སྐལ་བཟང་མེ་ཏོག་རྙེད་པ།


བོད་ལྕེའི་ཐོལ་རྩོམ་ཞིག
ཚ་བ་མདའ་སྨྱུག་ཅེས་པའི་རྟོག་གེ་བ་གཡེར་པོ་ཆེ་དེ་གར་སོང་དེར་ཡོད་མེད་ནས་ལོ་ངོ་བཅུ་ལ་ཉེ་སོང་། བོད་མདོ་དབུས་ཁམས་གསུམ་ལ་མིང་དུ་གྲགས་པའི་ན་གཞོན་གཞས་མ་སྐལ་བཟང་མེ་ཏོག་ཀྱང་དེ་ཤད་ཅིག་ནས་གར་སོང་མེད་པར་གྱུར་པ་རེད། དོན་དངོས་སུ་ཁོང་གཉིས་བོར་རྐྱེན་ལ་འབྲེལ་བ་ཡོད་སྲིད་དམ། མུ་མཐུད་ནས་རྩོམ་ཡིག་འདི་ཀློག་དང་ཁྱེད་དང་ངའི་དྲིས་ལན་རྙེད་པར་འགྱུར།

མདའ་སྨྱུག་བོར་བརླག་སོང་བའི་དུས་ཡུན་རིང་མོ་དེའི་ནང་ཁོང་དང་ཁོང་གི་རིག་རྟོབས་དང་དྲང་ཚུགས་ལ་གཅིག་ཏུ་འཁྲེང་ཞེན་ཆེ་བ་དང་། གཏན་ནས་དོག་ཞེད་སྐྱེས་པའི་བོད་མི་སེར་སྐྱ་ཁྲི་སྟོང་གི་སེམས་སུ། ཁོང་ཉིད་ཇི་ལྟར། གང་ཞིག་ནས། ཅིས་ཕྱིར་བོར་སོང་བ་སོགས་དང་འབྲེལ་བའི་རྟོག་བཏགས་དང་སྟོང་འདང་སྣ་ཚོགས་ཤིག་བརྒྱབ་པ་རེད། གཏམ་འཆལ་དང་འུར་འདྲོགས་ཀྱང་སྣ་ཚོགས་ཤིག་བྱས་པ་རེད།

དེ་དག་གི་ཁྲོད་ཀྱི་གྲོགས་པོ་ལ་ལས། འོ་ན་སྐལ་བཟང་མེ་ཏོག་༢༠༠༨ལོ་ཚུན་ཆད་ཅིས་ཕྱིར་གོ་ཐོས་ཙམ་ཡང་མེད་པ་ཡིན་ནམ། ཞེས་མདའ་སྨྱུག་བོར་བ་དང་སྐལ་བཟང་མེ་ཏོག་མཐོང་ཐོས་མེད་པའི་བར་དུ་དཔེ་མི་སྲིད་པའི་འབྲེལ་བ་རེ་ཡོད་དམ་སྙམ་པའི་དོག་འདྲི་ཡ་མཚན་རེའང་བྱེད་ལ། ཁོ་ཚོ་ལ་ལའི་སེམས་ནས་མདའ་སྨྱུག་གིས་གཞས་པ་སྐལ་བཟང་མེ་ཏོག་གི་སྒོ་འགྲམ་ནས་ཟས་བཅད་ངོ་རྒོལ་སོགས་བྱས་ཏེ་མི་མེད་ལུང་སྟོང་གང་ཞིག་ཏུ་བཙུད་བསྡད་ཡོད་ན་ཐང་ཨང་སྙམ་པ་དང་། ཡང་ན་ཁོང་གི་གཞན་དྲིང་མི་འཇོག་པའི་སྨྲ་ལྕེའི་འཕྲུལ་ཐབས་དེས་ལོ་ཆུང་གི་སྣང་བ་སླུས་ཏེ་སོང་ངམ་སོགས་དགོད་བྲོ་བའི་སྟོང་བསམ་སྣ་ཚོགས་ཤིག་ཀྱང་འཁོར་ཡོད་ཚོད་ཡིན།

འདི་ལ་རྒྱུ་མཚན་གཏན་ནས་མེད་པ་ནི་ག་ལ་ཡིན་ཏེ། མདའ་སྨྱུག་མ་བོར་གོང་ལ་ཡང་ནས་བསྐྱར་དུ་སྐལ་བཟང་མེ་ཏོག་ལ་དཔྱད་བརྗོད་དང་སྙན་ཚིག་སོགས་ཧ་ཅང་འབོར་ཆེན་ཞིག་བྲིས་ཤིང་། བྲིས་རྗེས་གར་སོང་མེད་པར་གྱུར་པ་དང་། བོར་རྐྱེན་མངོན་གསལ་བ་གཞན་ཡང་ཆེར་མ་རག་པའི་ཁར། གཞས་མ་སྐལ་བཟང་མེ་ཏོག་ནི་དེའི་གོང་ནས་ཀྱང་གླུ་གཞས་སྒྱུ་རྩལ་གྱི་བྱང་ཚད་དང་། ཁོར་ཡུག་དང་འབྱོར་བའི་མཐུན་རྐྱེན།ལོ་དང་ལང་ཚོའི་གནས་བབ་སོགས་གང་ཅིའི་ཐད་ནས་བསམ་རུང་། མུ་ནས་བོད་ཡུལ་ཙམ་ལས་བརྒལ་ཏེ་སྙན་གྲགས་རྒྱས་རྒྱུའི་མ་རྩ་ཧ་ཅང་བཟང་བ་ཡིན། འོན་ཏེ་༢༠༠༨ཙམ་ནས་བཟུང་སྟེ་ཆེད་བསྒྲིགས་གསར་པ་ཕར་ཟད། སྤྱི་སྒེར་གྱི་གར་སྟེགས་ཆེ་ཆུང་ཀུན་ལས་མཐོང་ཐོས་མེད་ཅིང་། ཐ་ན་རྐྱང་གཞས་གསར་པ་ཞིག་ཀྱང་བཏོན་མེད་པའི་ཕངས་སེམས་སྐྱེ་བའི་དོན་དེ་བྱུང་བ་རེད། དེ་བས་དོན་དངོས་སུའང་མི་རྣམས་དོག་པ་དེ་འདྲ་ཞིག་ཀྱང་ཟ་ཆོག་ཆོག་ཏུ་ཡོད་པ་ཡིན།
མ་ཟད་དོན་དངོས་སུའང་གལ་ཏེ་མདའ་སྨྱུག་ལགས་ཀྱིས་དེ་འདྲའི་སྐུ་ཚེགས་དཀའ་ངལ་མང་པོས་སྐལ་བཟང་མེ་ཏོག་གླེང་ཞིང་། སྐལ་བཟང་མེ་ཏོག་སྒོམ་ཡོད་པས། གལ་ཏེ་སྐལ་བཟང་མེ་ཏོག་དེ་འཇིག་རྟེན་ལས་འདས་པའི་འཕགས་མ་སྒྲོལ་མ་ལྟ་བུ་ཞིག་ཡིན་ཀྱང་དངོས་ཉམས་རྨི་ལམ་ཙམ་ཞིག་མ་མཐའ་ཡོད་འོས་པ་ནི་རྒྱུ་འབྲས་ལུགས་མཐུན་གྱི་གནས་ལུགས་ཤིག་རེད་ཨང་།

ཡིན་ནའང་དོན་དངོས་ནི་ནམ་ཡང་ང་ཚོའི་སྟོང་འདང་གི་རྗེས་སུ་འགྲོ་ལྡོག་ག་ལ་བྱེད་ཅིང་། སྐལ་བཟང་མེ་ཏོག་ཀྱང་ཐོས་པའི་ནོར་ལས་ཅི་ཡང་མེད་པའི་འབྲོག་པའི་གྲྭ་རྒན་ལག་སྟོང་ཞིག་གི་རྗེས་སུ་ག་ལ་འགྲོ། མཚམས་འདིར་ང་ཡང་བསྐྱར་ཚ་བ་མདའ་སྨྱུག་གི་སྐྱོ་གར་གྱི་མི་ཚེ་ལ་མྱ་ངན་འཁོར་ཞིང་། ཁེར་རྐྱང་གི་ཕེབས་བཞུད་ལ་མིག་ཆུ་ཁོང་ནས་འཐོར་སོང་ཨང་།

ཀློག་མཁན་ལགས། འདིའི་ཡན་དུ་ངས་བྲིས་པའི་ཚིག་དེ་དག་ནི་ཀུ་རེ་ཡིན་ལ། གནས་ལུགས་ཀྱང་འགའ་ཞིག་འདྲེས་ཀྱང་ཐང་མོད། དོན་དངོས་སུ་ངས་དེ་རིང་ད་གཟོད་དྲྭ་ལམ་ནས་ལོ་བཅུ་ལ་ཉེ་བའི་རིང་གར་སོང་འདིར་ཡོད་མེད་པའི་གཞས་མ་སྐལ་བཟང་མེ་ཏོག་དང་ཁོ་མོའི་འཚོ་བའི་ཟུར་ངོས་འགའ་ཞིག་གསར་དུ་རྟོགས་པར་བྱུང་བ་རང་འབྲེལ་གྲོགས་པོ་ཚོར་མཉམ་སྤྱོད་ཞུ་འདོད་པ་ཙམ་ཡིན།

གཞས་མ་སྐལ་བཟང་མེ་ཏོག་མོ་རང་སྒེར་གྱི་པོད་ཕྲན་ལས་ཤེས་ཐུབ་པའི་གནས་ཚུལ་ནི་འདི་ཙམ་སྟེ།ཁོ་མོ་ད་ལྟ་སི་ཁྲོན་རོལ་མོ་སློབ་གླིང་ན་བྱ་བ་གཉེར་བཞིན་ཡོད་ཅིང་། འཚོ་བའི་ཁྲོད་ནས་བོད་ཀྱི་ཆོས་དང་རིག་གནས་ལ་དགའ་མོས་སྔར་ལས་ཆེ་བ་བྱུང་ཡོད་པ་དང་། དྲྭ་ལམ་བརྒྱུད་དེ་མཁན་པོ་བསོད་དར་རྒྱས་དང་། རྒྱ་མཚོ་སྤྲུལ་སྐུ་སོགས་ཀྱི་བཀའ་སློབ་དང་རྩོམ་ཡིག་རྒྱུན་དུ་ལྟ་ཀློག་གནང་གི་ཡོད་ཚོད་འདུག འདི་ལས་ང་ཚོས་གཞས་མ་སྐལ་བཟང་མེ་ཏོག་ལགས་རྒྱ་ནག་སྤོས་ལྡན་དུ་གསོན་པོར་ཡོད་པ་ཙམ་ཤེས་ཐུབ། འོན་ཏེ་ཁོ་མོའི་གླུ་གཞས་སྒྱུ་རྩལ་གྱི་བྱ་བཞག་དེ་ཉིད་ཅིས་ཕྱིར་རྒྱུན་འཁྱོང་མ་ཐུབ་པ་སོགས་ནི་ཧ་ཅང་ཕངས་སེམས་སྐྱེ་གཞིར་ཡོད་མོད་ཤིན་ཏུ་ལྐོག་ཏུ་གྱུར་པར་སོང་ཙང་དཔྱད་བརྗོད་ཀྱི་ཡུལ་དུ་མ་གྱུར་ཏོ།།

མདོར་ན་གཞས་མ་སྐལ་བཟང་མེ་ཏོག་གི་པོད་ཕྲན་སོགས་བལྟས་པས། ངའི་ངག་ལས་དབང་མེད་དུ་ཚ་བ་མདའ་སྨྱུག་བོར་སོང་། སྐལ་བཟང་མེ་ཏོག་རྙེད་སོང་ཞེས་པའི་ཚིག་འདི་ཐལ་ཞིང་། མདའ་སྨྱུག་ལགས་ཀྱིས་ཁོ་མོར་དཔྱད་བརྗོད་དང་སྙན་ཚིག་ཧ་ཅང་ཕོན་ཆེན་བྲིས་ཤིང་། དེའི་རྐྱེན་གྱིས་མོའི་གླུ་གཞས་སོགས་བོད་རིགས་མི་དམངས་ཀྱི་སེམས་ཀྱི་ཁྲི་འཕངས་མཐོན་པོར་བཀོད་པའི་རྒྱུད་རིམ་བཅས་མང་པོ་མང་པོ་ཞིག་གློག་བརྙན་བཞིན་ཡིད་ངོར་ཤར་བས་ཐོལ་བྱུང་གི་ཡིག་འབྲུ་འགའ་ཞིག་ཤར་མར་སྤེལ་བར་ཡང་འགོག་ཐབས་མ་བྱུང་ངོ་།།
མཇུག་མཐར། མདའ་སྨྱུག་ལགས་ད་ཆར་གསོན་པོར་མེད་ཚོད་རེད་པས་ཁོང་གི་ཚབ་ཏུའམ་རང་གི་བསམ་པའི་ངོས་ནས། གཞས་མ་སྐལ་བཟང་མེ་ཏོག་ཁྱེད་ཉིད། མ་འོངས་པར་ཕ་ས་ཕ་ཡུལ་དང་ཕ་མེས་དགུ་རྒྱུད་ཀྱི་སེམས་ཁོངས་སུ་ལོག་ཕེབས་གནང་སྟེ། བོད་གངས་ཅན་གྱི་གླུ་གར་སྒྱུ་རྩལ་དང་། རོལ་མོའི་རིག་གནས་འདིར་སྔར་ཡོད་རྒྱུད་འཛིན་དང་སྔར་མེད་གསར་གཏོད་ཀྱིས་འོད་སྟོང་འཕྲོ་བའི་བྱས་རྗེས་ཤིག་འཇོག་ཐུབ་པའི་རེ་བ་ཞུ། སྨོན་ལམ་འདེབས། འདི་ནི་ཁྱེད་ལ་དགའ་བའི་མདའ་སྨྱུག་ལགས་ཤི་གསོན་ཅི་ཡིན་ཡང་ཁོང་གིས་ཁྱེད་ལ་བཅང་བའི་རེ་བ་ཆེ་ཤོས་གཉིས་པ་དེ་ཡིན་སྲིད་ཅིང་། ང་ཡིས་ཁྱེད་ལ་ཞུས་པའི་རེ་སྨོན་ཆེ་ཤོས་དང་པོ་དེའང་ཡིན། བཀྲ་ཤིས་བདེ་ལེགས།
༢༠༡༧ལོའི་ཟླ་༡༢པའི་ཚེས་པ་༢༥ཉིན་བོད་ལྕེས་མྱུར་སྟབས་སུ་བྲིས།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*