དད་སེམས་གཙང་མའི་གདུལ་དབྱངས།

རྩོམ་པ་པོ། མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས།

༸ཆོས་རྗེ་གོ་རམས་པ་བསོད་ནམས་སེངྒེ་མཆོག་གི་འདས་མཆོད་ཀྱི་ཉིན་མོར་བྲིས།

རྒྱ་ཆེན་བསོད་ནམས་ལུས་སྟོབས་རབ་རྒྱས་ཤིང་།།
བདེ་གཤེགས་གསུངས་རབ་སེངྒེའི་ང་རོ་ཡིས།།
ལོག་སྨྲའི་རི་དྭགས་མཐའ་དག་སྐྲག་མཛད་པ།།
ཐུབ་བསྟན་གངས་རི་སྐྱོང་བ་དེ་ལ་འདུད།།
འཇིག་རྟེན་པདྨ་ཅན་གྱི་ཀློང་ཡངས་སུ།།
རྒྱལ་ཀུན་རྣམ་པར་མི་རྟོག་ཡེ་ཤེས་ཐུགས།།
གཅིག་འདུས་རིགས་གསུམ་རྣམ་འཕྲུལ་ཀུན་མཁྱེན་རྗེ།།
ཆོས་རྗེ་གོ་རམས་པ་ལ་བདག་གིས་འདུད།།
བསྟན་པའི་བསླབ་གསུམ་ངུར་སྨྲིག་རྒྱལ་མཚན་མཛེས།།
མཁས་པའི་འཆད་རྩོད་རྩོམ་པས་བསྟན་འགྲོའི་སྐྱོངས།།
དྲི་མེད་རྟོགས་པའི་ཐབས་ཤེས་བློ་གྲོས་ཀྱིས།།
འགྲོ་ཀུན་ཐར་ལམ་འགོད་མཛད་གོ་རམས་རྗེ།།
མདོ་རྒྱུད་ཟབ་མོའི་གནད་ལ་མཁྱེན་རྒྱ་ཡངས།།
བསྟན་འགྲོའི་དཔལ་མགོན་དམ་པ་མངའ་བར་རྙེད།།
འཛམ་གླིང་ཆེ་རྒུ་འདུལ་པའི་མཐུ་རྩལ་ཅན།།
གང་འདུལ་ཐབས་ཀྱིས་དྲངས་བའི་གོ་རམས་རྗེ།།
བཤད་སྒྲུབ་ཟུང་འཇུག་ས་སྐྱའི་ཐུན་མིན་ལུགས།།
གོང་མ་རིམ་པའི་བརྒྱུད་པའི་གདམས་ཟབ་ནོར།།
འཆད་རྩོད་རྩོམ་པས་བསྟན་འགྲོའི་རྒུད་ལ་གསོ།།
བསྟན་འགྲོའི་དཔལ་མགོན་ཆོས་རྗེ་གོ་རམས་རྗེ།།
འཆད་ན་འགྲོ་ཀུན་རེ་དོགས་མུན་པ་སེལ།།
རྩོད་ན་ལྟ་ངན་ཀུན་འཇོམས་གནམ་ལྕགས་མདའ།།
རྩོམ་ན་ཡིད་འཇེབས་དགོས་འདོད་ཀུན་འབྱུང་སྩོལ།།
འཇིགས་མེད་ཕྱོགས་ལས་རྣམ་རྒྱལ་གོ་རམས་རྗེ།།
གང་འདོད་སྤྲུལ་པའི་རོལ་གར་བསྟན་འགྲོའི་མགོན།།
ཐུགས་བརྩེས་ཡང་དག་འོད་གསལ་བདེན་དོན་དབྱིངས།།
བརྩེ་ཆེན་ས་འཛིན་དཀར་པོའི་བསྟན་འགྲོ་འདི།།
ཕྱོགས་ཀུན་ཡང་དག་སྤེལ་བར་སྡོངས་གྲོགས་མཛད།།
རྣམ་དག་ལྷག་བསམ་དད་པའི་གདུང་ཤུགས་ཀྱིས།།
བསླུ་མེད་མཆོག་གསུམ་བདེན་པའི་མཐུ་སྟོབས་དང་།།
ཆོས་རྗེ་གོ་རམས་པ་ཡིས་སྡོངས་གྲོགས་ཀྱིས།།
བདག་གིས་རེ་བའི་ཇི་བཞིན་འགྲུབ་པར་མཛོད།།
༧ ཆོས་རྗེ་གོ་རམས་པ་བསོད་ནམས་སེངྒེ་མཆོག་གི་འདས་མཆོད་ཉིན་མོའི་སྔ་དྲོར་ཀུན་མཁྱེན་གོ་རམས་པའི་བསྟོད་པ་རྒྱ་ཆེན་བསོད་ནམས་ལུས་སྟོབས་རབ་རྒྱས་ཤིང་ཞེས་པའི་ཚིག་བཅད་ངག་ནས་འདོན་གིན་འདོན་གིན་ཤར་མར་བྲིས། མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཀྱིས་རང་གནས་འཇམ་དབྱངས་ཤེས་རབ་དགའ་ཚལ་ནས་དད་གུས་རྩེ་གཅིག་གསོལ་འདེབས་དང་བཅས་སྦྱར། ༢༠༡༦/༢/༢༨ བོད་ཟླ་༡ པའི་ཚེས་༢༡ ཉིན།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*