རང་རིག་ལ་དཔྱད་པ།

རང་རིག་ལ་དཔྱད་པ།

རྩོམ་པ་པོ། མཁན་དགེ་འདུན་རབ་རྒྱས།

རང་རིག་སྐོར་ལ་རགས་ཙམ་དཔྱད་པ།

རྒྱལ་གསུངས་ཆོས་ཚུལ་དྲི་མེད་ཐེག་མཆོག་མཚོ། །
གཅིག་ཏུ་འཐུང་ལ་སྤོབས་པའི་གཏེར་གྲོལ་བའི། །
འཇམ་དབྱངས་མི་ཕམ་རྣམ་པར་རྒྱལ་བའི་སྡེས། །
དུས་ཀུན་རྣམ་འབྱེད་ཤེས་རབ་སྣང་བ་སྩོལ། །

དེ་ལ་འདིར་རང་རིག་གི་སྐོར་ལ་རགས་ཙམ་དཔྱད་པ་ལ། རང་རིག་གི་ངོ་བོ་ངོས་བཟུང་བ་དང་། ཐེག་ཆེན་དབུ་སེམས་གཉིས་ཀའི་ལུགས་ལ་ཤེས་པ་ཡིན་ན་རང་རིག་ཡིན་པས་ཁྱབ་ཚུལ་བཤད་པ་གཉིས་ལས། དང་པོ་ནི།དབུ་མ་རྒྱན་ལས། བེམ་མིན་རང་བཞིན་གང་ཡིན་པ། །དེ་འདི་བདག་ཉིད་ཤེས་པ་ཡིན། །ཞེས་དང་།རྣམ་འགྲེལ་ལེའུ་གསུམ་པར། དེས་ན་ཉམས་མྱོངས་བྱ་གཞན་མེད། །དེ་ལའང་མྱོང་བ་གཞན་ཡོད་མིན། །དེར་ཡང་བརྩད་པ་མཚུངས་ཕྱིར་ཏེ། །དེ་ནི་རང་ཉིད་གསལ་བ་ཡིན། །ཞེས་གསུངས་པ་བཞིན། མྱོང་བ་གསལ་རིག་གི་ངོ་བོར་སྐྱེས་པ་རང་རིག་གི་མཚན་ཉིད། འདིའི་དོན་ནི་རང་ཉིད་ཆོས་གང་རུང་གི་རྣམ་པར་སྐྱེས་པ་ལ་གསལ་བ་དང་། དེ་ཉིད་རང་གིས་མྱོང་བ་ལ་རིག་པ་ཞེས་བྱའོ། །དེ་ལྟར་ཡང་། འཇམ་མགོན་མི་ཕམ་པའི་དབུ་མ་རྒྱན་གྱི་རྣམ་བཤད་ལས། དེས་ན་མྱོང་བ་གསལ་རིག་གི་ངོ་བོར་སྐྱེས་པ་ལ་རང་རིག་ཅེས་བཏགས་པ་ཡིན་པས། ཞེས་སོ།།

གཉིས་པ་ལ། འཐད་པ་བཞག་པ། དེ་ལ་དོགས་པ་སྤང་བ། མི་འཐད་པ་དགག་པ་དང་གསུམ་ལས། དང་པོ་ནི།གོང་དུ་བཤད་པའི་མཚན་ཉིད་དེ་ཤེས་པ་ཐམས་ཅད་ལ་ལྡན་པ་དང་། ཐེག་ཆེན་གྱི་གྲུབ་མཐའ་སྨྲ་བ་ཀུན་ཀྱི་ལུགས་ལའང་སྣང་བ་ཐམས་ཅད་སེམས་སུ་ཁས་ལེན་པ་གང་ཞིག །སྣང་བ་དེ་ནི་རང་སྣང་ཙམ་ལས་མ་འདས་པར་དངོས་སྟོབས་ཀྱིས་གྲུབ་པས་ཤེས་ཀུན་རང་རིག་ཏུ་གྲུབ་པའོ། །དེ་ལ་སྒྲུབ་བྱེད་ཀྱི་རིགས་པ་གཙོ་བོ་ནི། ཤེས་པ་ལ་ཚུལ་གཉིས་ཡོད་པ་དང་། དུས་ཕྱིས་སྔར་མྱོང་བ་སླར་དྲན་དུ་ཡོད་པས་ཡིན་ཏེ། སྤྱིར་ཤེས་ཀུན་ཡུལ་གང་རུང་གི་རྣམ་པར་སྐྱེས་པ་ལ་གཟུང་རྣམ་དང་། གཟུང་རྣམ་དེ་མཐོང་བ་ལ་འཛིན་རྣམ་ཞེས་ཚུལ་གཉིས་སུ་ལྡོག་པའི་སྒོ་ནས་དབྱེར་ཡོད་ཅིང་དོན་དུ་གཟུང་རྣམ་དེ་ཡང་འཛིན་རྣམ་ཉིད་ཡིན་པའི་ཕྱིར་དང་། དེ་བཞིན་དུ་དུས་ཕྱིས་སྔར་མྱོང་བ་དྲན་དུ་ཡོད་པའི་ཕྱིར་ན་ཤེས་པ་རང་གིས་རང་མྱོང་བའམ་རང་གིས་རང་རིག་པའི་རང་རིག་མངོན་སུམ་དུ་གྲུབ་བོ། །དེ་ལྟར་ཡང་།རྣམ་འགྲེལ་ལེའུ་གསུམ་པར། ཡོངས་གཅོད་ནང་ཡིན་ཕྱི་རོལ་ལྟར། །གནས་པ་འདི་ནི་ཆ་གཞན་ཡིན། །ཞེས་སོ།།དེ་ཉིད་རང་ལུགས་སུ་ཁས་ལེན་པ་ཡང་། དབུ་མ་རྒྱན་གྱི་རྣམ་བཤད་ལས། སྤྱིར་ཤེས་པ་ཡིན་ན་ངོ་བོའི་དབང་དུ་བྱས་ཏེ་རང་གིས་རང་རིག་པ་ཡིན་པས་ཁྱབ་ཀྱང་། གཟུང་འཛིན་གཉིས་སུ་ཕྱེ་བའི་འཛིན་རྣམ་ལ་རང་རིག་ཏུ་བཞག་པའི་ལྡོག་ཆ་ནས་དེ་ཡིན་པས་མ་ཁྱབ་པ་ལྟ་བུར་སྣང་བ་སོགས་ཤེས་པར་བྱའོ། །ཞེས་དང་།དམ་ཆོས་དོགས་སེལ་ལས། ཤེས་པ་ཡིན་ན་རང་རིག་ཡིན་པས་ཁྱབ་ན། ཤེས་པ་ཡིན་ན་རྟོག་མེད་ཡིན་པས་ཁྱབ་ཟེར་བ་ནི། རང་རིག་རྟོག་མེད་ཅེས་པ་ཙམ་ཞིག་གོ་མྱོང་ནས་རང་རིག་གི་དོན་ཅི་ཡང་མ་ངེས་པའི་རྣམ་འགྱུར་ཏེ། རྟོག་བཅས་ཀྱི་ཤེས་པའང་ཕྱི་རོལ་ཡུལ་ལ་ལྟོས་ཏེ་རྟོག་བཅས་ཡིན་ཡང་ནང་རང་རིག་པའི་ཆ་ནས་རྟོག་མེད་ཡིན་པ་འགལ་བ་མེད་དོ། །ཞེས་ཆོས་ཀྱི་གྲགས་པའི་གཞུང་ན་རྒྱ་ཆེར་བཤད་པ་ད་སྔ་མ་ཐོས་པ་འདི་ན་གསལ་ཏེ། ད་ལྟོས་ལ་གཟོད་མཁས་པ་གཞན་དང་གླེང་ན་མི་མཛེས་སམ། དེས་ན་ཐལ་བ་དེ་འདྲ་བ་ནི། བུམ་པ་ཡིན་ན་མི་རྟག་པ་ཡིན་པས་ཁྱབ་ན། བུམ་པ་ཡིན་ན་ལྡན་མིན་འདུ་བྱེད་ཡིན་པས་ཁྱབ་པར་ཐལ་ཟེར་བ་ལྟ་བུའི་བྱིངས་མ་གོ་བའི་རྣམ་འགྱུར་གྱི་ཚིག་འདི་འདྲ་བ་འཛེམ་པ་མེད་པར་ངོ་མཐོན་དུ་སུ་ཞིག་གིས་སྨྲ་བཅུག །ཅེས་དང་།ལེགས་བཤད་སྣང་གཏེར་ལེའུ་གསུམ་པར།དེས་ན་ཕྱི་དོན་ཡོད་པ་ལྟར་སྣང་བའི་ངོར་ཁ་ཕྱིར་བལྟས་དང་ནང་བལྟས་ཀྱི་ཚུལ་གཉིས་སུ་ཕྱེ་བ་དང་། བསླད་པའི་སྣང་བ་ལ་ལྟོས་ནས་གཟུང་འཛིན་གཉིས་སུ་ཕྱེ་བ་ལྟར་ཐ་དད་པའི་ཚུལ་དུ་བཤད་ན་ཡང་། ཤེས་པ་ཁ་ཕྱིར་བལྟས་ཏེ་ཤེས་པ་ལས་གཞན་པའི་ཡུལ་མྱོང་བའང་མེད་ལ། གཟུང་རྣམ་ལས་གཞན་པའི་འཛིན་རྣམ་ཡན་གར་དུ་མེད་པའི་ཕྱིར་དོན་རིག་པར་འདོད་པ་དེ་ཡང་དོན་དམ་པར་རང་རིག་དེ་ཡི་བདག་ཉིད་ཡིན་པའི་ཕྱིར། ཤེས་པས་ཉམས་སུ་མྱོང་བ་ཐམས་ཅད་ནི་ཤེས་པ་ཉིད་དེ་དང་དེར་གསལ་ཙམ་གྱི་རང་རིག་པ་ལས་རྣམ་པ་ཀུན་ཏུ་མི་འདའ་བའི་ཕྱིར་རོ། །འདི་དག་གི་ཤན་ལེགས་པར་མ་ཕྱེད་ན་བློ་ཐམས་ཅད་རང་རིག་ཏུ་འགྱུར་ཚུལ་མི་ཕྱེད་པས་ཞིབ་ཏུ་བསམ་པར་བྱ་བ་གལ་ཆེའོ། །ཞེས་དང་།དེ་ཉིད་ལས། གཉིས་སུ་སྣང་ཡང་དོན་ལ་གཉིས་སུ་མེད་པར་བློ་གཅིག་ཉིད་དེར་སྣང་བ་ཙམ་དུ་ཟད་པས་འཛིན་རྣམ་ཡན་གར་བ་རང་རིག་ཏུ་འགྱུར་གྱི་གཟུང་རྣམ་ལ་རང་རིག་མེད་པ་དང་། འཛིན་རྣམ་ལ་འཛིན་རྣམ་གཞན་མེད་ཀྱང་རང་རིག་མེད་པར་མི་འགྱུར་བའི་རྣམ་གཞག་ཐམས་ཅད་བདེ་བླག་ཏུ་གྲུབ་པ་ཡིན་ཏེ། ཞེས་དང་།དེ་ཉིད་ལས། དེ་ཕྱིར་རང་རིག་གམ་ཤེས་པ་དེ་ཡི་ངོ་བོ་ལ་རྟོག་པ་དང་རྟོག་མེད་ཀྱི་ཡུལ་གང་སྣང་ཡང་ཐམས་ཅད་ཀུན་རང་རིག་པའི་མངོན་སུམ་དུ་འགྱུར་བས་རང་རིག་མངོན་སུམ་གྱིས་མ་བསྡུས་པའི་ཤེས་པ་གང་ཡང་མི་སྲིད་དོ། །ཞེས་སོ།།

གཉིས་པ་ནི།ཁ་ཅིག་ན་རེ། དེ་ལྟར་ན་རྟོག་པའང་རང་རིག་མངོན་སུམ་དུ་ཐལ་བ་དང་། གཟུང་རྣམ་དེ་ཡང་འཛིན་རྣམ་དང་རང་རིག་ཏུ་ཐལ་བ་དང་། ཤེས་ཀུན་མངོན་སུམ་དུ་ཐལ་ལོ་ཟེར་ན།སྔ་མ་གཉིས་ནི་འདོད་པ་ཡིན་ཏེ། རྟོག་པའང་རང་གི་གཟུང་རྣམ་དོན་སྤྱི་དེར་རང་རིག་པའི་མངོན་སུམ་ཡིན་པའི་ཕྱིར་དང་། གཟུང་རྣམ་ཡང་འཛིན་རྣམ་དང་ངོ་བོ་རྫས་གཅིག་ཡིན་པའི་ཕྱིར་རོ། །འོན་ཀྱང་ཤེས་ཀུན་མངོན་སུམ་དུ་ཐལ་བའི་གནོད་པ་ནི་མེད་དེ། རྟོག་པ་ཐམས་ཅད་ཁ་ནང་བལྟས་རང་ལ་མངོན་སུམ་ཡིན་ཡང་ཁ་ཕྱིར་བལྟས་ཀྱི་ཤེས་པ་གང་ཞིག །ཕྱི་རོལ་གྱི་དོན་ལ་རྟོག་པ་ཡིན་པའི་ཕྱིར་རོ།།གྲུབ་སྟེ། དེས་ན་ཀུན་བཏུས་རང་འགྲེལ་ལེའུ་དང་པོར། རྟོག་པའང་རང་རིག་ཉིད་དུ་འདོད། །དོན་ལ་མ་ཡིན་དེ་རྟོག་ཕྱིར། །དེ་ཡུལ་ལ་ནི་འདོད་ཆགས་ལ་སོགས་པ་ཉིད་བཞིན་དུ་མངོན་སུམ་མ་ཡིན་ཡང་རང་རིག་གོ་ཞེས་བྱ་བའི་སྐྱོན་ནི་མེད་དོ། །ཞེས་དང་།རྣམ་འགྲེལ་ལེའུ་གསུམ་པར། ཤེས་གང་གང་ལ་སྒྲ་དོན་འཛིན། །དེ་ནི་དེ་ལ་རྟོག་པ་ཡིན། །རང་གི་ངོ་བོ་སྒྲ་དོན་མིན། །དེ་ཕྱིར་དེ་ལ་ཀུན་མངོན་སུམ། །ཞེས་གསུངས་པ་ཡིན་པའི་ཕྱིར་རོ།།དེ་ལ་ཁོ་ན་རེ། དེ་ལྟར་ན་རྣམ་འགྲེལ་ལེའུ་གསུམ་པར། དེའི་ཚེ་དོན་སྣང་འདི་ཉིད་ནི། །ཚད་ཡིན་ཡོད་དུ་ཟིན་ཀྱང་ནི། །དོན་གཞན་མིན་ཕྱིར་ཕྱི་རོལ་ལ། །འཛིན་བདག་ལྟོས་པར་བྱ་བ་མིན། །ཞེས་གཟུང་རྣམ་ཕྱི་རོལ་ལ་ཚད་མ་ཡིན་ཀྱང་འཛིན་རྣམ་མིན་པར་གསུངས་པས་རྣམ་པ་དེ་གཉིས་དོན་གཅིག་ཏུ་ཇི་ལྟར་འཐད་ཟེར་ན།སྐྱོན་མེད་དེ། དེ་ནི་དེའི་འཐད་ཀྱི་ལེགས་བཤད་སྣང་གཏེར་གྱི་ས་བཅད་དུ། བསམ་པའི་དབང་གིས་འཛིན་རྣམ་མིན། །ཞེས་གསུངས་པ་ལྟར་ཚུལ་གཉིས་ཀྱི་དོན་སྤྱི་སོ་སོར་སྣང་བའི་བློ་རྟོག་པའི་བསམ་པའི་དབང་གིས་ཕན་ཚུན་སོ་སོར་འཇོག་པའི་དོན་ཡིན་པའི་ཕྱིར་ཏེ། ཕྱི་རོལ་གྱི་ཡུལ་མཐོང་བའི་ཆ་ནས་གཟུང་རྣམ་དང་། གཟུང་རྣམ་དེ་མཐོང་བའི་ཆ་ནས་འཛིན་རྣམ་དུ་བཞག་པས་རྟོག་པ་དེའི་ངོར་གཅིག་ཏུ་མི་གྱུར་པའི་དོན་ཡིན་པའི་ཕྱིར། དཔེར་ན་བྱས་མི་རྟག་དོན་གཅིག་ཀྱང་རྟོག་པའི་དབང་གིས་བྱས་པ་སྐྱེ་བའི་ཆ་ནས་བཞག་པས་རྟོག་པ་དེས་འགག་པའི་ཆར་མི་གོ་བ་བཞིན་ནོ།།

ཡང་ཁ་ཅིག་ན་རེ། རྣམ་གཞག་འདི་སེམས་ཙམ་པའི་ལུགས་ལ་རུང་ཡང་། དབུ་མ་ཐལ་འགྱུར་པས་དེ་ལྟར་ཁས་ལེན་ནོ་ཞེས་པ་མི་འཐད་དེ། འཇུག་པ་དང་། སྤྱོད་འཇུག་སོགས་ལས་རང་རིག་རྒྱ་ཆེར་བཀག་པའི་ཕྱིར་རོ་ཟེར་ན།རྟགས་དེ་མ་གྲུབ་སྟེ། དེ་དག་ཏུ་བསྟན་པའི་རིགས་པ་དག་གིས་ནི་སེམས་ཙམ་མངོན་པའི་ང་རྒྱལ་ཅན་རྣམ་ཀྱིས་གཉིས་སྟོང་གི་ཤེས་པ་རང་རིག་རང་གསལ་ལམ་གཞན་དབང་མཐར་ཐུག་པ་དེ་བདེན་གྲུབ་ཏུ་འདོད་པ་དེ་འགོག་གི་ཐ་སྙད་ཙམ་དུ་རང་རིག་འགོག་པ་མ་ཡིན་པའི་ཕྱིར། གྲུབ་སྟེ། དེ་ལྟར་ཡང་། འཇུག་པའི་སེམས་བསྐྱེད་དྲུག་པར་ཕྱོགས་སྔ་སེམས་ཙམ་པའི་འདོད་པ་བརྗོད་པའི་སྐབས་སུ་གསལ་བར་མ་ཟད།
དེ་ཉིད་ལས། གང་ཚེ་ང་ལ་རྨི་ལམ་ན་ཡང་སེམས། །ཡོད་མིན་དེ་ཚེ་ཁྱོད་ཀྱི་དཔེ་ཡོད་མིན། །ཞེས་དང་།
སངས་རྒྱས་རྣམས་ཀྱིས་ནི། །འགར་ཡང་དངོས་པོ་ཡོད་ཅེས་མ་བསྟན་ཏོ། །ཞེས་དང་།
གལ་ཏེ་ཕྱི་དུས་དྲན་པ་ལས་གྲུབ་ན། །མ་གྲུབ་བསྒྲུབ་པར་བྱ་ཕྱིར་བརྗོད་པ་ཡི། །མ་གྲུབ་དེ་ནི་སྒྲུབ་པར་བྱེད་པ་མིན། །ཞེས་དང་།
སློབ་དཔོན་ཀླུ་སྒྲུབ་ཞབས་ཀྱི་ལམ་ལས་ནི། །ཕྱི་རོལ་གྱུར་ལ་ཞི་བའི་ཐབས་མེད་དོ། །ཞེས་སོགས་འགོག་བྱེད་གསུངས་པ་ལས་ཀྱང་དཔོག་ནུས་པའི་ཕྱིར།
དེའང་གྲུབ་སྟེ། ལུང་དང་པོས། རྨི་ལམ་ན་སེམས་ཡོད་པར་དོན་དཔྱོད་རིགས་པས་མ་གྲུབ་པས་དེ་ཉིད་གཞན་དབང་བདེན་གྲུབ་ཀྱི་དཔེར་མི་འཐད་པར་གསུངས་པའི་ཕྱིར་ཏེ། གཞན་དུ་སློབ་དཔོན་ཟླ་བས་རྨི་ལམ་ན་སེམས་ཡོད་པར་ཡང་ཞལ་བཞེས་མི་གནང་བར་ཐལ་ཞིང་། དེ་ལྟར་ན་ས་གཉིས་པ་ནས་རྨི་ལམ་དུའང་འཆལ་ཁྲིམས་ཀྱི་དྲི་མ་སྤངས་ཚུལ་བཤད་པ་སོགས་དང་འགལ་བའི་ཕྱིར་དང་།
ལུང་གཉིས་པས། སངས་རྒྱས་ཀྱིས་ཀྱང་ཕྱི་ནང་གི་ཆོས་འགའ་ཡང་བདེན་གྲུབ་ཡོད་པར་མ་གསུངས་ཞེས་བདེན་གྲུབ་ཏུ་འདོད་པ་ལ་གནོད་པ་སྟོན་པའི་དོན་དུ་གསུངས་པའི་ཕྱིར་ཏེ། གཞན་དུ་སེམས་བསྐྱེད་པ་བཅུ་པར་ཕུང་ཁམས་སྐྱེ་མཆེད་རྟེན་འབྲེལ་སོགས་ཀྱི་མཚན་ཉིད་བཞག་པ་སངས་རྒྱས་ཀྱི་དགོངས་པར་བཤད་པ་དང་འགལ་བའི་ཕྱིར་དང་།
ལུང་གསུམ་པས། མ་གྲུབ་པ་རང་རིག་བདེན་གྲུབ་བསྒྲུབ་པར་བྱ་བའི་ཕྱིར་དུ་དྲན་པ་བདེན་གྲུབ་བཀོད་ན་དེ་ཡང་མི་འཐད་པར་བསྟན་པའི་ཕྱིར་ཏེ། གཞན་དུ་ཚིག་དེའི་མཇུག་ཐོག་ཏུ། གང་ཕྱིར་གང་གིས་ཡུལ་མྱོང་འགྱུར་དེ་ལས། །དྲན་པ་འདི་གཞན་ང་ལ་ཡོད་མིན་པ། །དེ་ཕྱིར་ང་ཡིས་མཐོང་སྙམ་དྲན་འགྱུར་ཏེ། །འདི་ཡང་འཇིག་རྟེན་ཐ་སྙད་ཚུལ་ལུགས་ཡིན། །ཞེས་ཐ་སྙད་དུ་དྲན་པ་ཞལ་གྱིས་བཞེས་པ་དང་འགལ་བའི་ཕྱིར་དང་།
ལུང་བཞི་པས། ཕྱོགས་སྔ་དེས་གཞན་དབང་གི་ཤེས་པ་མཐར་ཐུག་རང་རིག་རང་གསལ་བདེན་གྲུབ་ཏུ་འདོད་པས་མཐར་ཐུག་གི་ཐར་པ་མེད་པར་བསྟན་པ་གང་ཞིག །སེམས་ཙམ་པའི་སློབ་དཔོན་ཐོགས་མེད་ལྟ་བུ་ཐེག་ཆེན་འཕགས་པར་ཡོངས་གྲགས་དང་། གཞན་ཡང་སློབ་དཔོན་དབྱིག་གཉེན་དང་། ཕྱོགས་གླང་ཡབ་སྲས་སོགས་སེམས་ཙམ་པའི་སློབ་དཔོན་དག་གི་གཞུང་ན་ཆོས་ཀུན་བདེན་མེད་དུ་སྒྲུབ་པའི་རིགས་པ་ཡོད་བཞིན་དེ་དག་ལ་ཐར་བ་མེད་པར་སྨྲ་ན་སྐུར་འདེབས་སུ་འགྱུར་བའི་ཕྱིར། དེས་ན་སེམས་ཙམ་པ་ཡིན་ན་རིགས་པ་དེ་དག་གི་སྔ་རྒོལ་ཡིན་པས་མ་ཁྱབ་པར་ཤེས་ནུས་སོ།།
གྲུབ་སྟེ། དེའང་རྣམ་འགྲེལ་ལེའུ་གསུམ་པར། གང་གིས་དངོས་པོ་རྣམ་དཔྱད་ན། །དེ་ཉིད་དུ་ན་དེ་དངོས་མེད། །གང་གི་ཕྱིར་ན་དེ་དག་ལ། །གཅིག་དང་དུ་མའི་རང་བཞིན་མེད། །ཅེས་ཆོས་ཀུན་བདེན་པར་མེད་པའི་ཚུལ་གཅིག་དུ་བྲལ་གྱི་རིགས་པས་བསྒྲུབས་ཤིང་།
རྣམ་ངེས་ལེའུ་དང་པོའི་མཇུག་ཏུའང་འདི་མཚུངས་སུ་གསུངས་པ་སོགས་དང་། འཇུག་པ་སོགས་ལས་སེམས་ཙམ་འགོག་པའི་སྐབས་ཀྱི་སྔ་རྒོལ་གྱི་འདོད་པ་དང་། འགོག་བྱེད་ཀྱི་རིགས་པ་འགྲོ་ཚུལ་ལ་ཞིབ་ཏུ་བསམ་པར་བྱས་ན་གནད་ཐམས་ཅད་རང་གྲོལ་དུ་འགྱུར་བའི་ཕྱིར་རོ།།

ཡང་ཁ་ཅིག་ན་རེ། ཐལ་འགྱུར་བའི་ལུགས་ལ་དྲན་པའི་རྟགས་ཀྱིས་རང་རིག་གྲུབ་པ་མི་འཐད་པར་ཐལ། སེམས་ཙམ་པས་རང་རིག་མེད་ན་དྲན་པ་མི་འཐད་པར་རྩོད་པའི་ལན་དུ། སྤྱོད་འཇུག་ལས། གཞན་མྱོང་བ་དང་འབྲེལ་བ་ལས། །དྲན་འགྱུར་ཕྱི་བའི་དུག་བཞིན་ནོ། །ཞེས་རང་རིག་མེད་ཀྱང་དྲན་པ་ཡོད་ཚུལ་དཔེའི་སྒོ་ནས་བཤད་པས་སོ་ཟེར་ན།རྟགས་དེའང་མ་གྲུབ་སྟེ། ལུང་དེས་ནི་སྔ་རྒོལ་སེམས་ཙམ་པ་མངོན་པའི་ང་རྒྱལ་ཅན་དེས་དྲན་པའི་མིང་ཐོགས་ཚད་ལ་རང་རིག་གི་འབྲས་བུར་འཁྲུལ་ཏེ་སྒྲུབ་བྱེད་དུ་བཀོད་པ་ལ་མ་ངེས་པར་བསྟན་པ་ཙམ་ཡིན་པའི་ཕྱིར་ཏེ། དེ་ལ་དྲན་པའི་མིང་འཇུག་པ་ཙམ་གྱིས་དེ་རིག་པའི་རང་རིག་ལས་བྱུང་བར་མ་ངེས་པའི་དཔེར། དགུན་དུས་དུག་ཅན་གྱི་ཕྱི་བས་རྨུགས་པའི་སྐབས་སུ་དུག་མ་མྱངས་ཀྱང་ཕྱིས་འབྲུག་སྒྲས་དུག་བསླངས་པ་ན་རྨུགས་པ་དྲན་པ་དང་ལྷན་དུ་དུག་ཞུགས་སོ་སྙམ་དུ་འདས་པར་རྟོག་པ་ཙམ་གྱི་དྲན་པ་ཡོད་ཆོག་པར་བཀོད་པ་ཡིན་པའི་ཕྱིར་རོ།།
གྲུབ་སྟེ། དེ་ལྟར་ཡང་རྣམ་འགྲེལ་ལེའུ་གསུམ་པར། འདས་པ་ལ་ནི་དྲན་པར་འགྱུར། །མྱོང་བ་མེད་ལ་དེ་ཇི་ལྟར། །ཞེས་པའི་དོགས་སྤོང་དུ་ལེགས་བཤད་སྣང་གཏེར་ལས། འོ་ན་སྔར་འདས་པའི་འཁོར་ལོའི་སྒྱུར་བ་དང་སངས་རྒྱས་ལ་སོགས་པ་ཇི་ལྟར་དྲན་ཞེ་ན། དེ་འདྲ་ལ་དྲན་པ་ཞེས་མི་བྱ་སྟེ། འདས་པའི་དུས་ཀྱི་དངོས་པོ་ལ་རྟོག་པ་ཞེས་བྱའོ། །དེ་འདྲ་བ་ནི་མ་འོངས་པའི་དངོས་པོ་ལ་ཡང་ཡོད་པ་ཡིན་ནོ། །སྐབས་འགའ་ཞིག་ཏུ་འདས་པའི་རྟོག་པ་ཐམས་ཅད་ལ་དྲན་པའི་མིང་གིས་བཏགས་པ་ཡོད་ན་ཡང་སྐབས་འདིར་བཤད་པ་རང་གིས་ཉམས་སུ་མྱོང་བ་དྲན་པ་དང་མི་འདྲ་སྟེ། བྱེ་བྲག་གི་མིང་སྤྱི་ལ་བཏགས་པ་ཙམ་དུ་ཤེས་པར་བྱའོ། །ཞེས་དང་།
ཀུན་བཏུས་ལེའུ་དང་པོར། དྲན་དང་མངོན་འདོད་ཅེས་བྱ་འོ། །ཞེས་འདས་པ་འཛིན་པའི་རྟོག་པ་ལ་དྲན་པ་དང་། མ་འོངས་པ་འཛིན་པའི་རྟོག་པ་ལ་མངོན་འདོད་ཅེས་བཤད་པ་ལྟ་བུ་ལ་གོ་དགོས་པས། དེ་འདྲའི་དྲན་པ་ཡོད་ན་དེའི་བཟུང་བའི་དོན་སྔར་མྱོང་བ་སྔོན་དུ་སོང་བས་མ་ཁྱབ་པས་སོ།།

ཚུལ་འདི་ཡང་། འཇམ་མགོན་མི་ཕམ་རིན་པོ་ཆེའི་མདོ་སྡེ་རྒྱན་གྱི་རྣམ་བཤད་ལས། དེ་ཡང་སེམས་ཙམ་པའི་ལུགས་འདིས་ཆོས་ཐམས་ཅད་སེམས་ཀྱི་སྣང་བ་ཙམ་ལས་གཞན་དུ་མེད་པར་སྨྲ་ཞིང་། སྣང་གཞི་གཞན་དབང་གི་རྣམ་ཤེས་གསལ་རིག་ཙམ་རྫས་སུ་ཡོད་པར་འདོད་པ་ཡིན་ལ། འདོད་ཚུལ་དེའི་ཞེ་འདོད་མཐར་དེད་ན། ཤེས་པ་དེ་ཐ་སྙད་ཐམས་ཅད་སྣང་བའི་རྒྱུ་ཡིན་པའི་རྫས་ཡོད་ཙམ་དུ་འདོད་པ་ལས་དོན་དམ་བདེན་གྲུབ་ཀྱི་རྫས་ཡོད་དུ་མི་འདོད་ན་དབུ་མའི་ལུགས་དང་འགལ་བ་གང་ཡང་མེད་ལ། དོན་དམ་པར་བདེན་གྲུབ་ཏུ་འདོད་ན་དབུ་མའི་ལུགས་དང་འགལ་བ་ཡིན་པས་ཁྱད་འདི་ཙམ་ཞིག་གིས་དབུ་མ་དང་འགལ་མི་འགལ་དཔྱད་བྱར་སྣང་མོད། ཅེས་དང་།
གཟུང་འཛིན་གཉིས་སྣང་གི་རྒྱུ་ཀུན་གཞིའི་རྣམ་ཤེས་ཐ་སྙད་དུ་རྫས་སུ་ཡོད་པར་བཞེད་ཀྱང་དེ་གཉིས་སུ་མ་གྲུབ་བཞིན་སྣ་ཚོགས་སུ་སྣང་བ་ཡིན་པས། སྒྱུ་མ་ལ་སོགས་པ་དང་འདྲ་བར་གསུངས་པའི་ཕྱིར། ལུགས་འདིས་གཉིས་སྟོང་གི་ཤེས་པ་དེ་ལ་བདེན་གྲུབ་ཀྱི་དངོས་པོ་དང་མཚན་མ་མེད་པར་ཤིན་ཏུ་རྟོགས་རིགས་པའི་ཕྱིར། དབུ་སེམས་ཀྱི་ཤིང་རྟ་ཆེན་པོ་དག་མཐར་ཐུག་གི་དགོངས་པ་མཐུན་པར་གཟུང་བར་བྱའོ། །ཞེས་དང་།
འོ་ན་དབུ་མའི་སློབ་དཔོན་རྣམས་ཀྱིས་སེམས་ཙམ་པའི་གྲུབ་མཐའ་ལ་དགག་པ་ཅིའི་ཕྱིར་མཛད་ཅེ་ན། དེ་ནི་སེམས་ཙམ་གྱི་གྲུབ་མཐའ་སྨྲ་བ་མངོན་པའི་ང་རྒྱལ་ཅན་དག་སེམས་ཙམ་གྱི་སྐབས་སུ་ཕྱི་དོན་མེད་ཀྱི་སེམས་རྫས་སུ་ཡོད་ཅེས་པ། ཐག་པ་སྦྲུལ་གྱིས་སྟོང་ཡང་ཐག་པས་མི་སྟོང་པ་ལྟར། ཐ་སྙད་ཀྱི་དབང་དུ་བྱས་ཏེ་ཁས་ལེན་ཚུལ་ཡིན་པར་མ་གོ་ནས་གཉིས་སྟོང་གི་རྣམ་ཤེས་ལ་དོན་དམ་པར་བདེན་གྲུབ་ཏུ་ཞེན་པའི་གྲུབ་མཐའ་སུན་དབྱུང་བ་ཡིན་གྱི། སངས་རྒྱས་ཀྱིས་བསྟན་པའི་སེམས་ཙམ་གྱི་ལམ་ཚུལ་བཞིན་མངོན་པར་རྟོགས་པའི་འཕགས་པ་ཐོགས་མེད་ཀྱི་དགོངས་པ་བཀག་པ་མིན་པར་སྨྲའོ། །ཞེས་གསལ་བར་གསུངས་པ་བཞིན་ཡིན་པའི་ཕྱིར་རོ།།

ཡང་ཁ་ཅིག་ན་རེ། དེའང་མི་འཐད་པར་ཐལ། གལ་ཏེ་དེ་ལྟར་དབུ་སེམས་གཉིས་དགོངས་པ་གཅིག་ཏུ་གྱུར་ན་འདི་གཉིས་ལ་གྲུབ་མཐའི་མཐོ་དམན་འཇོག་པ་ཡང་མི་རིགས་པའི་ཕྱིར་ཟེར་ན།རྟགས་མ་གྲུབ་སྟེ། ཐེག་ཆེན་དབུ་སེམས་གཉིས་པོས་ཆེད་དུ་བྱ་བའི་གདུལ་བྱ་དབང་པོ་རྣོ་རྟུལ་དང་མཐུན་པར་གནས་སྐབས་ལྟ་བ་གཏན་ལ་འབེབས་པའི་ཚེ་སྟོང་ཉིད་ཀྱི་དོན་ལ་འཇུག་པ་མྱུར་བུལ་གྱི་ཁྱད་པར་ཡོད་པའི་ཕྱིར་དང་། གཙོ་བོ་སྟོང་པ་ཉིད་ཀྱི་དོན་རྩལ་འདོན་བྱེད་པ་དང་། གཉིས་སྟོང་གི་ཤེས་པ་རང་རིག་རང་གསལ་ཙམ་རྩལ་འདོན་བྱེད་པ་ཙམ་ལ་གཉིས་ཀར་རང་ལམ་ན་སངས་རྒྱས་འཐོབ་བྱེད་ཀྱི་ཞི་སྒོ་ཕྱིན་ཅི་མ་ལོག་པ་ཡོད་པའི་ཕྱིར་རོ།།

གསུམ་པ་ནི།ཁ་ཅིག་སྤྱིར་ཤེས་པ་ཡིན་ན་རང་རིག་ཡིན་པས་མ་ཁྱབ་པ་དང་། བྱེ་བྲག་ཏུ་རང་རིག་ཁས་མི་ལེན་པ་དེ་ཐལ་འགྱུར་བའི་ཁྱད་ཆོས་སུ་འདོད་པ་དེ་མི་འཐད་དེ། དང་པོ་ལྟར་ན། རང་རྒྱུད་ཀྱི་བློ་རྟོག་རྟོག་མེད་ཐམས་ཅད་ཆོས་ཅན། རང་གིས་མི་མྱོང་བར་ཐལ། རང་གིས་རང་མི་རིག་པ་གང་ཞིག །གཞན་གྱིས་རིག་པ་ཙམ་གྱིས་རང་གིས་མྱོང་བའི་གོ་མི་ཆོད་པའི་ཕྱིར། རྟགས་ཟུར་དང་པོ་ཁས། གཉིས་པ་མ་གྲུབ་ན། སྔོ་འཛིན་དྲན་པའི་དྲན་པ་ཆོས་ཅན། ཁྱོད་སྔོ་འཛིན་ལ་རང་རིག་ཡིན་པར་ཐལ། ཁྱོད་ཀྱིས་སྔོ་འཛིན་རིག་པ་གང་ཞིག །གཞན་གྱིས་རིག་པ་ཙམ་གྱིས་རང་གིས་མྱོང་བའི་གོ་ཆོད་པའི་ཕྱིར།
ཕྱི་མ་ལྟར་ན་ནི། རང་བློ་ཡོད་ཚད་རང་ལ་ལྐོག་གྱུར་ཏུ་ཐལ་བའི་སྐྱོན་ཡོད་དེ། འདི་ལྟར། མགོན་པོ་ཀླུ་སྒྲུབ་ཆོས་ཅན། རང་རྒྱུད་ཀྱི་བདག་མེད་རྟོགས་པའི་ཤེས་རབ་དེ་བློ་རང་ལ་ལྐོག་གྱུར་ཡིན་པར་ཐལ། དེ་རང་གིས་རང་མ་མྱོང་བ་གང་ཞིག །རྒྱུ་མཚན་གཞན་ལས་དཔག་དགོས་པའི་ཕྱིར། རྟགས་གྲུབ། འདོད་མི་ནུས་ཏེ། དེ་ལྟར་ན་རང་བློ་རྟོགས་པའི་སྐབས་མི་རྙེད་པར་ཐལ་བའི་སྐྱོན་ཡོད་པའི་ཕྱིར། དེར་ཐལ། རང་བློ་དེ་ཡོད་པ་ཤེས་པ་གཞན་གྱིས་ཤེས་དགོས་པ་གང་ཞིག །དེ་ལའང་ཤེས་བྱེད་གཞན་དགོས་པ་སོགས་ཐུག་མེད་དུ་འགྱུར་བའི་ཕྱིར། རྟགས་ཟུར་དང་པོ་ཁས་བླངས། གཉིས་པ་གྲུབ་སྟེ། བློ་དེ་ཡང་རང་གིས་རང་མི་མྱོང་བས་གཞན་གྱིས་རྟོགས་དགོས་པ་གང་ཞིག །དེ་རྟོགས་པའི་བློ་ལའང་རྟོགས་བྱེད་གཞན་དགོས་པ་སོགས་བློ་ཕྱི་མ་ཀུན་ལ་མཚུངས་པའི་ཕྱིར། རྟགས་ཁྱབ་སླའོ།།

གཞན་ཡང་། བདེ་སྡུག་སོགས་རང་རིག་པས་མྱོང་བ་མིན་པར་བློ་གཞན་གྱིས་དམིགས་ཙམ་གྱིས་མྱོང་བའི་གོ་ཆོད་ན། གཞན་རྒྱུད་ཀྱི་སྡུག་བསྔལ་ཤེས་པའི་མངོན་ཤེས་ཅན་གྱི་གང་ཟག་ཆོས་ཅན། ཁྱོད་ལ་གཞན་གྱི་སྡུག་བསྔལ་དེས་གདུང་བ་བསྐྱེད་པར་ཐལ། ཁྱོད་ལ་དེ་མངོན་སུམ་དུ་དམིགས་པའི་བློ་ཡོད་པའི་ཕྱིར། ཁྱབ་པར་ཐལ། རང་གི་སྡུག་བསྔལ་དམིགས་པས་རང་ལ་གདུང་བ་བསྐྱེད་པ་གང་ཞིག །དེ་དང་འདི་གཉིས་ཀྱིས་ཡུལ་དམིགས་ཚུལ་མཚུངས་པའི་ཕྱིར། དེ་བཞིན་དུ་རང་གིས་སྔར་བདེ་སྡུག་སོགས་མྱོང་བ་ཕྱིས་སླར་དམིགས་པའི་ཚེ་ཡང་སྔ་ལྟར་སིམ་གདུང་སོགས་སྐྱེ་དགོས་པར་ཐལ་བའི་ཕྱིར་རོ།།
གྲུབ་སྟེ། དེས་ན་རྣམ་འགྲེལ་ལེའུ་གསུམ་པར། གང་དག་རྣལ་འབྱོར་མངོན་སུམ་གྱིས། །གཞན་གྱི་བདེ་བ་ལ་སོགས་པ། །མྱོང་བ་ཉམས་མྱོང་མཚུངས་པས་ན། །དེ་ཡང་དེ་བཞིན་གདུང་བར་འགྱུར། །ཞེས་གསུངས་པ་ཡིན་པའི་ཕྱིར་རོ།།

སྨྲས་པ།
འདིར་འབད་རྣམ་དཀར་དགེ་བའི་འོད་སྟོང་གིས། །
འཁྲུལ་པའི་མུན་པ་འཐིབས་པོ་དྲུང་ཕྱུང་ནས། །
རྣམ་འབྱེད་སྣང་བའི་ཤེས་རབ་མྱུར་ཐོབ་སྟེ། །
ཐེག་མཆོག་ཆོས་ཀྱི་གཏན་སྲིད་ཟིན་པར་ཤོག །

ཅེས་པའང་སྔར་སྤྱི་ལོ་ ༢༠༠༧ ལོར་དཔལ་ཡུལ་དར་ཐང་སྔ་འགྱུར་མཐོ་སློབ་ཆེན་མོའི་རྒྱལ་དབང་ཀློང་ཆེན་པའི་འདས་མཆོད་སྐབས་བགྲོ་གླེང་གི་དམ་བཅར་སྤེལ་བ་སླར་ཡང་ཕྲི་སྣོན་ཅུང་ཟད་བཅས་ ༢༠༡༥ ལོའི་ཟླ་ ༡༢ ཚེས་ ༡༣ ལ་རྒྱལ་ཁམས་པ་དགེ་འདུན་རབ་རྒྱས་ཀྱིས་སོ

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*