རྔོན་པ་རྒད་པོ། ༼བརྩམས་སྒྲུང་། མུ་འགོད། ༣༽

 

རྩོམ་པ་པོ། ཁྱུང་མཁར་བཀྲ་ཤིས་དོན་གྲུབ། 

ཨ་རག་གང་མང་འཐུང་ཞིང་གཏམ་གང་མང་བཤད་པ་དང་། ཕ་མེས་སྐབས་ནས་རིམ་གྱིས་རྒྱུད་འཛིན་བྱས་པའི་པི་ཝང་གང་མང་དཀྲོལ་ཞིང་། དམངས་ཁྲོད་དུ་ས་ཁྱབ་རྡོ་ཁྱབ་ཀྱི་གཞས་གང་མང་བླངས་མཐར། གྲོང་མི་ཁྱིམ་མཚེས་དག་རང་རང་ཁྱིམ་དུ་ལོག སྤང་གྲོང་པའང་མཚན་མོའི་དབེན་འཇམ་གྱི་ཁྲོད་དུ་ལྷུང་། རྔོན་རྒན་བཀྲ་ཚེ་མལ་དུ་ཉལ་ཡང་གཉིད་ཀྱི་གཡའ་ཙམ་ག་ལ་ཡོད། མི་ཚེ་ཕྱེད་ཙམ་རི་དྭགས་བརྔོན་པའི་བཀྲ་ཚེ་ཐེངས་དང་པོར་ལག་པ་སྟོང་པར་ཁྱིམ་དུ་ལོག་པ་དང་། དེ་བས་ཁོ་རང་གཉིད་ཁུག་ཐབས་བྲལ་བ་ནི་དེ་རིང་འཕྲད་པའི་མིག་འཁྲུལ་ལྟ་བུའི་དོན་དག་ཡ་མཚན་དེ་རེད།  དམངས་ཁྲོད་ཀྱི་ངག་རྒྱུན་དུ་གནས་ཆེན་ཁ་བ་དཀར་པོར་ཨ་མྱེས་ཁ་བ་དཀར་པོ་ཞེས་འབོད་ཅིང་། དེ་ནི་མི་དཀར་གོས་དཀར་ཅན་ཞིག་དང་ནམ་རྒྱུན་ཆིབས་རྟ་དཀར་པོ་དུང་འདྲ་བ་ཞིག་བཅིབས་པའི་གཞི་བདག་ཅིག་ཡིན་པ་གྲགས་ལ། མེ་ལོང་དགོན་པ་སྟོད་སྨད་གཉིས་དང་ཇོ་བོ་ནམ་མཁའ་བཀྲ་ཤིས་སོགས་ཡུལ་འདིའི་ལྷ་ཁང་ངམ་དགོན་སྡེ་ཆེ་ཆུང་ཁག་ཏུ་ཨ་མྱེས་ཁ་བ་དཀར་པོའི་འཇིམ་བརྙན་ནམ། ལྡེབས་རིས། ཐང་ཀ་སོགས་མཐོང་མྱོང། དེ་རིང་འཕྲད་པའི་གནས་ཚུལ་དེ་དང་ཨ་མྱེས་ཁ་བ་དཀར་པོ་དང་འབྲེལ་བ་ཡོད་དམ། དེ་ལྟར་བཤད་མི་ཤེས་ལ་བསམ་བློའང་འཁོར་དཀའ་བའི་གནད་དོན་གྱིས་རྔོན་རྒན་བཀྲ་ཚེའི་གཉིད་ཀྱི་སྐལ་བ་ཡོངས་སུ་འཕྲོག་པས། སྙིང་རྗེ་བའི་རྔོན་རྒན་དེས་མིག་ཟུང་ཆེས་ཆེར་བགྲད་དེ་གནམ་གཅལ་ལ་ཅེར་ནས་ནམ་གསལ་རྒྱུར་སྒུག་ནས་བསྡད། བསྟུད་མར་ཉིན་འགར་རྔོན་རྒན་བཀྲ་ཚེ་བླ་གྱར་བའི་བེམ་པོ་ནང་བཞིན་གྲོང་པའི་ནང་དུ་དོན་མེད་ཕར་འགྲོ་ཚུར་འོང་བྱེད་ཅིང་། མི་སུ་དང་འཕྲད་ན་ཡང་དེ་ལ་ཁྱོད་ཀྱིས་ཨ་མྱེས་ཁ་བ་དཀར་པོ་མཐོང་ཨེ་མྱོང་ཞེས་འདྲི་བས། གྲོང་མི་ཚོས་ལྐོག་ནས་རྔོན་རྒན་བཀྲ་ཚེ་སྨྱོ་འདུག་ཟེར་བ་དང་། གྲོང་པའི་ནང་གི་རྒད་པོ་ཚོས་ཁོ་རང་གི་རྒྱབ་གཟུགས་ལ་མཛུབ་མོ་བཙུགས་ཏེ། ལྟོས་དང་། སྡིག་པ་ཚོད་མེད་བསགས་ནས་ཨ་མྱེས་ཁ་བ་དཀར་པོའི་རི་རྒྱུད་ཀྱི་གཅན་གཟན་རི་དྭགས་བསད་པའི་མཇུག་འབྲས་ངན་པ་ད་འཁོར་སོང་། ཕལ་ཆེར་ཁོའི་རྣམ་ཤེས་ཨ་མྱེས་ཁ་བ་དཀར་པོས་བཀུག་སོང་བ་འདྲ། ཨའེ། ལས་རྒྱུ་འབྲས་ལ་བསླུ་བ་མེད་ཟེར་བ་ཅིས་མི་བདེན་ཟེར་བ་སོགས་གཏམ་གང་མང་བཤད་དེ་ལག་ཏུ་བཟུང་བའི་ཕྲེང་བ་འདེད་ཞོར་སྨྲ་སྒོ་ལས་མ་ཎི་ཚིག་གསལ་ལ་མི་གསལ་བ་བཟློ་བར་བྲེལ། རྔོན་རྒན་བཀྲ་ཚེ་ལ་ལས་རྒྱུ་འབྲས་འཁོར་ནས་སྨྱོས་འདུག རྔོན་རྒན་བཀྲ་ཚེ་ཡིས་ཨ་མྱེས་ཁ་བ་དཀར་པོའི་སྒོ་ཕྱུགས་སུ་གྱུར་པའི་གཅན་གཟན་རི་དྭགས་བསད་ཚོད་མ་ཟིན་ནས་སྨྱོས་འདུག རྔོན་རྒན་བཀྲ་ཚེ་ཡིས་ཨ་མྱེས་ཁ་བ་དཀར་པོའི་ཞལ་མཇལ་སོང་། གཏམ་འདྲ་མིན་དེ་དག་ཉིན་འདི་འགའི་རིང་སྤང་གྲོང་པའི་ས་ཆ་གང་སར་ཁྱབ་ཅིང་། མི་ཚོས་ཀྱང་རྔོན་རྒན་བཀྲ་ཚེ་གྲོང་མགོ་དང་ཞིང་མཐའ་རུ་འཁྱམ་པ་ཁྲ་ཆུང་མིག་གིས་གསལ་པོར་མཐོང་།  རྗེས་མ།>>>

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*