རྔོན་པ་རྒད་པོ། ༼བརྩམས་སྒྲུང་། མུ་འགོད།༢༽

རྩོམ་པ་པོ། ཁྱུང་མཁར་བཀྲ་ཤིས་དོན་གྲུབ། 

རི་གྲོང་གི་མཚན་མོ་ནི་དབེན་ཞིང་ལྷིང་འཇགས་ཡིན། འོན་ཀྱང་ཚོང་པ་དེ་དག་སྤང་གྲོང་པར་སླེབས་པ་ནས་བཟུང་། རྔོན་རྒན་བཀྲ་ཚེའི་ཁྱིམ་གྱི་མཚན་མོའི་དབེན་འཇམ་ནི་འདུ་འཛི་ཡིས་རིང་དུ་བསྐྲད་དེ། ཚོང་ར་ཆུང་ཆུང་ཞིག་དང་ཨ་ན་མ་ན་རེད། ལག་ཏུ་ཚོང་ཟོག་ཡོད་པའི་གྲོང་པའི་སྐྱེས་པ་ཚོ་ལྟ་ཅི། ཆུང་བ་ཤིག་དང་ལྗི་བ་ཙམ་གྱི་དངོས་ཟོག་འཚོང་རྒྱུ་མེད་པའི་སྐྱེས་པ་མི་ཉུང་བ་ཟ་མ་ཡང་བཟའ་ལོང་མེད་པར་རྔོན་རྒན་བཀྲ་ཚེ་ཚང་དུ་ཉོ་ཚོང་གི་བྱེད་སྒོར་ལྟད་མོ་ལྟ་བའམ། ཕྲག་དོག་ཡང་ན་ཅི་ཡིན་མི་ཤེས་པའི་གཏམ་མཐོ་བཤད་དམའ་བཤད་གང་མང་བྱས་ཏེ་དུས་འདའ་བར་བྱེད། ལག་ཏུ་ཚོང་ཟོག་ཡོད་པའི་སྐྱེས་པ་དེ་དག་གིས་ནམ་རྒྱུན་གྱི་ཉམ་ཆུང་འཁོས་ཆུང་རིང་དུ་དོར་ནས། ཕྱིར་ཡོང་ཚོང་པ་དེ་དག་དང་རིན་གོང་རྩོད་ལེན་གང་མང་བྱས་མཐར། ཡིད་ཚིམས་པའི་ངང་ཚོང་པའི་ལག་ནས་སྒོར་མོ་བླངས་ཏེ་སྐེད་ཁུག་ཏུ་བླུགས་རྗེས་རྔོན་རྒན་བཀྲ་ཚེ་ཚང་གི་ལྕགས་སྒྱེད་ཟུར་དུ་འདུས་ཏེ། ཨ་རག་འཐུང་ཞོར་དུ་གཏམ་འདྲ་མིན་ཤོད་བཞིན་སྡོད།ལྕགས་སྒྱེད་ནག་རིལ་དེའི་མཐའ་ན་ཡོད་པའི་གྲོང་པའི་སྐྱེས་པ་ཚོ་དང་། ཕྱིར་ཡོང་ཚོང་པ་དག་ད་ལྟ་དམ་བི་གཅིག་ལས་དྲངས་པའི་ཨ་རག་ལ་རོལ་ཞིང་། ཁ་གང་བདེ་དང་ལྕེ་གང་འཁྱུག་གིས་གཏམ་གླེང་གི་རྒྱ་མཚོ་རུ་རྐྱལ་རྩལ་ངོམ་གྱིན་ཡོད།གཏམ་ཅི་མཚར་གང་མཚར་བཤད་ནས་གད་མོ་ཧབ་ཆ་དེ་རི་རི་བགད་བཞིན་ཡོད། འདིར་འདུས་པའི་སྐྱེས་པ་དེ་དག་ལྷན་ཅིག་ཏུ་སྦྲེལ་བ་ནི་རྔོན་རྒྱག་པ་དེ་ཡིན་པ་སྨོས་ཅི། དེ་བས་གཏམ་གྱི་ལབ་གླེང་ཡང་རིམ་གྱིས་གཙོ་དོན་དེའི་ཐོག་ཏུ་ངང་གིས་འཁོར། རྔོན་རྒྱག་པའི་སྐོར་གླེང་མ་ཐག་རྔོན་རྒན་བཀྲ་ཚེ་རང་བཞིན་དུ་ངར་ལངས་ཤིང་། ཁྲ་ཆུང་མིག་ཟུང་ལས་འོད་མདངས་ཤིག་ཀྱང་འཕྲོས་ཡོང་། ཁོས་ཨ་རག་ཕོར་པ་ཕྱེད་ཙམ་དེ་ཧུབ་གང་གིས་བཏུང་རྗེས་འདིར་འདུས་མི་ཡོངས་ལ་མིག་གིས་སྐོར་བ་སྒོར་མོ་རྔ་འདྲ་བ་ཞིག་བསྐོར་ནས། སྣ་གཟེངས་མཐོ་པོ་དེར་འཕུར་འཕུར་བྱས་མཐར་རྔོན་རྒྱག་དགོས་ན་གཙོ་བོ་མདེའུ་གཅིག་གིས་གཅན་གཟན་རི་དྭགས་ལྔ་པའི་ལམ་དུ་འདྲེན་པའི་ནུས་མཐུ་དགོས་ཞེས་བཤད་པ་དང་། ཕྱིར་ཡོང་ཚོང་པ་ཚོར་ཁ་ཕྱོགས་ནས་འཇོན་ཐང་དེ་ལས་སླ་པོར་བྱང་ཐུབ་པ་ཞིག་ག་ལ་ཡིན་ཞེས་བཤད། གྲོང་པའི་གཞོན་སྐྱེས་ཚོས་ཁོ་ལ་ཨ་ཁུ་བཀྲ་ཚེ། མན་ངག་གནང་རོགས་དང་ཞེས་ཡང་ཡང་ཞུ་ཞིང་། ཨ་རག་ཕོར་པ་བསྟུད་མར་བཀྱག་པས། རྔོན་རྒན་བཀྲ་ཚེ་ཡིས་གཅན་གཟན་རི་དྭགས་འདྲ་མིན་གྱི་ར་མདར་འགྲོ་ལུགས་དང་། མེ་མདའ་འབེན་ལ་གཏད་ལུགས་སོགས་རྔོན་རྒྱག་པའི་མན་ངག་མི་ཉུང་བ་ཞིག་དྲི་ཞིམ་ཨ་རག་དང་འགྲོགས་ཏེ་འདུ་ཚོགས་སུ་ལྷུག་པོ་བརྗོད།ལྕགས་སྒྱེད་ནང་གི་བུད་ཤིང་ཡང་བསྐྱར་ཟད་ལ་ཉེ་ཞིང་། ཆང་དམ་དེའི་ཨ་རག་ཀྱང་བཏུང་ཚར་སོང་། རྔོན་རྒན་བཀྲ་ཚེས་མི་རྣམས་ལ་ད་ངལ་གསོ་རྒྱག་ཡ། སང་ཉིན་ང་ཚོ་མཉམ་དུ་རྔོན་རྒྱག་པར་འགྲོ ངས་ཁྱོད་རང་ཚོར་ལྟད་མོ་སྟོན་ཡོང་ཞེས་བཤད་དེ་མི་ཚང་མ་ཧ་ཧ་དང་ཧེ་ཧེའི་ངང་རང་ཁྱིམ་དུ་ལོག་པ་དང་། རྔོན་རྒན་བཀྲ་ཚེ་དང་ཚོང་པ་ཚོའང་རང་ཤག་ཏུ་འཛུལ་ཏེ་སྐྱིད་པའི་གཉིད་ལ་རོལ།ཕྱི་ཉིན་ཞོགས་པ་ཉིན་བྱེད་དབང་པོ་རྟ་མཆོག་བདུན་པོས་དྲངས་པའི་ཤིང་རྟ་འཁོར་ལོར་བཅིབས་ཏེ། ཨ་སྔོན་མཐོན་པོར་སླེབས་པ་དང་། རྔོན་རྒན་བཀྲ་ཚེ་སྔ་པོ་ནས་ལངས་ཏེ་རྔོན་དུ་འགྲོ་བའི་གྲ་སྒྲིག་བྱེད་བཞིན་མཆིས། རྔོན་རྒན་བཀྲ་ཚེ་ཚང་དུ་ཁྱིམ་མཚེས་ཕོ་གསར་བཞི་སླེབས་ཡོད་པ་དང་། ཚོང་པ་གཉིས་ཀྱང་ཁོང་ཚོ་དང་མཉམ་དུ་ལྟད་མོར་འགྲོ་འདོད་བྱེད་པས། རྔོན་རྒན་བཀྲ་ཚེས་མཉམ་དུ་ཁྲིད་ཕྱིན།འགྲོ་ལམ་ཡག་པོ་མེད་པའི་ནགས་གསེབ་དེར་ཆུ་ཚོད་གཅིག་ལྷག་ཉུལ། རྔོན་རྒན་བཀྲ་ཚེས་གོམ་པ་ཡང་དུ་བཏང་ཞིང་། གཞན་ཚོར་སྐད་འཆོར་མི་ཉན་པའི་བརྡ་ལ་མཛུབ་མོ་མཆུ་སྟེང་བཞག་པ་དང་། རྣ་ཅོག་ཀྲོང་ཀྲོང་བྱས་ཏེ་དབུགས་ཀྱང་མི་གཏོང་བའི་ཚད་དུ་འདུག ཁ་ཕྱིར་བསྐོར་ནས་སྐད་ཆུང་ངུས་རྔོན་རོགས་ཚོར་ལྟོས་དང་། ཕ་ན་གནའ་བ་ཁྱུ་གཅིག་འདུག ང་ཚོས་དེ་དག་གི་རྗེས་བསྙེགས་ཏེ་དེ་རིང་གནའ་བ་ལྔ་དྲུག་ཞིག་གསོད་ཐུབ་པ་བྱེད་ཟེར་ཞོར་མིག་ཅེར་རེ་བགྲད་དེ་རྒྱང་རིང་གི་ནགས་གསེབ་ཏུ་བལྟས། ཕོ་གསར་བཞི་དང་ཚོང་པ་གཉིས་བཅས་མི་དྲུག་པོས་རྔོན་རྒན་བཀྲ་ཚེའི་མཛུབ་མོས་བསྟན་པའི་ཕྱོགས་སུ་བལྟས་པས། རྒྱང་མི་རིང་བའི་ནགས་གསེབ་ཏུ་རི་དྭགས་གནའ་བ་བཅུ་ལྷག་བག་ཡངས་ངང་རྩྭ་ཟ་བཞིན་ཡོད་པ་མཐོང་།ཡུད་ཙམ་འགོར་རྗེས་གནའ་བ་ཁྱུ་དེ་རྩྭ་ཡིས་འགྲངས་པ་ཡིན་ནམ། འཇབ་ནས་བསྡད་པའི་མི་ཡོད་པ་ཚོར་བ་གང་ཡིན་མི་ཤེས་མོད། སྐད་ཅིག་མར་བང་འགྲན་ཏེ་བྲག་ནག་ཅེས་པའི་ཕྱོགས་སུ་རྒྱུག་སོང་། ཁོ་ཚོས་གོ་སྐབས་བཟང་པོ་དེ་སྐད་ཅིག་ལ་སྟོང་པར་འགྱུར་བར་བློ་ཕམ་བྱེད་པའི་ཚེ། རྔོན་རྒན་བཀྲ་ཚེས་ཆིག་ལབ་རྒྱག་བཞིན་ད་ཡག་པོ་བྱུང་། བྲག་ནག་ཕྱོགས་སུ་རྒྱུག་པ་ཡག་པོ་བྱུང་། བྲག་ནག་ཕྱོགས་སུ་ཤིང་ནགས་མེད་ལ། བྲག་རི་གཡང་གཟར་ཡིན་པས་དེ་རིང་གནའ་བ་དེ་ཚོ་འབེན་ལ་བཞག་ནས་གསོད་ཆོག་ཅེས་སྤྲོ་བའི་ངང་བཤད་ཅིང་། མེ་མདའ་ཕྲག་ཏུ་འཁུར་ནས་གོམ་ཆེན་སྤོས་ཏེ་བྲག་ནག་ཕྱོགས་སུ་སྐྱོད།    རྗེས་མ། >>>

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*