༸རྗེ་བཙུན་འཇམ་དཔལ་དབྱངས།

འདིར་རྗེ་བཙུན་འཇམ་དཔལ་དབྱངས་ཞེས་ཕྱོགས་བཅུའི་རྒྱལ་སྲས་རྣམས་ཀྱི་ཁྲོད་ན་མཁྱེན་པའི་བདག་ཉིད་ཆེན་པོ་འདི་ཉིད་ཀྱི་སྐུའི་ངོ་སྤྲོད་མདོར་བསྡུས་ཞིག་ཞུ་བ་ལ།


སྤྱིར་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་འདྲ་སྐུར་བཞུགས་སྟངས་དང་། སྐུ་མདོག ཕྱག་རྒྱ་སོགས་མི་འདྲ་བ་མང་པོ་ཡོད་ཀྱང་འདིར་ཕྱོགས་ཙམ་ཞིག་བརྗོད་ན། དེང་སྐབས་ཡོངས་གྲགས་ཀྱི་བླ་མཆོད་དང་། ལམ་རིམ་ཚོགས་ཞིང་སོགས་ལ་སྟོན་པའི་གཡས་གཡོན་དུ་བྱམས་འཇམ་དབྱངས་གཉིས་ཡོད་པའི་ནང་གི་རྗེ་བཙུན་འཇམ་དཔལ་དབྱངས་ནི་སྐུ་མདོག་དམར་སེར། ཞལ་གཅིག་ཕྱག་གཉིས། ཐུགས་ཀར་ཆོས་འཁོར་གྱི་ཕྱག་བརྒྱས་ཨཏྤལའི་མེ་ཏོག་སྡོང་བུ་དང་བཅས་པ་རལ་གྲི་དང་གླེགས་བམ་གྱི་མཚན་པ་འཛིན་པ། འཇམ་དབྱངས་ཆོས་འཁོར་མ་དང་གཅིག་མཚུངས་ཡིན། རྗེ་བཙན་འཇམ་པའི་དབྱངས་ཀྱིས་མེ་ཏོག་ཨུཏྤལ་དང་། རལ་གྲི། གླེགས་བམ་བཅས་བསྣམས་པའི་མཚོན་དོན་ནི། རལ་གྲི་དེ་གདུལ་བྱའི་བློའི་མ་རིག་པ་གཅོད་པར་མཛད་པ་དང་། གླེཊ་བམ་ནི་སེམས་ཅན་ཐམས་ཅད་ལ་ཤེས་བྱའི་གནས་ལུཊ་གསལ་བར་བྱེད་པ། མེ་ཏོག་ཨུཏྤལ་ནི་འཁོར་བའི་འདམ་ལས་སྐྱེས་ཀྱང་འདམ་གྱི་སྐྱོན་མ་གོས་པའི་མཚོན་དོན་ཡིན་ནོ། འཇམ་དབྱངས་ཨ་ར་པ་ཙ་བཞུགས་སྟངས་དང་། སྐུ་མདོག་གོང་ལྟར་ཡིན་པ་ལ། ཕྱག་གཡས་རལ་གྲི་ནམ་མཁར་འཕྱར་བ། ཕྱག་གཡོན་ཨཏྤལའི་མེ་ཏོག་སྡོང་བུ་ཐུགས་དཀར་འཛིན་ཏེ་གླེགས་བམ་གྱི་མཚན་པ། འཇམ་དབྱངས་དཀར་པོ་ནི། ཞལ་གཅིག་ཕྱག་གཉིས། གཡས་མཆོག་སྦྱིན་གྱི་ཕྱག་རྒྱས་ཨུཏྤལའི་མེ་ཏོག་སྡོང་བུའི་སྟེང་རལ་གྲིས་མཚན་པ་ལ། གཡོན་སྐྱབས་སྦྱིན་གྱི་ཕྱག་རྒྱར་ཨུཏྤལའི་མེ་ཏོག་གི་སྟེང་གླེགས་བམ་གྱི་མཚན་པ།འཇམ་དབྱངས་ནག་པོ་ནི་ཞལ་གཅིག་ཕྱག་གཉིས། སྤྱན་གསུམ་པ་ཞབས་རྡོ་རྗེ་སྐྱིལ་ཀྲུང་། ཕྱག་གཡས་རལ་གྲི་ནམ་མཁར་འཕྱར་བ་ལ། གཡོན་སྡིག་མཛུབ་མཛད་པ།འཇམ་དབྱངས་ཕྱག་བཞི་པ་ནི་ཞལ་གཅིག་ཕྱག་བཞི། སྐུ་མདོག་དམར་སེར། ཞབས་རྡོ་རྗེ་སྐྱིལ་ཀྲུང་། ཕྱག་གོང་མ་གཉིས་འཇམ་དབྱངས་ཨ་ར་པ་ཙ་དང་གཅིག་མཚུངས་ཡིན་པ་ལ། ཕྱག་འོག་མ་གཉིས་པོ་གཡས་སུ་མདའ་དང་། གཡོན་དུ་གཞུ་བསྣམས་པ། འཇམ་དབྱངས་སྨྲ་བའི་སེང་གེའི་བཞུགས་སྟངས་ནི། ཞལ་གཅིག་ཕྱག་གཉིས་ཆོས་འཁོར་གྱི་ཕྱག་རྒྱས་ཨུཏྤལའི་མེ་ཏོག་སྡོང་བུ་ལ་རལ་གྲི་དང་གླེགས་བམ་གྱི་མཚན་པར་སེང་གེ་ལ་ཆིབས་པ། ཡང་འཇམ་དཔལ་གཞོན་ནུ་གྱུར་པ་ནི། ཞལ་གཅིག་ཕྱག་གཉིས་ཞབས་རྡོ་རྗེ་སྐྱིལ་ཀྲུང་ཕྱག་གཡས་རལ་གྲི་འཕྱར་བར། གཡོན་དུ་གླེགས་བམ་ཐུགས་ཀར་འཛིན་པ། དུ་དུང་འཇམ་དབྱངས་ཕྱི་ནང་གསང་གསུམ་སོགས་མང་པོ་ཡོད།རྗེ་བཙུན་འཇམ་དཔལ་དབྱངས་དེ་སྔོན་བསྐལ་པ་གྲངས་མེད་པ་བརྒྱ་སྟོང་གངྒའི་ཀླུང་གི་བྱེ་མ་སྙེད་ཕྲག་བདུན་འདས་པ་དེའི་ཡང་ཕ་རོལ་ནས། འཇིག་རྟེན་གྱི་ཁམས་འབྱུང་བ་བཟང་པོ་ཞེས་པར་དེ་བཞིན་གཤེགས་པ་འབྲུག་སྒྲའི་དབྱངས་ཀྱི་རྒྱལ་པོ་ཞེས་པ་འཇིག་རྟེན་དུ་བྱོན་པའི་ཚེ། རྗེ་བཙུན་འཇམ་དབྱངས་འདི་ཉིད་འཁོར་ལོས་སྒྱུར་བའི་རྒྱལ་པོ་ནམ་མཁའ་ཞེས་པར་གྱུར་པ་ན་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ཚུལ་སོགས་མང་དུ་ཡོད་ཀྱང་འདིར་བརྗོད་ཀྱི་མི་ལང་། རྗེ་བཙུན་འཇམ་དཔལ་དབྱངས་ནི་རྒྱ་བོད་ཀྱི་མཁས་གྲུབ་མང་པོས་ཡི་དམ་གྱི་ལྷར་བསྟེན་ནས་འཆད་རྩོད་རྩོམ་གསུམ་མཐར་ཕྱིན་པར་གྱུར་བའི་ལོ་རྒྱུས་དུ་མ་ཡོད་པས། རང་ཅག་རྣམས་ཀྱིས་ཀྱང་རྗེ་བཙུན་འཇམ་དཔལ་དབྱངས་འདི་ཉིད་ཡིད་དམ་གྱི་ལྷར་བཟུང་ནས་ཚུལ་བཞིན་སྟེན་ན་ཤེས་རབ་འཕེལ་བར་འགྱུར་བ་ལགས་སོ། །

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*