས་པའི་རྒྱ་མཚོ།། ཆུ་གད་པ་གཉིས་ལ་དམའ་རེས་མཐོ་རེས།། ནམ་ཉི་མ་གཉིས་ལ་རིང་རེས་ཐུང་རེས།།  ཆུ་ཆར་པའི་སྐྱོ་རོགས་མ་བྱུང་ཡང་།། སད་སེར་བའི་སྣ་འདྲེན་བྱེད་མི་རུང་།། ཆུ་ཆར་པ་རྒྱལ་ཁམས་ཀུན་ལ་བབས།། ཐོག་སེར་བ་ང་ཡི་མགོ་ལ་སྡང་།། ཆུ་དང་མེ་འཕྲད།། དགྲ་དང་གྲོགས་འཕྲད།། ཆུ་མོ་དྭངས་ཤིང་དྭངས་ཤིང་།། གྲམ་པ་གསལ་དུ་གསལ་དུ།། ཆུ་རང་འཁོལ།། སྐྱོན་རང་ལེན།། ཆུ་ལ་སྡེར་མོ་མེད་ཀྱང་།། ས་གཞི་གྲོག་རོང་འདྲུ།། ཆུ་ཆེན་པོའི་དབུ་འཕང་ཆར་གྱིས་བསྟོད།། ཆར་མེད་ན་ཆུ་ཕྲན་འདྲ་འདྲ་རེད།། ཆུ་མོ་ལང་ལོང་རྒྱུག་ཀྱང་།། འདུ་ས་ཟམ་པའི་འོག་རེད།། ཆུ་མོའི་གཏིང་ལ་མ་ཞུགས་ན།། གསེར་ཉ་ཆེན་པོ་ལག་མི་ཐོབ།། ཆུ་མོའི་གཏིང་ཚད་ལོན་ནས་ཉ་ལ་སྤར་འཛིན།། ཆུ་རྙོག་ན།། ཉ་འཛིན་མི་ཐུབ།། ཆུ་བྱའི་ཕྲུ་གུ་ལ་རྐྱལ་དང་།། དུང་དཀར་ལ་དཀར་རྩི།། ཆུ་མ་སྐམ་ན།། ཉའི་སྒལ་པ་ཕྱི་ལ་ཐོན་དོན་མེད།། ཆུ་འཐུང་ཡུན་རིང་ན་ཆུ་དྲི་དང་།། རྩྭ་་ཟ་རྒྱུན་རིང་ན་རྩྭ་དྲི་ཁ།། ཆུ་བོ་ཆུང་ཆུང་འུར་སྒྲ་ཆེ།། ཡོན་ཏན་ཆུང་ཆུང་ང་རྒྱལ་ཆེ།། ཆུ་ཐོན་ཟམ་པ་བརྗེད།། རྨ་གསོས་ན་ཚ་བརྗེད།། ཆུ་འགོ་གངས་ཐུག ། ལག་རྩ་དཔུང་ཐུག ། ཆུ་དྲོད་འཇམ་གྱིས་ཤ་མ་འཚོས།། ཆུ་འཚོགས་པའི་སྣོད་ཡོད་ཀྱང་།། གཏམ་འཚོགས་པའི་སྣོད་མེད།། ཆུ་བྱའི་ཕྲུ་གུར་རྐྱལ་དང་།། གླ་བའི་ཕྲུ་གུར་རྩལ་བསླབ་དོན་མེད།། ཆུ་རང་ཡུལ་ནས་བཏུང་།། གཅིན་པ་གཞན་ཡུལ་དུ་བཏང་།། ཆུ་རྐ་ནང་དུ་མི་འདུས་པ་དང་།། མི་ཁྲིམས་འོག་ཏུ་མི་འདུས་པ།། ཆུ་དང་ཉེ་བའི་བ་གམ་ཐོག ། ཟླ་བའི་འོད་ཟེར་སྔོན་ལ་ཕོག ། ཆུ་མོ་ཁ་ཞེང་ཆེ་ཡང་།། གྲུ་ཤན་རྟ་མགོའི་འོག ། ཆུ་དང་འོ་མ་འདྲེས་པ་བཞིན།། ལྷད་མེད་སེམས་པ་གཅིག་ཏུ་མཐུན།། ཆུ་རྒྱུག་སའི་གཞུང་དང་།། མི་འགྲོ་སའི་ལམ།། ཆུ་བརྒྱུགས་ཤུལ་དང་།། གདུང་མ་འདྲུད་ཤུལ།། ཆུ་ཆག་ན་གྲམ་པ་གསལ།། མཐའ་ཟད་ན་མཐིལ་མཐོང་།། ཆུ་ཕྱིན་ཡང་གྲམ་པ་སྡོད་ཀྱི་རེད།། ཆུ་ལ་རྒྱུག་པ་གཞུས་ཀྱང་།། ཉ་ལ་ཡང་ལྕི་མེད།། ཆུ་མ་བདེ་ན་ཉ་མ་བདེ།། ཆུ་ལ་ཟམ་པ་མེད་ན།། བརྒལ་བ་ལས་འོས་མེད།། ཆུ་ཆེན་པོ་རྒལ་དུས་ངོ་ཚ་མེད།། གཏམ་ཆེན་པོ་ཤོད་དུས་ངོ་ཚ་མེད།། ཆུ་ཕྱེད་ཙམ་བརྒལ་ན།། ཧ་ཕྱེད་ཙམ་གོ་ཡོང་།། ཆུའི་ཚུར་རོལ་ལ་ར་བརླག ། ཆུའི་ཕ་རོལ་ལ་སྟག་སྐད་སྒྲོག ། ཆུ་སྔོན་མོའི་ཁ་ཞེང་ཆེ་ན་ཡང་།། གྲུ་བཟང་པོས་ཕར་བཅད་ཚུར་བཅད་རེད།། ཆུ་མོའི་བབ་དང་བསྟུན་ནས།། ཀོ་རྐྱལ་རྒྱག་ལུགས་བྱེད་དགོས།། ཆུ་ཆེན་གྱི་ཞེང་ལ་མ་བལྟས་ན།། ཕོ་གསར་གྱི་རྐྱལ་དེ་སྨྱོ་རྐྱལ་རེད།། ཆུ་ཁར་མཉན་པས་གང་བཤད་དང་།། ལ་ཁར་ཇག་པས་གང་བཤད།། ཆུ་ཡག་ཉེས་མཚམས་ལ་གཟབ་དགོས།། རྟ་འདོ་ལོའི་སྟེང་དུ་སྒྲིམ་དགོས།། ཆུང་དུས་འོ་མའི་གསོ་སྐྱོང་མེད་པར།། འཆི་ཁར་ཐུག་པའི་སྐྱེལ་མ།། ཆུང་ཆུང་འོ་མས་གསོས་པའི་དུང་ཕྲུག་དེ།། དགྲ་ཆུ་སྲིན་ཁ་ལ་རྒྱག་བྱེད་ཡིན།། ཆུང་ཆུང་བློས་ཀྱིས་མི་གཏོང་།། ཆེན་པོ་གར་སོང་མ་ཤེས།། ཆུང་ཡི་གེ་ཀ་ཁ་མ་བསླབས་ན།། རྩེ་བློ་རིག་བཀྲ་བ་ག་ནས་ཡོང་།། ཆུང་དུས་ཡོན་ཏན་མ་སྦྱངས་ན།། ཆེ་དུས་ངུས་དང་མ་ངུས་མེད།། ཆུས་ཁྱེར་ཀྱང་རྐྱལ་གྱི་ཚུལ་དང་།། མ་འགྲིགས་ཀྱང་འགྲིགས་པའི་ཚུལ།། ཆུས་མི་ཐེག་པའི་སླེའུ།། མིས་མི་ཐེག་གཏམ།། ཆེ་བ་འདོད་ན་ཆེན་པོ་ཡོང་བ་དཀའ།། དེ་ཡི་ཐབས་ལ་ཆེ་འདོད་བཞག་ན་མཛེས།། ཆོས་རྒྱལ་སྐུ་དབང་ཆེ་ཡང་།། སྡིག་པར་གུ་ཡང་མི་གནང་།། ཆོག་ཤེས་མེད་པའི་བོང་བུས།། རང་གི་བདག་པོར་རྡོག་རྒྱག་གཞུས།། ཆོག་ཤེས་ལྡན་ན།། ནོར་ལ་མང་ཉུང་མེད།། ཆོག་ཤེས་བློ་དང་ལྡན་ན།། ཕྱུག་པོའི་མཐར་ཐུག་ཡིན།། ཆོས་པ་རི་ལ་སྒོམ་ན།། ཟན་གོང་གྱེན་འགྲིལ།། ཆོས་མི་ལ་ཤོད་ཤོད།། བླ་མ་ཁྱེད་ཀྱིས་གནང་དང་།། ཆོས་བདག་མེད་ལ་སྙིང་རུས་སུ་ཆེ་དང་།། ལྷ་དཀོན་མཆོག་ལ་གསོལ་བ་གང་བཏབ་ཡིན།། ཆོས་ཀྱིས་སངས་མ་རྒྱས་པར།། དྲིལ་བུས་སྙིང་རླུང་བླངས།། ཆོས་བྱེད་པར་ཡར་འདྲེན་ཆེ་ཆུང་དང་།། གཏམ་བརྗོད་པར་བདེན་པ་ཆེ་ཆུང་།། ཆོས་ཤོབ་ཤོབ་ཀྱིས་མི་ཚེ་རླུང་ལ་བསྐུར།། ཆོས་སྐྱོང་རང་མགོ་མ་ཐོན་པར།། མགོ་ནག་མི་ལ་སྐྱོབ་རོགས།། ཆོས་རར་ཆོས་དང་།། གཞས་རར་གཞས།། ཆོས་མེད་ཀྱང་བླ་མས་སྐྲ་བཅད།། ནོར་མེད་ཀྱང་ཕ་མའི་གཅེས་ཕྲུག ། ཆོས་མེད་ཀྱང་ཀོ་བའི་ཚུལ།། སྤུ་མེད་ཀྱང་ཀོ་བའི་ཚུལ།། ཆོས་མི་ལ་ཤོད་པར།། རང་ཉིད་སྡོམ་པ་གཙང་དགོས།། མཆེ་ཅན་སྤྱང་ཀིར་སྙིང་རྗེ་ན།། ཞི་བའི་ལུགས་ལ་ལྟས་ངན་ཡིན།། མཆོད་རྟེན་མགོ་མཇུག་ལོག་ཀྱང་།། བམ་རིམ་སྐེད་པར་གནས།། འཆམ་འགོ་བསུ་བའི་ཐང་ཐང་འཁར་རྔ།། མགྲོན་བརྡ་ཞུ་བའི་མགྲོན་ཤོག་དམར་པོ།། འཆང་བའི་ལུང་དང་།། ཞོག་པའི་ཞབས་ར་དགོས།། འཆར་ཅན་གྱི་ལོ་གསར་ལ།། དམིགས་བསལ་གྱི་བརྡ་ཐོ་མི་དགོས།། འཆི་ཁར་ངུ་འབོད་བྱེད་པ་ལས།། སྡོད་རིང་དུ་ཁ་གཤིས་འཇམ་ན་དགའ།།

༼ ཇ ༽

       ཇ་བཏུངས་སྤགས་བཟས་བྱས་ན།། སྲོག་ལ་ཉེས་སྐྱོན་མེད།། ཇ་ཚ་ཕོ་རང་གིས་མི་འཐུང་།། ཐུག་པ་ཚ་པོ་ཨ་མས་མི་སྟེར།། ཇ་བསྐོལ་ན་ཟངས་ཁོག་སོ་སོ་དང་།། མེ་བཏང་ན་དུ་ཁུང་སོ་སོ་ཡིན།། ཇ་འཐུང་དུས་མ་ཡོང་ན།། ཚོང་དཔོན་ཡིན་ཡང་ཇ་སྐལ་ཆད།། ཇ་ཆང་ལ་འཐུང་རེས་དང་།། ཤ་ལྤགས་ལ་ཟ་རེས།། ཇ་གྲང་དུ་དཔོན་གྱིས་མི་འཇུག ། ཤ་ཚ་པོ་དཔོན་གྱིས་མི་སྟེར།། ཇ་དེ་རྒྱ་ཇ་ཡིན་ཡིན་ཁ་ལ་བཏུངས་ན་ཤེས་ཡོང་།། ཨ་མའི་ཨོ་ལོ་ཡིན་མིན་རང་མགོ་ཐོན་ན་ཤེས་ཡོང་།། ཇ་ཚྭ་མེད་དང་གཏམ་ཆོ་མེད།། ཇ་མགྱོགས་པོ་བསྐོལ་ན་མེ་ཚ་པོ་རྒྱོབ།། ཇ་ལྷབ་སུས་ཕོ་བར་སྡང་།། རྟུག་དྲི་ཐུ་སུས་སྣ་ལ་སྡང་།། ཇ་ཁུག་མར་ཁུག་ཁྱིས་འཁྱེར་ཀྱང་།། རང་ཉིད་སྤྱང་པོའི་གྲས་ལ་བརྩིས།། ཇ་ཆུ་ལས་འཐུང་རྒྱུ་མེད་ཀྱང་།། ལུས་བདེ་སེམས་སྐྱིད་བྱུང་ན་དགའ།། ཇ་རིན་སྤྲོད་ཡས་མེད་པར།། མར་ལྟང་ལ་གོང་སྒྲིག ། ཇ་ཐུག་འཐུང་དུས་ཁ་འཚེར་འཚེར།། ལས་ཀ་བྱེད་དུས་མུག་ལོང་ལོང་།། ཇ་ཞིམ་པོ་མར་གྱི་བཀའ་དྲིན་རེད།། ཇ་རིག་འཛིན་རྡོ་རྗེ་ལ་ཁུ་བ་མེད་ན།། མི་ཁྱོད་ལ་བསོད་ནམས་མེད་པ་རེད།། ཇ་ཚྭ་མེད་དང་།། གཏམ་ལན་མེད།། ཇ་ཐུག་པ་གཉིས་ཀྱིས་བརྒྱགས།། མེ་ཉི་མ་གཉིས་ཀྱིས་དྲོས།། ཇུས་འདོན་སྐུ་ཞབས་མེད་ན།། རྒྱལ་པོས་ཇུས་ཀྱང་མཁས་མི་སྲིད།། ཇུས་དཔོན་མང་ན་ཇུས་ཉེས་ཤོར།། ཇུས་ཡོད་ལ་དབང་མེད།། དབང་ཡོད་ལ་ཇུས་མེད།། ཇོ་ལགས་སྐུ་ཐང་མཉེལ་རོགས་དང་།། ཤ་ཁྱི་རྐང་པ་ཚ་རོགས།། མཇལ་མཇལ་བའི་ལྷ་ཁང་དང་།། གཤིབས་གཤིབས་པའི་བུ་སྤུན།། མཇལ་འདོད་ན་མཇལ་དར་ཁྱེར་ནས་ཤོག ། ལྟ་འདོད་ན་མིག་སྐྱག་ཕྱིས་ནས་ཤོག ། འཇག་མ་སྡོད་དུ་རླུང་པོས་མི་འཇུག ། ཕོ་རོག་སྡོད་དུ་ལྷ་འདྲེས་མི་འཇུག ། འཇའ་གར་སོང་ཉི་མ།། བུ་གར་སོང་མནའ་མ།། འཇིག་རྟེན་འདི་ལ་བརྩོན་འགྲུས་ཡོད་ན།། ཡོན་ཏན་རང་གི་ལག་ན་ཡོང་།། འཇིག་རྟེན་མི་ལ་ཚེ་རོགས་དགོས།། ཚེ་རོགས་མེད་ན་སྟོང་སྟོང་རེད།། འཇིག་རྟེན་ཆུང་དང་།། སེམས་མཐུན་གྲོགས།། འཇིག་རྟེན་བྱེད་པ་ཧ་གོ ། སྒ་གླང་སྒོ་ཕྱུགས་ཧ་མ་གོ ། འཇུ་བའི་ལུང་དང་།། འཇོག་པའི་ཞབས་ར།། འཇུ་ཚོད་ཀྱི་ལྟོ་དང་།། ཐེག་ཚོད་ཀྱི་ལས།། འཇུ་ན་སྨན་དང་།། མ་འཇུ་ན་དུག ། འཇོན་རྒྱུ་མེད་པའི་གྲི་གོག་ཕྲེད་གཟེར།། ཉེས་རྡུང་གཟེད་པའི་ཨང་དང་པོ་ཡིན།། རྗེ་དྲིན་ཅན་འབངས་ཀྱིས་མ་བསླུས་ན།། འབངས་གུས་ལྡན་རྗེ་ཡིས་ག་ལ་དོར།། རྗེས་སུ་སྟེར་དགོས་ཟེར་ཡང་དགའ་མི་དགོས།། རྗེས་སུ་རྡུང་དགོས་ཟེར་ཡང་སྡུག་མི་དགོས།། རྗེས་འགྱོད་སྐྱེ་དུས་སྔ་མ་འཕྱུག་པའི་རྟགས།། ལྗང་ཕྲུག་རྐོ་མས་གསོ་དུས་རོགས་པ་མེད་པར།། འབྲུ་རིགས་བང་བ་རྒྱོང་དུས་རོགས་མི་དགོས།། ལྗང་ཆུང་སེར་བས་བརྡུངས་ན།། བང་བ་གསར་པ་རྒྱོབས།། ལྗིད་པོ་རྒྱབ་ཀྱིས་མ་འདྲོངས།། རལ་པ་ལྷན་པས་མ་ཁེབས།། ལྗོན་ཤིང་གསོ་བར་ལོ་བཅུ་དང་།། མི་བཟང་གསོ་བར་ལོ་བརྒྱ།།

༼ ཉ ༽

       ཉ་མོ་འཁྱུག་བགྲོད་མ་ཤེས་ན།། ལྕགས་ཀྱུ་ངར་མས་འཛིན་ཉེན་ཡོད།། ཉ་མོ་སྤགས་ལ་དད་ན།། རང་སྲོག་རང་གིས་བསྐྱལ་ཡོང་།། ཉ་མོ་ཆུ་དང་བྲལ་ན་སྲོག་དང་བྲལ།། ཉ་མོ་གཤོག་རྩལ་ཆེ་ཡང་།། གྲུ་ཤན་རྟ་མགོའི་འོག་རེད།། ཉ་མོ་མ་ཐེབས་པ་མ་གཏོགས།། མཚོ་མཐའ་མ་བསྐོར་བ་མིན།། ཉ་མགོ་བཙོ་ཤེས་ན།། མར་ཁུ་ཕོར་པ་གང་།། ཉ་ཁྲིམས་བླ་མས་བསྡམས།། ཉ་ཁྲལ་བླ་མས་བསྡུས།། ཉི་ཟླ་འོད་ཟེར་མཉམ་བསྡེབས་རེད།། སྐར་ཕྲན་མེ་སྟག་ངོམ་ས་མེད།། ཉི་མ་རྒྱལ་ཁམས་ཀུན་ལ་ཤར།། མུན་པ་ནག་པོ་ང་ཡི་མགོ ། ཉི་མ་ཀུན་གྱི་ཉི་མ་ཡིན་རུང་།། རྒྱ་མཐོངས་ཉི་མ་སྒེར་ཉི་ཡིན།། ཉི་ཤར་སྤར་མོས་མི་ཁེབས།། གྱང་འགྱེལ་དབྱུགས་པས་མི་ལོངས།། ཉི་མའི་འོད་ལ་མར་མེའི་གསལ་འདེབས།། ཉི་མ་སྤྲིན་མེད་ཀྱིས་མ་བརྒྱབ།། ཟླ་བ་སྤྲིན་མེད་ཀྱིས་ནམ་བསྐྱལ།། ཉི་མ་ཤར་ཁ་ལ་མགོ་འཐུམ་བརྒྱབ་པས་ཅི་ཕན།། ཉི་མ་ཡུན་རིང་འགྲོགས་པས་ན།། མི་ཡི་བཟང་ངན་དེ་ནས་ཤེས།། ཉ་མོ་ཆུ་ནང་ལྡིང་བར།། སྤལ་པ་མིག་ཟེར་རྒྱག་དོན་མེད།། ཉ་མོའི་འཁྱུག་རྩལ་སྦལ་པར་ཡོད་ན།། རྒྱ་མཚོའི་ཕྱི་ནང་སློག་གི་ཟེར།། ཉ་ཉིན་གཅིག་འཛིན་པར།། དྲྭ་བ་ཉིན་གསུམ་སྐམ།། ཉ་སྤུ་མེད་ལ་རལ་པའི་ཁྲལ།། ཉ་ཆུ་ནང་དུ་སྐྱིད།། མི་འཇིག་རྟེན་ལ་སྐྱིད།། ཉ་བསད་དེ་ཁྱི་ལ་སྟེར།། ཉ་དང་ཉུང་མ་མཉམ་བསྲེས།། ཉྭ་རིལ་ཕྲ་ཡང་ཁུར་པོ་འདྲ་འདྲ་ཡིན།། ཉྭ་རིལ་ཕྲ་བར་མི་བལྟ།། སྐེད་པ་མཁྲེགས་པོར་ལྟོས།། ཉན་མཁན་བྱུང་ན།། ཤོད་མཁན་མང་།། ཉམ་ཐག་མཐོང་ཡང་སྙིང་རྗེའི་སེམས་མི་སྐྱེ།། སྦྱིན་ཡུལ་འབྱུང་དུས་སེར་སྣའི་མདུད་པས་བཅིངས།། ཉམ་ཆུང་གི་ཁབ་ཀྱང་ལྕགས་ཡིན།། ཉལ་ས་བྱུང་ན་རྐྱོང་ས།། མགོ་ཐར་ན་དཔུང་པ།། ཉི་མ་དཀར་ལ་སྨག་འགྲོས་མི་དགོས།། ཉི་མ་ལ་རྒྱབ་གཏད།། རང་རྒྱལ་ས་ངོ་ལོག ། ཉི་མ་བརྒལ་ཁའི་རྫ་ར།། ཨ་མ་ལགས་རང་མཆོད་རོགས།། ཉི་ཟླ་ལས་གསལ་བའི་སྒྲོན་མེ།། ལྷ་ལས་མཚར་བའི་ལུས།། ཉི་ཤུ་དགུའི་ཁྱི་ལས་བྲེལ་བ་ཆེ།། ཉི་མ་སྤྲིན་པའི་འོག་ནས།། དྭངས་པའི་དུས་ཤིག་ཤར་ཡོང་།། ཉི་མ་གང་དྲོ་དང་།། ས་ཆ་གང་སྐྱིད།། ཉི་མ་གང་འཁྱོལ་འཁྱོལ་དང་།། ལས་ཀ་གང་གཡོལ་ཐུབ་ཐུབ།། ཉིན་གཅིག་སྐྱིད་ཀྱང་སྐྱིད་པ་ཡིན།། ཉིན་གསུམ་བླ་མའི་ལྗགས་མདུད།། དེ་ནས་ཤིག་གི་ཤིག་ཚང་།། ཉིན་མོ་རྐུན་མ་མ་རྐུ།། རྩིག་ཟུར་ཐམས་ཅད་མིག་ཡིན།། ཉི་མ་རིང་དུ་རིང་དུ།། རྩམ་པ་ཞིམ་དུ་ཞིམ་དུ།། ཉི་མ་རྒས་ཁར་དྲོ།། མི་ཚེ་རྒས་ཁར་སྐྱིད།། ཉིན་མོ་ལ་གཉིད་ཉལ།། ཟླ་དཀར་ལ་ཤིག་སྒྲུག ། ཉིན་མོ་ལྷ་ལས་སྤམ།། མཚན་མོ་འདྲེ་ལས་འཚུབ།། ཉིན་བརྒྱ་འཁོར་བའི་མེ་ཏོག་མེད།། ཕྱི་ཐག་རིང་བའི་གྲོགས་པོ་དཀོན།། ཉིན་དཀར་འཚོ་སྐྱོང་བྱེད་པའི་ཕྱུགས་རིགས་མེད།། ནུབ་མོ་སེམས་བག་ཕེབས་པའི་ནོར་རྫས་མེད།། ཉིན་གྱི་ཁ་བ་བཞུ་ཡང་།། སྲིབ་ཀྱི་བ་མོ་མི་ཞུ།། ཉིན་གང་བདེ་མི་འདོད་ན།། ཞོགས་པ་ཇ་ཧྲེང་ཐུངས།། ཉིན་མོའི་ལུས་དེ་མཚན་མོས་ཁྲིད།། ཉིན་མོའི་མི་དང་།། མཚན་མོའི་ཁྱི།། ཉིན་མོ་རི་མགོ་ཐམས་ཅད་མིག ། མཚན་མོ་རྩིག་ཁུག་ཐམས་ཅད་རྣ།། ཉེ་རིང་མེད་པའི་གཏམ་ཞིག་དང་།། ཆེ་ཆུང་མེད་པའི་སྐལ་ཞིག་བགོས།། ཉེ་ས་ནས་ཚོང་མ་རྒྱག ། རྒྱང་ས་ནས་གཏམ་མ་གཏོང་།། ཉེ་ཡ་མ་དམའ།། ཚོང་ཡ་མ་མཐོ།། ཉེས་ཅན་རྒྱ་ཡན་དུ་མ་སོང་བ་དང་།། ཉེས་མེད་ཉེས་ཁུངས་སུ་མ་ཚུད་པ།། ཉེས་པ་ཅན་ལ་ཆད་པ་དང་།། བུག་པ་ཅན་ལ་ལྷན་པ།། ཉོན་མོངས་དུག་གསུམ་ཁ་ནས་བཤད།། མ་རུང་སྡིག་པ་ལག་པས་བསགས།། ཉོས་པའི་རྟ་ཕོ།། བསུས་པའི་མནའ་མ།། གཉན་འབུར་ལྟག་འཕྲོད་སྐྱེས་ན་མི་དེ་ཤི་བར་ཉེ།། གཉིད་སྐྱིད་པ་དང་གཉིད་ལམ་འཇམ་པའི་ཐོག་ནས་ནམ་ལངས་ཐབས།། གཉིད་མ་ལོག་པའི་རྨི་ལམ།། རྟ་མ་བརྒྱུགས་པའི་མགྱོགས་དར།། གཉིད་མི་དགོས་གཉིད་ལམ་དུའང་གཏོང་མི་སྲིད།། གཉིད་མ་ཉལ་གོང་ལ་རྨི་ལམ་བཤད།། གཉིད་སྐྱིད་པོ་ལས།། རྨི་ལམ་འཇམ་པ་དགའ།། གཉེན་དང་ཉེ་བར་ཤག་པོ་གསུམ།། ཨེ་ཕན་བསམས་ནས་བཙལ་བ་ཡིན།། གཉེན་དང་གྲོགས་པོ་མེད་ན།། གཅེར་བུར་ལུས་པའི་ཤིང་སྡོང་འདྲ།། གཉེན་ཚན་བཟང་ཡང་ལྟོ་དུས་གཅིག ། ཞིང་ཆུང་ངན་ཡང་རྒྱབ་འཁུར་གཅིག ། གཉེན་ཚན་ངན་ཀྱང་དགྲ་མགོ་ཐུབ།། མི་ངན་བཟང་ཡང་མཐའ་མཇུག་གནོད།། གཉེན་ཉི་མ་གཉིས་ལ་མཉམ་ལྡེ།། དགྲ་གདོན་འདྲེ་གཉིས་ལ་མཉམ་སྡང་།། གཉེན་མགོ་རྒྱལ་པོ་དང་།། གཉེན་མཇུག་སྤྲང་པོ།། གཉེན་ཉེ་བའི་ཕྱོགས་ལ་དར་ལས་འཇམ།། དགྲ་སྡང་བའི་ཕྱོགས་ལ་ཚེར་ཤིང་འདྲ།། གཉེན་ཉེ་བའི་ཟས་དེ་མང་མི་དགོས།། ཐག་ཆོད་པའི་གཏམ་དེ་མང་མི་དགོས།། གཉེན་པོ་སྦྱར་བདེ།། སྲབ་མོ་འདྲེག་བདེ།། གཉེན་དང་ཉི་མ་རྒྱང་ནས་སྲོས།། མེ་དང་ཨ་མ་འགྲམ་ལ་བསྟེན།། གཉེན་ཟུར་དུ་ཕུད།། དགྲ་པང་དུ་བླངས།། གཉེར་དུས་བསྐོས་ན་བདག་པོའི་ཚུལ།། བསྙབས་ན་ལག་པ་སུ་རིང་།། གཡུགས་ན་གྲི་གུ་སུ་རྣོ།། རྙང་མ་ཉྭ་ལ་འཁྲིལ་ནས་སྡོད་པ།། བརྙས་འདོད་མེད་པའི་བརྐོ་འདོད།། བྲག་ལ་ཤུགས་པ་སྐྱེ་འདོད།། བརྙས་མུ་གེར་བཏགས།། སྣམ་བུ་ཕམ་ཚོང་བརྒྱབས།། སྙིང་རྗེ་རྒས་ནས་ཞེ་སྡང་།། སྙིང་རུས་ཅན་གྱིས་རྡོ་ལ་ཨི་ཁུང་འབིགས།། སྙིང་སྡུག་སྙིང་གི་ཚི་ལུ།། ཐ་མ་སྙིང་གི་ཆུ་རེད།། སྙིང་ཐོག་ལ་སྙིང་འཁེལ་ན།། སྒོ་ངས་རྟ་འཁྱོག ། སྙིང་བྱིའུ་ཡི་སྙིང་ཙམ་ལས་མེད་པར།། དཔའ་བརྟུལ་ཡིན་མདོག་མདོག ། སྙིང་གཏམ་བུ་ལ་བཤད།། དགྲ་བོའི་རྣ་བར་སླེབས།། སྙིང་རུས་ཡོད་ན་དོན་རྣམས་གྲུབ།། སྙིང་མེད་གྲི་རིང་ཕྲེད་གཟེར་དེ།། འགྲམ་ལྕག་རིན་གྱིས་ཉོས་ལེ་རེད།། སྙིང་རྗེ་པོ་སྲན་མའི་མེ་ཏོག ། བཟས་ཚར་ན་གྲོད་ཁོག་སྦོས་མཁན།། སྙིང་རྗེ་ཡུན་རིང་ན།། ཁོང་ཁྲོ་རྒྱུན་མི་ཆད།། སྙིང་གཏམ་མ་བཤད་ན།། གྲོས་འགོ་མི་ཐོན།། སྙིང་རྗེ་པོ་ཙི་ཙིའི་ཕྲུ་གུ ། རྒན་ལོངས་ནས་རས་ཕད་འབིགས་མཁན།། སྙིང་གཏམ་ཟབ་མོ་གྲོགས་ལ་ཡང་མ་ཤོད།། ནོར་མཚང་ཅན་སུ་ལ་ཡང་མ་སྟོན།། སྙོམས་ཆུང་ལ་དབང་ཡོད་མང་།། སྙོམས་ཆུང་མགོ་ལ་སེམས་ཆུང་སྦར་མོ་འགེབས།། སྙིམས་ཆུང་གིས་ཁ་དྲག་ལ་མི་དོ་བའི་ངེས་པ་མེད།། སྙོམས་ཆུང་མགོ་ལ་ཆག་སྒོ་མང་།།
༼ བོད་ལྗོངས་རིག་གནས་དྲ་བ་ལས་བཏུས།   རྩོམ་སྒྲིག་པ། དཀོན་མཚོག་དར་རྒྱས། ༽

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*