རྔོན་པ་རྒད་པོ།། ༼བརྩམས་སྒྲུང་། མུ་འགོད། ༡༽

རྔོན་པ་རྒད་པོ།།༡༼བརྩམས་སྒྲུང་༽

རྩོམ་པ་པོ། ཁྱུང་མཁར་བཀྲ་ཤིས་དོན་གྲུབ་ཀྱིས།

 སྔོ་ཞིང་དྭངས་པའི་ཨ་སྔོན་དགུང་དུ་གློ་བུར་དུ་དཀར་གཙང་ཆུ་འཛིན་ཕུང་པོ་ཞིག་འདུས་ཤིང་། རྟ་དཀར་མི་དཀར་ཅན་གྱི་ཨ་མྱེས་ཁ་བ་དཀར་པོའི་དབུ་དང་སྐུ་ལ་དངུལ་གྱི་ཁྲབ་རྨོག་མནབས་ནས། ཆུ་འཛིན་ཕུང་པོའི་དཀྱིལ་དུ་གནས། ལྷ་ཅིག་དམན་མཚོ་མོའང་སྒེག་ཆོས་རབ་ཏུ་ངོམས་ཤིང་རིན་ཆེན་གསེར་དངུལ་ལས་གྲུབ་པའི་རྣ་ལོང་དང་། གའུ། ཆབ་མ་སོགས་རྒྱན་ཆ་འདྲ་མིན་ལུས་སུ་བཀླུབས་ཤིང་། བྱུ་རུའི་སྐེ་རྒྱན་ཕྲེང་སྐོར་གསུམ་བརྩེགས་ཀྱང་བཏགས་འདུག དེས་ཀྱང་མ་ཟད་ལང་ལོང་དུ་འཕྱུར་བའི་སྤྲིན་ཕུང་དེའི་ཐོག་ཏུ་དམག་དཔོན་དགྲ་འདུལ་དབང་ཕྱུག་དང་བུ་ཆུང་སངས་རྒྱས་དབང་ཕྱུག་སོགས་ཁ་བ་དཀར་པོའི་གཡོག་འཁོར་ཡང་གནས་པ་གསལ་པོ་མཐོང་ཐུབ།
སྐབས་དེར་རྒྱ་གླིང་གི་སྙན་དབྱངས་དང་། དུང་ཆེན་གྱི་རྔམ་སྒྲ།གཞན་ཡང་རྔ་དང་སྦུབ་ཆལ་གྱི་སྒྲ་སྙན་རྣ་བར་ལྷང་ངེར་གྲགས་པ་དང་སྦྲགས། གནས་ཆེན་ཁ་བ་དཀར་པོ་གཡོག་འཁོར་དང་བཅས་པ་བཞུགས་པའི་དཀར་གཙང་སྤྲིན་ཕུང་དེ་རིམ་གྱིས་ཐག་རིང་ལ་བཞུད་པའི་ཟླ་ཆུའི་བར་སྣང་བརྒལ་ཏེ། སྤང་གྲོང་པའི་དབྱིངས་སུ་དལ་གྱིས་འཕུར་ཡོང་ཞིང་། རྔོན་རྒན་བཀྲ་ཚེ་ཚང་གི་ཐོག་ཁང་སུམ་བརྩེགས་ཀྱི་ཐོག་ཏུ་བབས།
སྐྱེ་བོ་ཀུན་ངོ་མཚར་ཞིང་ཧ་ལས་པའི་ཚུལ་དེ་མཐོང་འཕྲལ། རྔོན་རྒན་བཀྲ་ཚེའི་སེམས་པ་འཚབ་བེ་འཚུབ་བེ་ཆགས། སྤྱིར་བཤད་ན་རྔོན་རྒན་བཀྲ་ཚེ་ནི་ཆུང་བྱིས་པའི་དུས་ནས་བོད་མིས་རྩེ་གཅིག་དད་བཀུར་བྱེད་པའི་གནས་ཆེན་རོང་བཙན་ཁ་བ་དཀར་པོའི་རི་འདབས་སུ་འཚོ་སྡོད་བྱེད་པ་དང། རང་གི་ཕ་མ་དང་ཡུལ་མི་ཁྱིམ་མཚེས་ཀུན་ཡང་དྲན་ཤེས་བག་ཡོད་དང་། བྱམས་སྙིང་རྗེ་ལྡན་ཞིང་། ལས་རྒྱུ་འབྲས་མིག་བཞིན་སྲུང་བའི་ཚེ་འདི་ཕྱིར་ཡིད་ཆེས་པའི་དད་ལྡན་སྐྱེ་བོ་ཚུལ་ལྡན་ལུགས་མཐུན་ཤ་སྟག་ཡིན་པའི་ཁར། བཀྲ་ཚེའང་ཆུང་བྱིས་པའི་དུས་ནས་ཨ་ཕའི་རྗེས་བསྙེགས་ཏེ་ཞོགས་སྔ་ལངས་ཀྱིས་གནས་ཆེན་ཁ་བ་དཀར་པོར་བསངས་མཆོད་འབུལ་བར་འགྲོ་བ་དང་། གནས་རྩ་ཆེན་དེར་སྐྱེས་པའི་རྩྭ་རྩི་ཤིང་དང་རི་དྭགས་ལ་བྱམས་སེམས་ཀྱིས་གཉོར་སྐྱོང་བྱེད་མཁན་ཞིག་ཡིན། འོན་ཀྱང་བཀྲ་ཚེ་ཕོ་ལོ་དྲུག་གསུམ་བཅོ་བརྒྱད་ལོན་པ་ནས་རྔོན་རྒྱག་རྒྱུར་དགའ་ཞིང་། རང་གི་རྐང་རྗེས་རི་ལུང་གང་སར་བཞག་སྟེ། རྩིས་རྩིས་གྲངས་ལས་འདས་པའི་གཅན་གཟན་རི་དྭགས་ཀྱི་གཅེས་སྲོག་འཕྲོག་ནས། དེ་དག་གི་ཤ་དང་པགས་པ་ལོངས་སུ་སྤྱོད། དེ་ལྟར་བཀྲ་ཚེའི་སེམས་སུ་གཅན་གཟན་རི་དྭགས་དེ་ཚོ་བཟའ་ཆོག་ཆོག་གི་ཁ་ཤས་འབའ་ཞིག་ཏུ་སྣང་། གལ་སྲིད་ཉིན་འགར་རྔོན་རྒྱག་ཏུ་མ་ཕྱིན་ན། སེམས་སུ་མི་བདེ་བའི་སྣང་བ་འཆར་ཞིང་ལག་པར་ཟ་འཁྲུག་ལངས་ཡོང་།
དེ་རིང་གནས་ཆེན་ཁ་བ་དཀར་པོ་གཡོག་འཁོར་དང་བཅས་པ་དུང་རྒྱ་གླིང་དང་རྔ་སྦུག་གི་སྙན་དབྱངས་ཁྲོད། རང་ཚང་གི་ཁང་ཐོག་ཏུ་བབས་པ་མིག་རིལ་རིལ་གྱིས་མཐོང་བས། རྔོན་རྒན་བཀྲ་ཚེའི་སེམས་སུ་ལྷ་འདྲེ་ཟེར་བ་དངོས་གནས་ཡོད་པ་འདྲ་སྙམ་བཞིན། རང་གི་ཆུང་མ་སྒྲོལ་མ་ལྷ་མོ་ལ་མགྱོགས་པོ་བདུག་སྤོས་དང་དར་དཀར་འཁྱེར་ནས་ཁང་ཐོག་ཏུ་མཆོད་བཀུར་དང་ཕེབས་བསུར་འགྲོ་དགོས་ལུགས་བཤད་ཀྱང་། ཆུང་མས་ཁ་གདངས་མིག་བགྲད་དེ་ཁོའི་གཏམ་ལ་ལན་དུ་ཁྱོད་དངོས་གནས་སྨྱོ་བ་ཨེ་རེད། ཉིན་ཁ་དཀར་ངོ་དཀར་ལ་རྨི་ལམ་རྨིས་པ་ཨེ་རེད་ཅེས་གཤེ་གཤེ་བཏང་ཞིང་རང་གི་ཁྱིམ་ལས་ཙག་ཙིག་ལ་མགོ་འཁོར་ནས་བསྡད།
བསྟུད་མར་ཉིན་ཞག་ཁ་ཤས་ལ་རྔོན་རྒན་བཀྲ་ཚེས་འཕྲུལ་སྣང་འདྲ་མིན་མཐོང་། ཁོའི་རྣ་ལམ་དུ་ནམ་མཁའ་ལས་བྱུང་བའི་སྒྲ་ཡ་མཚན་མང་པོ་ཐོས། རང་གིས་མིག་མཐོང་རྣ་ཐོས་དག་ཆུང་མ་ལ་བཤད་དུས། ཆུང་མས་ཁོ་རང་སྨྱོ་འདུག་ཟེར་བ་དང་། བུ་དང་བུ་མོ་ཚོར་བཤད་དུས། ཁོ་ཚོས་ཀྱང་དགོད་པ་ཙམ་ལས་ཨ་ལན་སྤྲོད་མཁན་མེད། རྔོན་རྒན་བཀྲ་ཚེ་བླ་གྱར་བའི་ཧོན་ལོག་ཅིག་ནང་བཞིན་ཉིན་ཧྲིལ་པོར་གྲོང་མཐའ་དང་ཞིང་མགོ་རུ་འཁྱམས་ཤིང་། མི་སུ་འཕྲད་ཀྱང་དེ་ལ་རང་གི་མཐོང་ཐོས་ཡ་མཚན་དག་ཤོད་མོད།དེ་ལ་ཡིད་ཆེས་བྱེད་མཁན་གཅིག་ཀྱང་མ་བྱུང་། སྤང་གྲོང་པ་རུ་རྔོན་རྒན་བཀྲ་ཚེ་སྨྱོ་འདུགཟེར་བའི་གཏམ་གསར་ཞིག་གང་སར་གྲགས་བྱུང་། གྲོང་པའི་སློབ་ཆུང་གི་བྱིས་པ་བསམ་མེད་དག་གིས་ཀྱང་ཁོ་རང་མཐོང་བ་དང་རྔོན་རྒན་སྨྱོན་པ་ཞེས་འུར་བརྒྱབ་ནས་ཕྱོགས་བཞིར་བྲོས་གང་ཐུབ་བྱེད།
རྔོན་རྒན་བཀྲ་ཚེ་ནི་གནས་ཆེན་ཁ་བ་དཀར་པོའི་ཕྱོགས་སུ་སྙན་གྲགས་ཧ་ཅང་ཆེ་བའི་རྔོན་པ་ཞིག་ཡིན། གནས་ཆེན་ཁ་བ་དཀར་པོའི་ལ་ཀླུང་ཀུན་དང་། དེའི་ཉེ་འཁོར་གྱི་རི་རྒྱུད་ཐམས་ཅད། ཐ་ན་རི་བོ་དེ་དག་ཏུ་སྐྱེས་པའི་རྩྭ་རྩི་ཤིང་ཡོད་དོ་ཅོག་རྔོན་རྒན་བཀྲ་ཚེ་ལ་མཚོན་ན། རང་གི་ལག་མཐིལ་གྱི་རི་མོར་བལྟས་པ་ལྟར་གསལ་འཁྱིལ་ལེ་རེད། རི་རྒྱུད་དེའི་ལ་ཀླུང་གང་སར་འཚོ་བའི་དོམ་དང་། ཤྭ་བ། གནའ་བ། གཉན། ར་རྒོད་སོགས་གཅན་གཟན་རི་དྭགས་ཀྱི་འཚོ་བའི་གོམས་གཤིས་དང་། དེ་དག་དུས་ཚོད་གང་ཞིག་ལ་ས་ཆ་གང་དུ་ཟས་འཚོལ་བའམ་ཆུ་འཐུང་བར་འགྲོ་བའི་གནས་ཚུལ་ཚང་མ་བཀྲ་ཚེ་ཡིས་རང་གི་ཁྱིམ་དུ་གསོས་པའི་བ་གླང་ར་ལུག་ལྟར་ཆ་རྒྱུས་ཡོད།
ཕོ་ལོ་བཅོ་བརྒྱད་ལ་སོན་པའི་ལོ་དེར་རང་ལ་དབང་བའི་རྔོན་མདའ་དང་པོ་ལག་ཏུ་ཐོབ་པ་ནས། བཀྲ་ཚེས་རི་ཀླུང་མང་པོ་རྐང་པས་གཞལ་ནས་གཅན་གཟན་རི་དྭགས་མཐོང་ཚད་རང་གི་རྔོན་ཟོག་ཏུ་བསྒྱུར། ལང་ཚོ་དར་ལ་བབས་ཤིང་དཔའ་སེམས་དགུང་དང་མཉམ་པའི་བཀྲ་ཚེ་ལ་ཆ་མཚོན་ན། མེ་མདའ་ནི་རང་གི་གཅེས་ནོར་ཡིན་པ་སྨོས་ཅི། དེ་ནི་རང་གི་གྲོགས་མཆོག་དང་རང་གི་སྲོག་ཡིན་པའི་སྣང་བའང་འཆར། བཀྲ་ཚེ་གང་དུ་འགྲོ་ནའང་རྒྱབ་ཏུ་མེ་མདའ་མི་བྲལ་ཞིང་། རྔོན་རྒྱག་པ་ནི་ཁོའི་རྒྱུན་གཏན་གྱི་ལས་ཀ་ཆགས། དུས་དེ་ནས་བཟུང་རྔོན་པ་བཀྲ་ཚེ་ཞེས་པའི་མིང་དང་། རྔོན་པ་བཀྲ་ཚེས་རྔོན་རྒྱག་པའི་གཏམ་རྒྱུད་མི་རྣམས་ཕན་ཚུན་གཅིག་གིས་གཅིག་ལ་བརྒྱུད་དེ་གནས་ཆེན་ཁ་བ་དཀར་པོའི་རི་རྒྱུད་ཀྱི་ཡུལ་གྲུ་ཆེ་ཆུང་ཀུན་ཏུ་རླུང་ལྟར་ཁྱབ།
དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་པ་ནི་རྔོན་རྒན་བཀྲ་ཚེ་ལ་མཚོན་ན། བཀྲ་ཤིས་རྫོགས་ལྡན་གྱི་བསྐལ་བ་བཟང་པོ་ཡིན་ཟེར་ནའང་མི་ཆོག་པ་མེད། དེ་སྔོན་ཡིན་ན་རྔོན་བརྒྱབ་ནས་ཐོབ་པའི་གཅན་གཟན་རི་དྭགས་གང་ཡིན་ནའང་། ཤ་ནི་རང་གི་ཁྱིམ་མིའི་ཟས་སུ་གྱུར་པ་དང་། རྔོན་ཟོག་མང་པོ་བྱུང་ན་ཤ་སྐམ་པའམ་ཁྱིམ་མཚེས་ལ་བགོ་བཤའ་རྒྱག་གི་ཡོད། སེམས་ཅན་གྱི་པགས་པ་དང་། དོམ་མཁྲིས། གླ་རྩི། ཤྭ་བའི་ཁྲག་རྭ་སོགས་ཁྱིམ་དུ་ཉར་བ་ཙམ་རེད།
ལོ་རབས་བརྒྱད་ཅུ་པར་བཅོས་སྒྱུར་གྱི་དུང་སྒྲ་ཡུལ་ཕྱོགས་ཀུན་ཏུ་གྲགས་པ་དང་བསྟུན་ནས། རི་ཁུག་ལུང་ཁུག་ཏུ་སྔར་གནས་མཇལ་བ་ཐར་ཐོར་ལས་འགྲོ་འོང་བྱེད་མཁན་ཕལ་ཆེར་མེད་པའི་ཁ་བ་དཀར་པོའི་རྒྱུད་ཀྱི་རི་གྲོང་དེ་དག་ཏུའང་ཚོང་པ་ཡིན་ཟེར་བའི་མི་རིགས་འདྲ་མིན་གྱི་བོད་སྐད་ཚིག་རེ་ཟུང་ལས་ཤོད་མི་ཤེས་མཁན་མང་པོ་སླེབས་པ་དང་། ཕ་ཡུལ་རྒྱལ་ཐང་ནས་ཡིན་པའི་བོད་ རིགས་ཚོང་པ་མི་ཉུང་བའང་རི་གྲོང་དེ་དག་ཏུ་འཛོམས་ཡོང་། སྐེད་པར་དངུལ་ཁུག་བཅིངས་ཤིང་། སྒལ་པར་སྲང་ཆུང་བཙུགས་པའི་ཚོང་པ་དེ་དག་ཁ་བ་དཀར་པོའི་རྒྱུད་ཀྱི་རི་གྲོང་ཆེ་མ་ཆུང་གསུམ་དུ་ཉུལ་ནས། གཅན་གཟན་རི་དྭགས་ཀྱི་པགས་པ་དང་། དོམ་མཁྲིས། གླ་རྩི་སོགས་ཉོ་སྒྲུབ་བྱེད་པར་བྲེལ། དུས་ཚིགས་དང་བསྟུན་ནས་རི་སྐྱེས་ཀྱི་དབྱར་རྩྭ་དགུན་འབུ་དང་ཨ་བི་ཁ་སོགས་མདོར་ན་རི་གྲོང་དུ་ཡོད་པའི་དངོས་ཟོག་ཅི་ཡིན་ཡང་ཕལ་ཆེར་ཁོ་ཚོར་མཁོ་བ་འདྲ།
སྐབས་དེ་དུས་ཕྱོགས་བཞིའི་གྲོང་མི་ཚོས་ཚོང་པ་དེ་དག་མགོན་སྐྱབས་ལྟ་བུར་བརྩི་བཞིན་ཡོད། ཁོ་ཚོ་གྲོང་ཚོར་སླེབས་པ་དང་ལུག་དང་བྱ་དེ་བསད་ནས། ཆང་དང་ཇ་དྲངས་ཏེ་རང་ཁྱིམ་དུ་བསུ་གང་ནུས་བྱས་ཏེ། རང་ལག་ཏུ་ཡོད་པའི་ཚོང་ཟོག་ཙག་ཙིག་རྣམས་རིན་གོང་ཅུང་ཙམ་མཐོ་པོས་འཚོང་ཐུབ་པའི་རེ་བ་བཅངས།
ཕྱི་ནས་ཡོང་བའི་ཚོང་པ་དེ་དག་སྤྱིར་ན་མི་རིགས་མི་གཅིག་ཅིང་། སྒོས་སུ་ཡུལ་ལུང་ཡང་མི་མཐུན་མོད། འོན་ཀྱང་ཁོ་ཚོར་མཁོ་བའི་དངོས་པོ་ནི་གཅིག་མཚུངས་ཡིན་པ་སྟེ། བྱུང་ན་དོམ་མཁྲིས་དང་། གླ་རྩི། ཤྭ་བའི་ཁྲག་རྭ་ཁ་གསུམ་ཅན་སོགས་དང་། དེ་ནས་གཅན་གཟན་རི་དྭགས་སྣ་མིན་གྱི་པགས་པ་ཡིན་པས། ཁོ་ཚོ་གནས་ཆེན་ཁ་བ་དཀར་པོའི་རྒྱུད་དུ་སླེབས་སྐབས་སྤང་གྲོང་པའི་རྔོན་རྒན་བཀྲ་ཚེ་ཚང་ནི་ཁོ་ཚོའི་དམིགས་ཡུལ་ཡིན་པ་ནི་བཤད་མི་དགོས། དེའི་རྒྱུ་མཚན་མ་བཤད་ཀྱང་ཚང་མས་མཁྱེན་གསལ་ལགས་ཏེ། བཀྲ་ཚེ་ནི་གནས་ཆེན་ཁ་བ་དཀར་པོའི་རྒྱུད་ཀྱི་སྐད་གྲགས་ལྡན་པའི་རྔོན་རྒན་ཡིན་པས། ཚོང་པ་དེ་དག་ལ་མཁོ་བའི་རིན་ཆེན་ནོར་བུ་ཁོའི་ལག་ཏུ་ནམ་རྒྱུན་ཡོད་པ་དེའོ།
རྔོན་རྒན་བཀྲ་ཚེའི་ཁྱིམ་ནི་ཚོང་པ་དེ་དག་འདུ་འཛོམས་བྱ་ཡུལ་ཆགས་པ་དང་། ཚོང་པ་དེ་ཚོས་ཀྱང་ཕྱི་ནས་ཡོང་དུས་ཇ་བག་ཆུང་གཉིས་གསུམ་ཙམ་དང་ཨ་རག་དམ་བི་འགའ་ལག་རྟགས་སུ་འཁྱེར་ཡོང་བ་དང་ཕར་ལོག་སྐབས་སྒོར་མོ་བཅུ་ཉི་ཤུ་ཙམ་ཟས་རིན་དང་ཁང་གླ་རུ་འཇོག་གི་ཡོད།
རྔོན་རྒན་བཀྲ་ཚེ་མི་གཤིས་བཟང་ཞིག་ཡིན། བོད་ཀྱི་ཁ་དཔེར་མི་བཟང་ལ་མགྲོན་འཁོར་ཞེས་པ་ལྟར་ཚོང་དཔོན་དེ་དག་ཁོའི་ཁྱིམ་དུ་གནས་ཚང་གཡར་རྒྱུར་དགའ། མ་གཞི་ཁོ་ཚོའི་དམིགས་ཡུལ་ནི་ཚོང་ཟོག་ཡག་ཤོས་དང་མང་ཤོས་ཉོ་རྒྱུ་དེ་ཡིན་མོད། ཁོ་རང་གིས་ཚོང་པ་དེ་དག་ལ་ཞེན་མ་ལོག་སྟེ་དགའ་བའི་འཛུམ་དང་ཞིམ་པའི་ཟས་ཀྱིས་བསུ།

རྗེས་མ། >>>

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*