ཞོགས་པའི་འཆར་སྣང་ཐོར་བུ།


ཞོགས་པའི་འཆར་སྣང་ཐོར་བུ།

— གདོང་མཁན་པས།
སྒྲུབ་བརྒྱུད་བསྟན་པ་རྒྱ་མཚོའི་གདམས་ངག་བཅུད།།
བརྩེ་ཆེན་ཆུ་འཛིན་གཞོན་ནུས་ཉེ་བར་འཁྱུད་པས།།
རྒྱལ་བསྟན་ཕྱོགས་བཅུར་སྤེལ་བའི་འཕགས་མཆོག་མགོན།།
པད་དཀར་བསྟན་འཛིན་རྒྱལ་མཚོར་སྤྱི་བོས་མཆོད།།
རབ་འབྱམས་རྡུལ་སྙེད་དག་པའི་ཞིང་ཁམས་ནས།།
ཐུགས་བརྩེ་སྤྱན་གྱིས་འགྲོ་དྲུག་བུ་ལྟར་དགོངས།།
ཁྱད་པར་ས་འཛིན་དཀར་པོའི་རྒྱལ་བསྟན་འདིར།།
ཐུགས་བསྐྱེད་ཀློང་ནས་རྟག་བརྟན་དངོས་གྲུབ་སྩོལ།།
སྙིགས་དུས་དགུ་ཚོགས་འཛིངས་པའི་མལ་དུ་རྒུད།།
རང་བྱུང་ཉེར་འཚེ་རྒོད་པའི་སྨག་རུམ་ཚོམས།།
༧ རྗེ་བཙུན་པད་དཀར་ཟླ་དཀར་དགྱེས་པའི་ཞལ།།
སངས་པའི་ཞི་བདེ་ཉི་གཞོན་རྟག་ཏུ་འཆར།།
ཁྱད་པར་བྷོ་ཊའི་གངས་ལྗོངས་ཆོས་སྲིད་འདིར།།
འགྲོ་དྲུག་ངོམས་མེད་མྱོང་བའི་ཆོས་སྐལ་བཅུད།།
བཤད་སྒྲུབ་གདུགས་དཀར་ཐུབ་བསྟན་ཕྱོགས་ཀུན་ཏུ།།
མཐོང་སྨོན་འཛམ་གླིང་བདེ་བའི་དཔལ་དུ་སྒྲེང་།།
ཀུན་རྟོག་མུན་པར་རྒོལ་བའི་ཟླུམ་གཟུགས་ལས།།
ཞི་བདེའི་ཟེགས་མ་འགྲེམས་པའི་ཤཱཀྱའི་ལམ།།
ཤེས་དཔྱོད་སྤོབས་པའི་ལེགས་བཤད་ཟབ་ཆོས་བརྩོན།།
དུས་མཚམས་འགྲེམས་པའི་རླབས་ཕྲེང་རབ་ཏུ་རྒྱས།།
ལེགས་བཤད་མཛེས་སྡུག་ཚོཊ་གཉིས་དཔལ་རྫོགས་པའི།།
དྲི་བྲལ་སྒྱུ་ལུས་ཟླ་གཞོན་གསར་དུ་བཞེད།།
རྣམ་དག་བློ་གྲོས་ཟེར་བརྒྱ་འབར་བ་ཡིས།།
ཐར་འདོད་ངུར་སྨྲིག་འོད་དཀར་སྣང་བའི་ཁྱབ། །
དམ་ཆོས་མཐའ་བྲལ་སྟོང་དང་རྟེན་འབྲེལ་བཅུད།།
རྣམ་དག་ཡོན་ཏན་གཤོག་རྩལ་རབ་རྫོགས་ཤིང་།།
རིས་མེད་རྒྱལ་བསྟན་ཀུན་བཏུས་ཐུགས་རྒྱུད་གཏམས།།
བརྩེ་ཆེན་དགེ་བའི་རླུང་ཤུགས་རྟག་ཏུ་ལྡོངས།།
ཕན་ཚུན་སྤྱི་སྙོམས་བྱམས་བརྩེའི་འཛུམ་དཀར་དང་།།
དད་འདུན་བློ་གྲོས་དྭངས་གཙང་རླབས་ཕྲེང་གིས།།
ས་དགེ་བཀའ་རྙིང་གཡུང་དྲུང་ཆོས་འཐུས་དག།
ཐུགས་མཐུན་འོ་ཆུ་ཉི་ཟླའི་དཀྱིལ་འཁོར་འཁྱིལ།།
སྐྱབས་གསུམ་བླ་མའི་ཐུགས་རྗེ་བྱིན་རླབས་མཐུས།།
རྒྱལ་བསྟན་སྤྱི་དང་བྱེ་བྲག་གངས་ལྗོངས་བསྟན།།
ཟླུམ་གཟུགས་ཀུན་ཏུ་ཆོས་སྲིད་མངའ་ཐང་རྒྱས།།
བསྟན་སྲུང་ལྷ་བརྒྱད་རྣམས་ཀྱིས་སྡོངས་གྲོགས་མཛད།།
ཆོས་འཐུས་ཐུགས་མཐུན་དལ་ལྷོད་མེད་པ་དང་།།
རང་སེམས་ཞི་བདེ་བག་ཕེབས་ཡངས་པོ་ནས།།
ཆོས་སྤྱོད་དགེ་བཅུའི་ལོངས་སྤྱོད་བདེ་དགའ་འབྲེལ།།
ཕོད་གསུམ་དྲང་པོའི་ལམ་ཕྱོགས་བརྟན་བཟུང་ནས།།
ཀུན་མཁྱེན་པད་དཀར་ཐུགས་དགྱེས་ལེགས་གསོལ་དང་།
བོད་མིའི་བདེ་སྡུག་ཀུན་སྐྱོང་དུས་བྲེལ་གཉེར།།
ཀཿབྲག་མིང་པས་ཞོགས་ཟས་ཟ་ཞོར་ནས།།
རང་བཞིན་དགའ་འཁྱུལ་མགྲིན་ལག་དབང་མེད་ཐལ།།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*