ས་མཆོད། ས་མཆོད་ཟླ་བ།

ས་མཆོད། 
<<ས་མཆོད་དང་འཁྲུངས་སྐར་བསུ།>> མཁའ་ཁྱབ་ཀུན་གྱི་བླ་མ་ཐུབ་བོ་གང་།། མི་འཇིགས་སེངྒེའི་ཁྲི་ཡི་རྒྱལ་ཚབ་མགོན།། ཐུབ་པའི་བསྟན་ལ་ཀུན་མཁྱེན་གཉིས་པ་ཞེས།། ༧ ས་སྐྱ་པ་ཞེས་གྲགས་པ་ཁྱོན་དུ་ལྡིར།། ས་འཛིན་དཀར་པོའི་གྲུབ་མཐའི་ཤིང་རྟའི་མགོན།། ༧ ས་ཆེན་དམ་པའི་བརྒྱུད་བཟང་དྲི་མེད་འདི།། ས་སྟེང་རྒྱལ་བསྟན་ཡོངས་ཀྱི་མངའ་བདག་པ།། ༧ ས་སྐྱ་པ་ཡི་ས་མཆོད་དུས་འདིར་བསུ།། ༧ ངོར་ཆེན་རྒྱལ་བའི་ཟབ་ཆོས་བདུད་རྩིའི་བཅུད།། འགྲོ་ཀུན་ཐུགས་རྗེའི་རྟག་ཏུ་སྐྱོངས་མཁས་པ།། རྩོད་ལྡན་དུས་ཀྱི་མགོན་པོ་ཤར་ཆེན་པ།། ༧ ཀླུ་སྡིངས་མཁན་ཆེན་མཆོག་གི་འཁྲུངས་སྐར་བསུ།། བསྟན་དང་འགྲོ་བའི་དོན་དུ་ཉེར་དགོངས་ཏེ།། མཚན་དང་དཔེ་བྱད་ཟླ་གཞོན་ལང་ཚོ་འདིར།། མི་འཇིགས་སེངྒེའི་ཁྲི་ལ་ཉེར་འཁོད་དེ།། རྡོ་རྗེ་ཁམས་སུ་འཛུམ་དཀར་རྟག་ཏུ་བརྟན།། བགྲང་བྱ་གྱ་དྲུག་ཉག་མ་རེ་རེར་བརྩེགས།། མཚན་དཔེའི་ལང་ཚོའི་དཔལ་གྱིས་མངའ་རྙེད་པ།། ༧ཤར་ཆེན་ཀླུ་སྡིངས་མཁན་ཆེན་རྡོ་རྗེ་འཆང་།། འགྱུར་མེད་རྡོ་རྗེ་ཁམས་སུ་རྟག་བརྟན་ཤོག། གདོང་མཁན་བདག་གིས་དད་འདུན་རྩེ་གཅིག་ལས།། སྙིང་མགྲིན་ཀློང་ནས་འཕྱུར་བའི་ཚིག་ཕྲེང་འདིས།། སྐྱབས་གནས་ལྔ་པས་བརྩེ་ཞགས་མ་དོར་བ།། ས་དཀར་བསྟན་སྲིད་ཆེད་དུ་བདག་ལ་ཁྱུག། བརྩེ་ཆེན་སྐྱབས་གནས་དམ་པས་འཛུམ་དཀར་འོག། བསྟན་དང་འགྲོ་བར་དོན་མེད་ཉེས་མཚང་པར།། ཁོ་བོས་བདེན་པའི་དཔལ་དུ་རྒོལ་བས་ཕྱིར།། སུན་འབྱིན་སྨྲ་བའི་སྤོབས་པ་གདོང་གྲོགས་མཛོད།། ༧ དཔལ་ལྡན་ས་སྐྱ་པའི་དུས་ཆེན་ལྔ་འཛོམས་ཉིན་དཔལ་ས་སྐྱ་པའི་གསང་ཆེན་རྒྱུད་གྲྭ་ནས་མཁན་ཆེན་དཀོན་མཆོག་རྒྱལ་མཚན་མཆོག་གི་གཟིམ་ཤག་ནས་མཁན་མིང་ཙམ་འཛིན་པ་ཀཿབྲག་དངོས་གྲུབ་བསོད་ནམས་པས། ༢༠༡༡/༡༡/༡༣ ཉིན་ཐོ་རངས་རྒྱུད་གྲྭའི་ཐུན་མཚམས་ཀྱི་བཞེངས་བརྡ་མཚམས་སུ་སྦྱར།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*