བཙུན་མའི་གནས་བབས་ལས་འཕྲོས་པའི་གཏམ།

རྩོམ་པ་པོ།  སྒྲ་དབྱངས་སྲས་མོ།

རྣམ་འདྲེན་ཤཱཀྱ་ཐུབ་པའི་རྗེས་སུ་འཇུག་ཅིང་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བའི་དགེ་འདུན་བཙུན་མའི་སྡེ་རྣམས་ནི། ཡེངས་མ་ལམ་ལ་མི་ཚེ་འཁྱོངས་ཐབས་ཙམ་དང་། འདོན་རིམ་གྲོ་དང་གཞན་ལ་གཡོག་གི་ལས་བསྒྲུབ་ནས་ཉི་མ་ཆོད་ཐབས་དེ་ག་ལ་ཡིན། སོ་སོས་ཐོག་མའི་སྟ་གོན་དང་དམིགས་ཡུལ་མཐར་ཐུག་ནི་འཕགས་པ་ཀུན་ཏུ་བཟང་པོའི་སྨོན་ལམ་ལས་གསུངས་པ་ལྟར། ཚེ་རབས་ཀུན་ཏུ་འཆི་འཕོ་སྐྱེ་བ་ན།། རྟག་ཏུ་བདག་ནི་རབ་ཏུ་འབྱུང་བར་ཤོག། ཅེས་པ་དང་དཔལ་ལྡན་ཟླ་བའི་དབུ་མ་འཇུག་པ་ལས། ཁྲིམས་ནི་རྒྱུ་དང་མི་རྒྱུའི་ས་བཞིན་དུ།། ཡོན་ཏན་ཀུན་གྱི་གཞི་རྟེན་ལེགས་པར་གསུངས།། ཞེས་པ་ལྟར་གཞི་བསླབ་ཁྲིམས་ལེགས་པར་བསྲུང་ཞིང་ངུར་སྨྲིག་དགོན་སྡེ་ཡི་ཁྲོད་ནས་མི་ལུས་ལ་རིན་ཐང་ལེན་རྒྱུ་དེ་རེད། དེ་ཡང་གོས་ཀྱི་ཁ་དོག་བརྗེ་བ་དང་སྐྲ་སྦྱར་བ་ཙམ་གྱིས་མི་ཡོང་ལ། སྐྱིད་ཉལ་དང་ལེ་ལོ་བག་འཁུམས་དང་སྒྱིད་ལུག་གི་ངང་འདུག་དེ་རྒྱུ་མ་ཡིན་པར་བསླབ་གསུམ་གནས་ལ་ཉམས་ལེན་དང་སྡེ་སྣོད་ལུང་ལ་འཆད་ཉན་གྱི་དོན་དུ་ལུས་ངག་ཡིད་གསུམ་པོས་ཏན་ཏན་ཏིག་ཏིག་གིས་འབད་དགོས་སོ།།
རང་ཅག་བཙུན་མ་ཡི་ཁ་ཕྱོགས་སའི་ལས་རིགས་དང་མིག་མདུན་གྱི་བསྒྲུབ་བྱ་དག་ནི་ལུང་རྟོགས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ཉིད་ཐོས་བསམ་སློབ་གཉེར་གྱི་སྒོ་ནས་འཛིན་སྐྱོང་སྤེལ་གསུམ་གྱི་ཐད་ལ་བརྩོན་སེམས་ཀྱི་སྙིང་སྟོབས་ལྡན་དགོས་པ་ནི་ང་ཚོ་བཙུན་མ་རེ་རེ་ཡི་ཁུར་དུ་བབས་པའི་འགན་འཁྲི་ཞིག་ཡིན་པ་གོ་རྟོགས་སད་དགོས་སྙམ། ཡང་ལ་ལས་བཤད་ན་བཙུན་མའི་དགོན་སྡེ་དང་བཙུན་མ་དག་ལ་ཆེད་དུ་སྨྲས་པ་ལས་བཙུན་མ་ཚོས་ཆོས་དང་འཇིག་རྟེན་གང་ཅིའི་ཐད་ནས་མ་འཇོན་རབས་ཀྱི་ཚགས་པར་དང་དུས་དེབ་སོགས་མི་ཉུང་བ་ཞིག་བཀྲམས་ཡོད་པ་ཡང་ང་ཚོས་ཤེས་གསལ་ལྟར་རེད། དེ་དག་གི་བརྗོད་དོན་ཉུང་ངུ་ཞིག་གིས་མཚོན་པར་བྱས་ན་གངས་ལྗོངས་བཙུན་མ་དག་གི་བརྒྱ་ཆའི་ལྔ་བཅུ་ཡིས་དགོན་པའི་སྒྲིག་སྲུང་དང་འདོན་ཆོག་བཅའ་འབུད་དཀོར་སྡུད་གྲོང་ཆོག་ཙམ་གྱིས་དུས་ཚོད་བརླག་ཏེ་ཆོས་ཀྱི་གོ་མྱོང་ཞན་པ་དང་། བརྒྱ་ཆའི་བཞི་བཅུ་ཡིས་ཁྱིམ་གྱི་གཡོག་མོ་དང་སྲང་གྲོང་ཉུལ་མཁན་རེད་ཅེས་དང་། བརྒྱ་ཆའི་བཅུ་ཙམ་གྱིས་རིག་གཞུང་ལ་སྦྱང་བརྩོན་སོགས་ཀྱི་ཐད་ནས་ཅུང་བཟང་ཤོས་རེད་ཅེས་བཤད་ཡོད་ལ། གཞན་ཡང་བཙུན་མ་རྣམས་ནི་བཟོད་བྱ་གོ་ལོག་ཏུ་ཁྱེར་མཁན་དང་བློ་ལྡོག་རྣམ་བཞིའི་སློབ་མ་རེད་ཅེས་སོགས་མང་པོ་ཞིག་ལབ་ཏེ་ང་ཚོ་ལ་ཧ་ཅང་ཚད་དམའ་རུ་བཟུང་བའི་ལྟ་ཚུལ་དག་བཏོན་འདུག་གོ།
དེ་འདྲའི་ང་ཚོ་བཙུན་མ་དག་གི་གནས་སྟངས་ལ་སྤྱི་ཚོགས་ཀྱི་ལྟ་ཚུལ་དང་མི་བུ་འགས་གླེང་བརྗོད་ལ་ང་ཚོས་ཀྱང་གདོང་ལེན་མི་བྱེད་ཀ་མེད་རེད། དུས་རབས་སྔོན་མའི་སྐབས་སུ་དཔལ་འབྱོར་དང་རིག་གནས་གཉིས་ཆར་གྱི་ཐད་ནས་གདོད་མའི་ལུགས་སྲོལ་ལ་འགྱུར་བ་དེ་ཙམ་མ་ཐེབས་པར་ཚང་མ་ཁ་ཁུ་སིམ་པོའི་ངང་དལ་ལྷོད་ལྷོད་དུ་ཡོད་ཀྱང་། ལོ་རབས་འདི་འམ་དུས་རབས་ཉེར་གཅིག་པའི་ནང་རིག་གནས་ཀྱི་དཔལ་ཡོན་ལ་འཚོལ་སྙེག་བྱེད་བའི་སྐབས་འདིར་གྲྭ་གྲོང་ངམ་སེར་སྐྱ་དང་ཕོ་མོ་རྒན་གཞོན་གྱི་ཁྱད་མེད་པར་ཇི་སྲིད་སངས་མ་རྒྱས་དེ་སྲིད་དུ་སློབ་སྦྱོང་ལ་ཟད་པ་མེད་ཅེས་པའི་ངག་རྒྱུན་ལྟར་ང་ཚོ་བཙུན་མ་རྣམས་ཀྱིས་ཀྱང་རང་རང་གི་མི་ཚེ་དོན་མེད་དང་ལང་ཚོ་རིན་མེད་དུ་མི་བརླག་པར་ཐུན་མོང་རིག་གནས་ཏེ་འབྲི་ཀློག་སུམ་རྟགས་ལོ་རྒྱུས་སྙན་ངག་དང་། ཐུན་མིན་མདོ་སྔགས་ཀྱི་གཞུང་ལུགས་བཀའ་བསྟན་པོད་ཚོགས་ཀྱི་སྐོར་ལ་རང་ནུས་གང་ཐུབ་ཀྱིས་བརྩོན་པ་དང་དུ་ལེན་རྒྱུ་ནི་ང་ཚོའི་ལས་བྱ་ཉག་གཅིག་དེ་ཅིའི་ཕྱིར་མིན། དེ་ཡང་བརྩོན་པ་ཇི་ལྟར་བྱ་བའི་ཚུལ་ནི་རྗེ་གུང་ཐང་བསྟན་པའི་སྒྲོན་མེའི་བསླབ་བྱ་ནོར་བུའི་གླིང་དུ་བགྲོད་པའི་ལམ་ཡིག་ལས།ཉིན་རེར་ཟས་ཀྱང་མི་དྲན་བརྩོན་འགྲུས་རྩོམ།། ཞུགས་མ་ཐག་ནས་མཁས་པའི་གོ་འཕང་འདོད།། ཞག་གསུམ་ལོན་ཚེ་རྗེས་མེད་གཡེང་བས་ཁྱེར།།དེ་འདྲ་དེ་ལ་ཅི་ཡང་མི་ཡོང་བས།།བརྩོན་པ་ཆུ་བོའི་རྒྱུན་བཞིན་བསྟེན་ཅིག་ཨང་།།ཞེས་གསུངས་པ་ལྟ་བུ་འོ།།
ང་ཚོ་བཙུན་དགོན་དག་སྔོན་དང་བསྡུར་ན་མིག་མཐོང་ལག་ཟིན་དུ་ཡོད་པའི་ཤེས་རིག་ལ་སྦྱང་བརྩོན་བགྱིས་པའི་ཡོན་ཚད་གོང་འཕེལ་དུ་ག་ཚད་ཅིག་ལ་སླེབས་ཐུབ་འདུག སོ་སོས་རང་གི་འདས་སོང་དང་ད་ལྟའི་ཁྲོད་ནས་སྤྱི་སྡོམ་གྱི་རྩིས་སྤྲོད་རེ་བྱས་ན། གལ་ཏེ་ཚད་གང་དུའང་ཕྱིན་ཐུབ་མེད་ན། དེ་འདྲའི་མེད་པའི་རྒྱུ་རྐྱེན་དེ་གང་ལ་རག་ལས་འདུག་བསམ་གཞིག་བྱེད་རན་པ་མ་ཡིན་ནམ།
ཡང་ཕྱོགས་གཅིག་ནས་བཤད་ན་ང་ཚོ་བུད་མེད་དག་ལ་ཆེས་འདྲ་མཉམ་དང་དམངས་གཙོའི་ཁོར་ཡུག་ཅིག་ཡོད་ན་འང་བསམ་བློའི་གུ་ཡངས་དོག་དང་བྱ་བའི་རླབས་ཤུགས་སོགས་གང་དང་གང་ཡིན་ཡང་དོན་དམ་པར་ཕོ་མོ་གཉིས་འདྲ་མཉམ་ཡོང་རྒྱུ་དེ་བཤད་པ་བརྒྱ་བས་བལྟས་པ་གཅིག་གིས་གསལ་བ་བཞིན་ལས་སླ་མོ་ཞིག་ཁྱོན་ནས་མ་རེད། འོན་ཀྱང་ང་ཚོ་བཙུན་མ་དག་ཀྱང་འགྲོ་བ་མི་ཞེས་པའི་རིགས་ཚན་རེ་རེ་ཡིན་པས་དེ་ཙམ་ངོ་གནོང་དགོས་དོན་མེད་ལ་སེམས་ཞུམ་དགོས་དོན་དེ་བས་ཀྱང་མེད་སྙམ། བསམ་པ་ཆུང་ངུ་ཡིས་བཤད་ན་མ་མཐའ་ཡང་རང་དོན་དུ་མི་ཚེ་ཐོས་བསམ་གྱིས་རྫོགས་ཐུབ་པ་དང་། དེ་ལས་གཞན་དུ་རྒྱ་ཆེ་ས་ནས་བཤད་ན་ང་ཚོ་ནི་ནང་ཆོས་དགོན་སྡེའི་གྲུབ་ཆ་ལས་བྱུང་བའི་མི་སྣ་དག་ཡིན་པས། ཐེག་པ་ཆེན་པོའི་སྙིང་སྟོབས་ཕྲག་ལ་བླངས་ཏེ་མཐའ་ཡས་པའི་གཞན་དོན་ལ་འབད་དགོས་པ་མ་ཡིན་ནམ།
༡ བཙུན་དགོན་སྤུས་དག་ཅིག་ཡོང་དགོས་ན་ལག་ལེན་འཆོལ་མི་རིགས་ཏེ། དགོན་པའི་ཁོར་ཡུག་ན་ཤེས་ཡོན་སྦྱང་བའི་གོ་རིམ་དང་སྒྲིག་འཛུགས་ཚད་དང་ལྡན་ཞིང་ཚེགས་སུ་ཚུད་པ་ཞིག་ཡོད་དགོས་པ་ལས་གངས་རིའི་མི་སྣ་དག་རུལ་སུངས་དགོས་མེད་དུ་གཏོང་བའི་གྲོང་སྡེ་ཞིག་ཡིན་མི་རུང་ལ།
༢ བཙུན་མར་སློབ་སྟོན་གནང་བའི་དགེ་རྒན་ནམ་དགེ་བའི་བཤེས་གཉེན་དེ་ཡང་ལྷག་བསམ་དང་ཤེས་ཡོན་གཉིས་འཛོམས་ཀྱིས་སློབ་མ་ལ་ཤེས་རབ་ཀྱི་འོད་སྣང་སྤར་ཐུབ་མཁན་ཞིག་ཡིན་དགོས་པ་ལས་གཞོན་སྐྱེས་བཙུན་མའི་མདུན་ལམ་དང་མི་ཚེ་མུན་ནག་དང་རྗེས་ལུས་སུ་གཏོང་བྱེད་ཅིག་ཡིན་མི་རུང་།
༣ ཀྱེ་བཙུན་མ་ཚོ། འུ་ཅག་རིག་གཞུང་ལ་དགའ་ཞིང་སྦྱང་བརྩོན་ལ་སྤྲོ་མོས་ཅན་ཞིག་ཡིན་དགོས་པ་ལས་གཞན་གྱི་ངོ་བསྲུང་བ་དང་བྱ་བཞག་ཉི་ཚེ་བས་མགོ་བོ་འཁོར་མཁན་ཞིག་ཡིན་མི་རུང་།
༤བཙུན་མའི་ཁྱིམ་བདག་ཚོ། ཁྱེད་ཅག་ནི་བཙུན་མ་རེ་རེ་ཡིས་དམ་ཆོས་སྒྲུབ་པར་མཐུན་རྐྱེན་སྦྱོར་མཁན་དང་ཁྱིམ་ཚང་སློབ་གསོ་ཞིག་གིས་བཙུན་མའི་སློབ་སྦྱོང་གི་ཕྱོགས་ལ་སྐུལ་འདེད་དང་རྒྱབ་སྐྱོར་བྱེད་མཁན་ཞིག་ཡིན་དགོས་པ་ལས་བཙུན་མའི་སློབ་དུས་ལ་བཀག་རྡོ་རྩིག་མཁན་དང་ཁྱིམ་གཡོག་ཏུ་བཀོལ་བའི་བྱེད་པོ་ཞིག་ཡིན་ཁྱོན་ནས་མི་རུང་།
དེ་ལྟར་མཐུན་རྐྱེན་སྒྲུབ་ཅིང་འགལ་བ་སྤོང་བཞིན་ལམ་དུ་སྐྱོད་ཐུབ་ན་ད་གཟོད་ང་ཚོ་ལ་སྔར་མེད་ཀྱི་སྒལ་ཚིགས་དང་མདུན་ལམ་ལ་འོད་སྟོང་འཕྲོ་ངེས་སོ།།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*