རྔོན་པ་རྒད་པོ། ༼བརྩམས་སྒྲུང་། མུ་འགོད། ༤ རྫོགས།༽

རྩོམ་པ་པོ། ཁྱུང་མཁར་བཀྲ་ཤིས་དོན་གྲུབ། 

སྤང་གྲོང་པ་ནི་ལོ་ངོ་བརྒྱ་ཕྲག་སྔོན་གྱི་སྤང་གྲོང་པ་དེ་ཡིན་ལ། གྲོང་མི་རྣམས་ཀྱང་སྔར་བཞིན་ཞོགས་སྔ་ལངས་དང་དགོང་ཕྱི་ཉལ་གྱིས་མི་རབས་ནས་མི་རབས་བར་སོ་ནམ་ལས་ལ་གཞོལ་བཞིན་ཡོད། ཟླ་ཕྱེད་ཙམ་སྨྱོ་གཏམ་རྐྱང་རྐྱང་བཤད་ཅིང་། ལྷ་མཐོང་འདྲེ་མཐོང་ཞེས་སྒྲོག་པའི་རྔོན་རྒན་བཀྲ་ཚེའི་གཏམ་སྤྱོད་ཡ་མཚན་དེ་དག་ལ་གྲོང་མི་རྣམས་གོམས་ནས་ད་ལྟ་ཁོ་ལ་ཨ་ལན་སྟེར་མཁན་བྱིས་པ་རྩེད་དགའ་ཅན་འགའ་ལས་གཞན་སུའང་མེད། ད་ལྟ་སྤྱི་ཚོགས་འཕེལ་རྒྱས་སོང་བ་དང་བསྟུན་ནས། མི་རྣམས་ཀྱི་འཚོ་བའི་ཆུ་ཚད་གོང་མཐོར་སོང་བ་དང་། འཇིག་རྟེན་ལྟ་བ་དང་། རིན་ཐང་ལྟ་བ། སྤྱི་ཡོངས་ཀྱི་བྱང་ཚད་གང་ཅིར་འགྱུར་བ་ཆེན་པོ་བྱུང་། ཉིན་འདི་དག་རིང་རླུང་འཕྲིན་དང་བཪྙན་འཕྲིན་སོགས་ལས་རྩ་ཆེའི་བདག་མེད་སྲོག་ཆགས་ལ་སྲུང་སྐྱོང་གི་འབོད་སྐུལ་གང་མང་གྲགས་པ་དང་། གང་བྱུང་བདག་མེད་སྲོག་ཆགས་རྔོན་པ་ནི་ཁྲིམས་འགལ་གྱི་བྱ་བ་ཡིན་ལུགས་གླེང་བ་ཐོས་རྗེས། ནམ་རྒྱུན་རླུང་འཕྲིན་ཉན་རྒྱུར་དགའ་བའི་རྔོན་རྒན་བཀྲ་ཚེ་འདང་རྒྱག་གི་ཀློང་དུ་ཚུད། ཞོགས་ཉི་སེར་པོའི་རང་མདངས་འཛིན་མའི་ཁྱོན་ལ་འཕྲོས་ཤིང་། རྔོན་རྒན་བཀྲ་ཚེས་ཕྲག་ཏུ་སྲོག་ལྟར་གཅེས་པའི་མེ་མདའ་ཁུར་ཞིང་རྒྱབ་ཏུ་ཟས་དང་སྐོམ་ཆུ་བླུགས་པའི་ཁུར་ཁུག་ཞིག་ཀྱང་ཁུར་ནས་སྤང་གྲོང་པ་ནས་དལ་གྱིས་ཁ་བ་དཀར་པོའི་ཕྱོགས་སུ་སྐྱོད། གནའ་ཕོ་སྟོབས་ཆེན་ཞིག་རྩྭ་ཆུ་འཛོམས་པའི་རི་ཁུག་དེའི་སྤང་དཀྱིལ་གྱི་དེའུ་འབུར་སྟེང་ཀྲོང་ངེར་ལངས་ཏེ་རྣ་བ་ཀྲོང་ཀྲོང་ངང་རྔ་མ་གཡུགས་བཞིན་འདུག གྲུང་ཤ་དོད་པའི་མིག་གཉིས་ཕྱོགས་བཞིར་སྐོར་ལྟ་བྱེད་ཀྱིན་དགྲ་ཟོན་བྱེད་པ་མཐོང་། དེའུ་འབུར་གྱི་འཁྲིས་སུ་གནའ་མོ་གསུམ་རྩྭ་ཆུས་འགྲངས་ཏེ་སྔོ་ལྗང་སྤང་ཐང་དུ་སོས་དལ་ངང་ངལ་གསོས་ནས་འདུག དེའི་ཁྲོད་ཀྱི་གནའ་མོ་ཞིག་གི་ལྟོ་བ་ཧ་ཅང་ཆེན་པོ་ཆགས་ནས་ཕལ་ཆེར་ཉིན་ཞག་འགའི་རྗེས་སུ་གནའ་ཕྲུག་བཙའ་ངེས་པ་ལྟ་བུར་སྣང་། རྩྭ་སྣ་ཆུ་སྣ་འཛོམས་པ་དང་གནོད་མཁན་དགྲ་བོ་དབེན་པས། གནའ་བ་དེ་དག་ཤ་ཤེད་རྒྱས་ཤིང་སྤུ་མདོག་སྣུམ་ཐིང་ངེར་འདུག གནའ་ཕྲུག་གཉིས་ཀྱང་འདུག་ལ། གནའ་ཕྲུག་གཅིག་ནི་གནའ་མོའི་སྦོ་འོག་ཏུ་སྒུར་ནས་འོ་མ་འཐུང་བཞིན་འདུག་པ་དང་། གནའ་མོས་མགོ་བོ་དུད་ནས་གནའ་ཕྲུག་དེའི་རྔ་མ་དང་དཔྱི་མགོར་ལྕེ་བལྡགས་བྱས་ཏེ་ལྷད་མེད་བྱམས་བརྩེས་སྐྱོང་བ་མངོན། གནའ་ཕྲུག་གཞན་དེས་རང་གི་མགོ་བོ་ཨ་མའི་བྲང་ཁོག་ཏུ་ཕར་ཚུར་བརྡར་ནས་ཅི་དགར་རོལ།
ཉི་མ་རིམ་གྱིས་དགུང་དཀྱིལ་དུ་འཕགས་ཤིང་། ཉི་འོད་ནགས་ཤིང་གི་ལོ་མའི་སྟེང་དང་སྔོ་ལྗང་སྤང་ཐོག་ཏུ་འཕྲོས། དབེན་འཇམ་གྱི་གནས་དེར་སྐབས་དེར་བྱ་བྱེའུ་ཡི་སྐད་སྙན་ལས་གཞན་ཅི་ཡང་ཐོས་རྒྱུ་མི་འདུག ཨེ་མ། ལྷིང་འཇགས་ཀྱི་ཁོར་ཡུག་འདི་དང་། སྤང་ལྗོངས་སྟེང་ཅི་དགར་རོལ་པའི་གནའ་ཁྱུ་དེས་རི་མོ་མཁན་གྱི་སོར་རྩེ་ལས་ཐོན་འདྲའི་ལྟ་བས་མི་ངོམས་པའི་མཛེས་རིས་ཡིད་དུ་འོང་བ་ཞིག་གྲུབ་འདུག་ཨང་།  རྔོན་རྒན་བཀྲ་ཚེའི་ལག་པར་རང་བཞིན་གྱིས་ཟ་འཕྲུག་ལངས་བྱུང་། ཁོས་དལ་གྱིས་མེ་མདའ་བླངས་ཤིང་ཕ་བོང་ཞིག་གི་ཐོག་ཁ་སྦུབ་ཏུ་བསྡད་ནས་མེ་མདའི་ཁ་དེ་གནའ་ཁྱུའི་ཕྱོགས་སུ་གཏད། ཁོའི་འབེན་དུ་གྱུར་པ་ནི་ལྟོ་བ་འབུར་དུ་དོན་པའི་གནའ་མོ་མངལ་ལྡན་དེ་ཡིན་པ་སྨོས་ཅི། མངལ་དུ་ཡོད་པའི་གནའ་ཕྲུག་གི་ཤ་སྙི་ལ། རོ་བཅུད་ལྷག་པར་ཆེ་རྐྱེན་མིའི་ལུས་ཁམས་ལ་ཕན་པ་ཆེ་ལུགས་སྔར་ནས་རྔོན་པ་དག་གིས་གླེང་དང་གླེང་མུས་ཡིན། རྔོན་རྒན་བཀྲ་ཚེས་མཛུབ་མོ་མེ་མདའི་སྐམ་པའི་སྟེང་དལ་གྱིས་བཞག་ཅིང་། མིག་གིས་གནའ་མོ་དེར་སྡིག་སོ་སྤྲད་དེ། དོ་ནུབ་ཤ་ཡི་མཆོག་ཏུ་བརྩི་འོས་པའི་གནའ་ཤ་བཟའ་ཆོག་ལ་མངལ་དུ་ཡོད་པའི་གནའ་ཕྲུག་དེས་ཅིག་བྱས་ན་ཉིན་འདི་དག་རིང་གི་རང་གི་མི་བདེ་བ་ཡོངས་སངས་ཐུབ་རྒྱུ་རེད་སྙམ།  རྔོན་རྒན་བཀྲ་ཚེས་ཤུགས་ཀྱིས་མིག་ཟུང་འབྱེད་བཙུམས་ཐེངས་འགའ་བྱས་ཀྱང་། ཁོའི་སྣང་ངོར་གནའ་མོའི་མིག་ཟུང་ནི་ཁྲག་དམར་ཆིལ་ཆིལ་ཕྱིར་འཕྱུར་བའི་ཆུ་མིག་ཟུང་དུ་གྱུར་པ་དང་། ཁྲག་རྒྱུན་ཁག་གཉིས་རིམ་གྱིས་དྭངས་གཙང་མེ་ལོང་འཁྱག་ངོས་སུ་བཞུད་ནས་དྲི་མེད་འཁྱག་ཀླུང་ཡོངས་སུ་སྦགས།
རྔོན་རྒན་བཀྲ་ཚེའི་མིག་ཟུང་སྔར་བས་རབ་བེ་རིབ་བེ་རུ་གྱུར་ཞིང་། མིག་མདུན་གྱི་ཁྲག་རྒྱུན་ཁག་གཉིས་ལས་ཁོ་རང་གིས་ཡང་བསྐྱར་མི་དཀར་རྟ་དཀར་ཅན་གྱི་ཨ་མྱེས་ཁ་བ་དཀར་པོ་མཇལ་བྱུང་། ཨེ་མ། དེ་འདྲ་ཡ་ང་བའི་སྣང་འཕྲུལ། དེ་འདྲ་མང་བའི་གཅན་གཟན་རི་དྭགས། དེ་འདྲ་འཇིགས་རྔམ་ཅན་གྱི་གཅན་གཟན་གྱི་ངར་སྒྲ། རང་གིས་དེ་སྔོན་ལོ་མང་རིང་སྡིག་ཅན་རྔོན་མདས་སྲོག་འཕྲོག་པའི་དོམ་ནག་དང་། ཤྭ་བ། གནའ་བ། གླ་བ། རི་ཕག་སོགས་གཅན་གཟན་རི་དྭགས་ཆེ་མ་ཆུང་གསུམ་གཅིག་རྗེས་གཅིག་མཐུད་མཆེ་བ་གཙིགས་ཤིང་རྭ་རྩེ་ངོམས་ལ་སྡེར་མོ་བགྲད་དེ་རང་གི་ཕྱོགས་སུ་མཆོངས་རྒྱུག་བྱེད་པས། རྔོན་རྒན་བཀྲ་ཚེའི་སེམས་སུ་དངངས་སྐྲག་བྱུང་ཞིང་ཡིད་གཏིང་ནས་ཞེ་མེར་ལྡང་།  ཁོས་མི་དཀར་རྟ་དཀར་ཅན་གྱི་ཨ་མྱེས་ཁ་བ་དཀར་པོས་རང་ལ་སྡིག་སྤོང་དགེ་སྒྲུབ་ཀྱི་གོ་སྐབས་ཤིག་གནང་རྒྱུའི་སྨོན་ལམ་བཏབ་མོད། མིག་མདུན་གྱི་སྣང་ཚུལ་ཡ་མཚན་དེ་དག་ཡལ་རྒྱུ་ལྟ་ཅི། མདུན་ཕྱོགས་ནས་ཡིའུ། ཡིའུ་ཞེས་སྤྱི་བདེའི་རླངས་འཁོར་ཉེན་བརྡ་སྒྲོག་བཞིན་པ་གྲལ་སྟར་བསྒྲིགས་ནས་འཕུར་བ་ལྟར་ཤོར་ཡོང་བ་དང་། དྲག་ཆས་ཆ་ཚང་སྤྲས་པའི་སྤྱི་བདེའི་མི་སྣ་མང་པོས་རྔོན་རྒན་བཀྲ་ཚེར་ལག་ལྕགས་བརྒྱབ་ནས། རྒྱལ་ཁབ་ཀྱི་རྩ་ཆེའི་རི་དྭགས་རྔོན་པས་ཁྲིམས་ཀྱི་ཆད་པ་འཁུར་དགོས་ཟེར་བས། རྔོན་རྒན་བཀྲ་ཚེ་ལུས་ཀྱི་བ་སྤུ་ཡོངས་གཟེངས་ཤིང་། ལུས་པོ་ཡོངས་ཆུ་བཤོས་པ་ལྟར་རློན་རྐྱང་ཆགས། སྐབས་དེར་རྔོན་རྒན་བཀྲ་ཚེས་མིག་འཕུར་ཙམ་བྱས་པས། གནའ་ཁྱུ་དེ་སྔར་བཞིན་སྤང་སྟེང་དུ་ལྷིང་འཇགས་སེ་འདུག་པ་དང་། རང་གི་མཛུབ་མོ་སྔར་བཞིན་མེ་མདའི་སྐམ་པའི་ཐོག་བཞག་འདུག གློ་བུར་དུ་རྔོན་རྒན་བཀྲ་ཚེས་མེ་མདའི་ཁ་དགུང་ལ་གཏད་དེ། ཤུགས་ཀྱིས་སྐམ་པ་མནན་པ་དང་རྣ་ལ་གཟན་པའི་བོག་སྐད་གཅིག་གིས་རི་ལུང་དེའི་ལྷིང་འཇགས་ཡོངས་སུ་དཀྲོགས། གནའ་ཁྱུ་འདྲོག་སྟེ་གཅིག་ལས་གཅིག་མགྱོགས་པར་ནགས་གསེབ་ཏུ་བྲོས་པ་དང་། རྔོན་རྒན་བཀྲ་ཚེས་ལག་ཏུ་བཟུང་བའི་རྔོན་མདའ་ཤུགས་ཀྱིས་ཕ་བོང་ཐོག་བརྡབས་པས། ཐག་སྒྲ་ཞིག་དང་ལྷན་དུ་ཁོ་དང་ཡུན་རིང་འགྲོགས་ཤིང་ཁོས་སྲོག་ལྟར་གཅེས་པའི་རྔོན་མདའ་རྩ་ཆེན་དེ་དུམ་བུ་གཉིས་སུ་གྱུར། རྔོན་རྒན་བཀྲ་ཚེས་མེ་མདའི་ཆག་རོ་ས་ནས་བླངས་ཏེ། སྤང་ཐང་ཆུང་ངུའི་གཡས་ངོས་ཀྱི་གཅོང་རོང་ནང་་འཕེན། དགུང་སྔོན་པོར་སྤྲིན་པ་བྱེའུ་མགོ་ཙམ་ཡང་མཐོང་རྒྱུ་མེད་ཅིང་། རྟ་བདུན་དབང་པོའི་དྲོད་འཇམ་འོད་ཟེར་རིས་མེད་ས་ཕྱོགས་གང་སར་འཕྲོ། རི་ཀླུང་ཡོངས་ཀྱི་ཤིང་རིགས་སོ་སོའི་ལོ་འདབ་དག་ཉི་འོད་ཁྲོད་སྣུམ་ཤིག་ཤིག་ཏུ་གྱུར་པ་དང་། སྤང་ཐང་དུ་སྐྱེས་པའི་རྩྭ་ལྗང་དག་ཉི་འོད་ཀྱི་བྱིལ་བརྡར་ཁྲོད་གཡུ་ཞུན་ལན་བརྒྱར་བྱུག་པ་བཞིན་སྔོ་ཤིག་ཤིག་བྱེད། རྒྱང་མི་རིང་བར་ཀྲོང་ངེར་བཞུགས་པའི་གནས་ཆེན་ཁ་བ་དཀར་པོའང་གསེར་མདོག་ཉི་འོད་ཀྱི་འོག་ཏུ་སྔར་བས་དཀར་གསལ་དོད་ཅིང་འཇིགས་རྔམ་ལྷུན་གྱིས་གྲུབ། རྔོན་རྒན་བཀྲ་ཚེས་མགོ་བོའི་ཞྭ་ཕུད་དེ། ཚེ་ཚེ་རབས་རབས་ལ་དད་བཀུར་བྱེད་པའི་གནས་ཆེན་ཁ་བ་དཀར་པོ་སྟེ་ཨ་མྱེས་ཁ་བ་དཀར་པོར་གཏད་དེ་པུས་མོ་སར་བཙུགས་ཤིང་། ལག་ཟུང་ཐལ་མོ་སྦྱར་ཏེ་ད་ནས་རྔོན་རྩ་བ་ནས་མི་རྒྱག་པ་དང་། ཕྱིན་ཆད་རང་ནུས་ཡོད་རྒུས་རི་དྭགས་དང་རང་བྱུང་ཁོར་ཡུག་ལ་སྲུང་སྐྱོང་བྱ་རྒྱུའི་དམ་བཅའ་དང་ཆོད་སེམས་བརྟན་པོར་བཞག་རྗེས། གོམ་ཞེང་ཆེན་པོས་སྤང་གྲོང་པའི་ཕྱོགས་སུ་ཆས། ཡུན་རིང་མ་སོང་བར་གནས་ཆེན་ཁ་བ་དཀར་པོའི་རྒྱུད་དུ་ཕྱོགས་བཞིར་སྐད་གྲགས་ཆོད་པའི་རི་སྐྱེས་སྲོག་ཆགས་དང་ཁོར་ཡུག་སྲུང་སྐྱོང་མཐུན་ཚོགསཤིག་བྱུང་སོང་། མཐུན་ཚོགས་དེས་དུས་ངེས་མེད་ཀྱིས་རི་བསྐོར་རྒྱག་པ་དང་། གནས་ཆེན་ཁ་བ་དཀར་པོའི་རྒྱུད་ཀྱི་རི་ཀླུང་དུ་རི་སྐྱེས་སྲོག་ཆགས་རྔོན་རྒྱག་པ་དང་ཁོར་ཡུག་ལ་གནོད་སྐྱོན་གཏོང་བའི་བྱ་སྤྱོད་ལ་རྡུང་རྡེག་བཏང་སྟེ། ཡུལ་དེའི་མི་སེར་ཡོངས་ཀྱི་བསྔགས་བརྗོད་ཐོབ། ཤེས་རྒྱུས་བྱུང་གསལ། དམངས་ཁྲོད་ཀྱི་རི་སྐྱེས་སྲོག་ཆགས་དང་ཁོར་ཡུག་སྲུང་སྐྱོང་དང་བླངས་མཐུན་ཚོགས་དེའི་ཚོགས་གཙོ་ནི་རྔོན་རྒན་བཀྲ་ཚེ་ཡིན་ཞིང་། ཁོ་རང་སྔར་ལྟར་གནས་ཆེན་ཁ་བ་དཀར་པོའི་རྒྱུད་ཀྱི་རི་ཀླུང་སྟོད་སྨད་གང་སར་མྱུལ་ནས། སྔོན་མ་དང་མི་འདྲ་བར་རླབས་ཆེན་དྭངས་གཙང་གི་རྐང་རྗེས་གསར་པ་འཇོག་པར་བྲེལ།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*