གཙང་ཁུལ་གཉེན་སྒྲིག་རྟེན་འབྲེལ་བྱེད་སྲོལ།

  གཙང་ཁུལ་གཉེན་སྒྲིག་རྟེན་འབྲེལ་བྱེད་སྲོལ།

དང་པོ། རྟེན་གཙོ་ལ་བཤད་པ།

ཉི་མ་དེ་རིང་གནམ་ལ་སྐར་མ་གང་ཡང་བཟང། ས་ལ་ཉི་མ་དྲོ་ཡང་དྲོ། བར་དུ་དུས་ཚེས་རྒྱུ་སྐར་འཛོམས། གནམ་སྔོ་མོ་འཁོར་ལོ་རྩིས་བརྒྱད་འོག། ས་གཡང་ཆགས་པད་མ་འདབ་བརྒྱད་སྟེང། བར་དུ་མི་འགྱུར་རྣམ་རྒྱལ་ཁང་བཟང་ལ། ལོགསརིས་བཀྲ་ཤིས་རྟགས་བརྒྱད་བརྒྱན་པའི་དུས་འདིར་རྒྱལ་བའི་སྐུ་གསུང་ཐུགས་ལ་མགུལ་དར་འདི་འབུལ་ལོ།

གཉིས་པ། འབོ་བྲེ་ལ་བཤད་པ།

ལྷོ་ནས་ཐོན་པའི་གཤིན་གཤིན་རྗེའི་འབོ། སྔར་ཡང་འབོལ་ལ་ད་ཡང་འབོལ། སྔར་འབོལ་དར་འབོལ་ཡོངས་བའི་རྟེན་འབྲེལ་བྱུང། དེ་ཡི་ནང་དུ་བླུགས་པའི་རྒྱ་གྲོ་དཀར་པོ་འདི། ཞལ་དྲོ་ལ་འཇུག་པའི་གྲོ། དེ་ཡི་སྟེང་དུ་བཞག་པའི་ཤེལ་ཚྭ་དཀར་པོ་འདི། བྱ་བ་ཐམས་ཅད་ཚགས་དུ་ཚུད་པའི་ཚྭ། ཕྱེ་མརགངས་དཀར་ཏི་སི་ལ། མར་ཡས་ཚང་པའི་ལྔ་ལྡན་ཡོད། དཀར་ཕྱོགས་བརྒྱལ་བའི་འཕྲིན་ལས་མཛོད། འདི་ཡི་སྟེང་དུ་གཟེར་བའི་མདའ་དར་ཚོན་སྣ་ལྔ་འདི། ལྷོ་རོང་སྨྱུག་མའི་དར་དང་གཅིག། རིན་ཆེན་ལྕགས་ཀྱི་དེའུ་དང་གཉིས། བྱ་རྒྱལ་རྒོདཔོའི་གྲོ་དང་གསུམ། གསལ་བྱེད་དངུལ་དཀར་མེ་ལོང་བཞིན་མཛེས་དང། སྐེད་བཅིངས་དར་ཚོན་སྣ་ལྔ་བཅིངས། མདའ་འདི་ཚངས་པའི་ལྔ་ལྡན་ཟེར། རྒྱ་དར་དྲི་མེད་རབ་དཀར་འདི། མདའ་དར་ཁྱེད་ལ་བསྒྲོན་པ་ཡིན།

གསུམ་པ། ཀ་བ་ལ་བཤད་པ།

ཤར་སྐྱེལ་ཚལ་ཀླུ་ལྡིང་ནས་གདན་དྲངས་པའི། ཀ་བ་འདི་ལ་ཀ་དར་བསྒྲོགས་པ་ལ། ཀ་རབས་བཅུ་གསུམ་ཚངས་བ་དགོས། དང་པོ་ཀ་གདན་ནོར་བུའི་རྡོ་དང་གཅིག། ཀ་བ་བྲེ་དང་ཕྲེང་བ་གསུམ། གཞུ་རིང་གཞུ་ཐུང་པད་སྡོད་ཁ། མོ་འཕྲེང་པད་མ་ཆོས་བརྩེགས་ཡོད། ཀ་རབས་བཅུ་གསུམ་དེ་ཡི་ཚངས། ཕོ་ཟོག་གསེར་གྱི་ཀ་བ་ལ། ཀ་བ་མི་འགྱུར་བརྟན་དུ་བཞུགས། ལྕམ་ཤིང་བྲལ་མ་བུ་ནོར་འཛོམས། དེ་སྔར་འཛོམས་ལ་ད་ཡང་འཛོམས། འཛོམས་གསུམ་འགྱུར་བ་མེད་པའི་ཀ་དར་འདི། ཀ་བའི་མགོ་ནས་བཏང་ཙ་ན། ཀ་ཞབས་མ་ལ་ཉི་ལི་ལི། དར་འཛིན་པ་ཡི་རྟ་མགོ་ནོར་བུ་མེ་འབར་ལ་འབུལ་ལོ།

བཞི་པ། ཆང་སྣོད་འཁྱིལ་ལ་བཤད་པ།

འཁྱིལ་ཞབས་ཨོ་རྒྱན་སྒོ་མོ་ལ། མར་ཡས་ཚངས་པའི་ལྔ་ལྡན་ཡོད། ཕྱི་ནས་བལྟས་ན་རི་བོ་བཙུགས་པ་འངྲ། ནང་ནས་བལྟས་ན་རྒྱ་མཚོ་བགྱིང་པ་འདྲ། ཕྱི་རྟ་ལྔ་ཙམ་གྱི་གས་ཆགས་མེད། ནང་ཉུང་དཀར་ཙམ་གྱི་རྡིབ་ཞོམས་མེད། ན་ནིང་བཙོས་པའི་ལོ་ཆང་གར་མ་ཡོད། ད་ལོ་བཙོས་པའི་འབྲས་ཆང་བསིལ་མ་ཡོད། བདུད་རྩི་ལྟ་བུའི་བཅུད་གཅིག་ཡོད། ཨ་རག་ལྟ་བུའི་གར་རྩི་ཡོད། ཕྱི་ཨོ་རྒྱན་པད་མའི་བདུད་རྩི་ཉན་པ་དང། ནང་མི་ལ་རས་པའི་ཚེ་ཆང་ཉན་པ་ཡོད། དེ་ཡི་འགྲམ་དུ་བཞག་པའི་སྦུ་རྐྱ་སྨུག་མ་ཚིག་གསུམ་འདི། དང་པོ་འཁྲུངས་པ་རྩ་རིའི་ནགས་སུ་འཁྲུངས། དེ་རིང་བྱོན་པ་གནས་ཁང་དེ་རུ་བྱོན། གཡས་སྐོར་ལན་གསུམ་བརྒྱབ་ཙ་ན། སྦུ་ཁ་གཡས་སུ་འཁྱིལ་བ་དང། གཡོན་སྐོར་ལན་གསུམ་བརྒྱབ་ཙ་ན། སྦུ་ཁ་གཡོན་སུ་འཁྱིལ་བ་ཡོད། སྐེད་པ་སྟག་ཤར་གཞོན་པའི་མདའ་སྨྱུག་དང། རྩེ་མོ་གནས་ཁང་འདི་འབུ་ཤིང་ཉན་པ་ཡོད་པས་བཀྲ་ཤིས་པའི་མགུལ་དར་འདི་འབུལ་ལོ།

ལྔ་པ། འཛུགས་ཤ་ལ་བཤད་པ།

སྔོམ་དུས་ཆོས་རྒྱལ་སྲོང་བཙན་སྒམ་པོ་ཡི། རྒྱ་བཟའ་ལྷ་ཅིག་ཁབ་ཏུ་གདན་འདྲེན་སྐབས། མི་རྒྱུད་བཙུགས་པའི་རྟེན་འབྲེལ་འདི་ལྟར་ལགས། ཚུགས་མི་ཟེར་བཙུགས་ཟེར། མི་རྒྱུད་རྩ་བ་བཙུགས་པ་ཟེར། བསྐང་པ་མི་ཟེར་ཁེངས་པ་ཟེར། རྒྱུ་ནོར་ཁེངས་པའི་ཁེངས་པ་ཟེར། གཞུ་གུ་མི་ཟེར་མཇུག་མ་ཟེར། མི་རྒྱུད་ཆུ་ལས་རིང་བའི་མཇུག་མ་ཟེར། མཚང་ར་མི་ཟེར་ཚང་པ་ཟེར། ལོངས་སྤྱོད་ཚང་པའི་མཚང་ར་ཟེར། ལོང་མི་ཟེར་ལྷོང་ཞེས་ཟེར། འདོད་དོན་ལམ་དུ་ལྷོང་བ་ཟེར། ཚིག་མི་ཟེར་རྩེག་པ་ཟེར། རྒྱ་ཇའི་བརྩིགས་པ་རྩེགས་པ་ཟེར། སྐེད་པ་མི་ཟེར་སྐྱེས་པ་ཟེར། པང་བུ་བཟང་སྐྱེས་པའི་སྐྱེས་པ་ཟེར། སོག་པ་མི་ཟེར་གསོག་པ་ཟེར། རྒྱུ་ནོར་གསོག་པའི་སོག་པ་ཟེར། ལག་པ་མི་ཟེར་ལྷག་པ་ཟེར། གཞན་གང་ལས་ལྷག་པ་ཟེར། བྲང་མི་ཟེར་དྲང་བ་ཟེར། གཤིས་རྒྱུད་མདའ་ལས་དྲང་བའི་དྲང་པོ་ཟེར། འཇིངས་པ་མི་ཟེར་འགྱིངས་པ་ཟེར། ཕྱི་དགྲ་བོའི་ཐོག་ཏུ་འགྱིངས་པ་ཟེར། མགོ་མི་ཟེར་མགོན་པོ་ཟེར། ཉམ་ཐག་སྐྱོབ་པའི་མགོན་པོ་ཟེར། ད་ཡང་གཡང་མོ་ཁྱེད་དབྱར་གྱི་དུས་སུ་རྩྭ་སྣ་གང་འཛོམས་ཟས། དགུན་གྱི་དུས་སུ་ཆུ་སྣ་གང་འཛོམས་འཐུང། ནམ་བཞག་རྒྱུན་དུ་སྤང་གཞོང་བདེ་མོར་སྐྱིད་ཉལ་བརྒྱབ། ལྷས་ར་གྲུ་བཞིའི་ནང་དུ་ར་རྩེ་ངོམས། དེ་རིང་བཞུགས་གྲལ་འདིའི་རྒྱན་ཡིན་པས་བཀྲ་ཤིས་པའི་སྐྱིད་ཉལ་གཅིག་བརྒྱབ་ཤོག་ཨང་།

དྲུག་པ། ཡབ་ཆེན་ལ་བཤད་པ།

ཡབ་ཆེན་ཁྱེད་ནི་གངས་རི་དཀར་པོ་འདྲ། གངས་རི་དཀརཔོའི་པད་མ་འདབ་སྟོང་བརྒྱས། འདབ་སྟོང་རྒྱས་ནས་ངང་པ་ལྷ་སྲས་འཁྲུངས། ལྷ་སྲས་ཐུགས་འཛིན་ངང་ལ་བཀྲ་ཤིས་པའི་མགུལ་དར་འདི་འབུལ་ལོ།

བདུན་པ། ཡུམ་ཆེན་ལ་བཤད་པ།

ཡུམ་ཆེན་ཁྱེད་ནི་མ་ཕམ་གཡུ་མཚོ་འདྲ། མ་ཕམ་གཡུ་མཚོའི་པད་མ་འདབ་སྟོང་རྒྱས། འདབ་སྟོང་རྒྱས་ནས་ངང་པ་ལྷ་སྲས་འཁྲུངས། ལྷ་སྲས་ཐུགས་འཛིན་ངང་ལ་བཀྲ་ཤིས་པའི་མགུལ་དར་འདི་འབུལ་ལོ།

བརྒྱད་པ། བུ་ལ་བཤད་པ།

སྨྲ་བའི་ངག་གི་དབང་ཕྱུག་འཇམ་དབྱངས། དབྱངས་ཅན་ལྷ་མོའི་བཙུགས་ལ་འདོད་འཇོའི་དཔལ་ལྡན་ཚངས་པ་སྡེ་བཞིའི་བང་མཛོད་འཛིན། འཛིན་མོའི་མངའ་བདག་རྣམས་ཀྱི་ཤེས་པར་བྱ། ལྷ་སྲས་ཁྱེད་ནི་ལྗོན་པའི་སྲས་ཕོ་འདྲ། ཕོ་རྒོད་བརྒྱ་ཡི་ཁྱུ་རྒྱན་ཡིན། དཔའ་བོ་སྟོང་གོ་སྲོག་དར་ཡིན། ཤར་རྒྱན་ན་བཀྲ་ཤིས་ཁྲི་འཁོར་ནས་གདན་དྲངས་པའི། རྒྱ་དར་དྲི་མེད་རབ་དཀར་འདི། ཕྱི་ལ་བཀྲ་ཤིས་རྟགས་བརྒྱད་ཡོད། ནང་དུ་གཡུ་འབྲུག་ཚངས་ཉལ་ཡོད། མཐོ་ནམ་མཁའ་ཡ་ལ་འཕྱར་ཙ་ན། ནམ་མཁའ་འཇའ་ཡི་ཁེངས་པའི་རྟེན་འབྲེལ་ཡོད། དམའ་ས་གཞི་མར་ལ་འཕྱར་ཙ་ན། ས་གཞི་ནོར་གྱི་ཁེངས་པའི་རྟེན་འབྲེལ་ཡོད། བར་བཞུགས་གྲལ་འདི་རུ་འཕྱར་ཙ་ན། བཞུགས་གྲལ་འོད་ཀྱི་ཁེངས་པའི་རྟེན་འབྲེལ་ཡོད། དེ་རིང་ལྷ་སྲས་ཁྱེད་ལ་བསྒྲོན་པ་ཡིན། ན་མོ་ཀྱི་ཀྱི་སའོ་སའོ་ལྷ་རྒྱལ་ལོ།

དགུ་པ། མནའ་མ་ལ་བཤད་པ།

གནས་ནོར་འཛིན་ཡངས་པའི་ཁྱིམ་འཛིན་མ། ཁྱེད་མི་དང་མི་འདྲ་ལྷ་ཡི་སྲས་མོ་འདྲ། བརྒྱ་ཡི་དཀྱིལ་ནས་སྒྲུག་པ་ཡིན། སྟོང་གི་དཀྱིལ་ནས་བདམས་པ་ཡིན། བརྒྱ་སྟོང་གཉིས་ཀྱི་ཁྲི་ལ་བྱོན། གཙོ་བོ་ཡབ་ཡུམ་གཉིས་ལ་གིས་ཞབས་མཛོད། ཡང་སྒོས་སྲས་པོ་རྣམས་ལ་སྐྱོང་དར་མཛོད། ཕར་ལ་ཕེབས་དུས་སྤྱན་གྱི་སྐྱེལ་མ་མཛོད། ཚུར་ལ་ཕེབས་དུས་སོ་དཀར་འཛུམ་གྱིས་བསུས། བུ་གསུམ་སྤང་དུ་ལོན་པའི་བཀྲ་ཤིས་པའི་མགུལ་དར་འདི་འབུལ་ལོ།།

 

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*