༧ སྐྱབས་མགོན་༧ ས་སྐྱ་༧ གོང་མ་རཏྣ་བཛྲ་རིན་པོ་ཆེ་མཆོག་བཀའ་སློབ།

སྐྱབས་མགོན་༧ ས་སྐྱ་༧ གོང་མ་རཏྣ་བཛྲ་རིན་པོ་ཆེ་མཆོག་བཀའ་སློབ། 

དྲི་མེད་འཁོན་གྱི་གདུང་བརྒྱུད༧ དཔལ་ལྡན༧ས་སྐྱ་པའི་༧སྐྱབས་མགོན༧གདུང་སྲས་སྐུ་བགྲེས་རཏྣ་བཛྲ་རིན་པོ་ཆེ་མཆོག་ལ་སྒོ་གསུམ་དྭངས་བར་འདྲེན་པའི་སྒོ་ནས་སྐྱབས་སུ་མཆིའོ། ༼སྤྱི་ལོ ༢༠༡༦/༨/༡༠ རེས་གཟའ་ལྷག་པ་ཉིན་༧ སྐྱབས་མགོན༧ ས་སྐྱའི་ཁྲི་རབས་ཞེ་གཉིས་པ་སྐུ་བགྲེས་རཏྣ་བཛྲ་རིན་པོ་ཆེ་མཆོག་གིས་དཀར་མཛེས་ས་དགོན་ལྔའི་བླ་སློབ་ཡོངས་ལ་བསྩལ་བའི་བསླབ་བྱ་ནོར་བུའི་ལམ་བཟང་བཞུགས་སོ།༽ ༼བསླབ་བྱ་ནོར་བུའི་ལམ་བཟང་།༽

བློ་གྲོས་གསལ་བས་གཞུང་ལུགས་ཀུན་ལ་མཁས།། རྒྱལ་སྲས་བྱང་ཆུབ་བཟང་བོའི་སྤྱོད་པས་མཛེས།། མདོ་སྔགས་གཅིག་ཏུ་བསྡུས་པའི་ཀུན་མཁྱེན་པ།། ༧འཁོན་གདུང་རཏྣ་བཛྲ་མཆོག་ལ་འདུད།། བཀྲ་ཤིས་དགེ་བའི་དུས་ཀྱི་ཆ་ཚད་འདིར།། ཏྲེ་ཧོར་ས་དགོན་ལྔ་ཡི་དྲྭ་ཚིགས་སུ།། ༧འཁོན་གདུང༧སྐུ་དངོས་བྱོན་པར་ལེགས་བསུ་དང་།། ཡུལ་དུས་ཚིགས་མཚམས་གསུང་གི་བདུད་རྩིར་རྨད།། དེ་རིང་བསྐལ་པ་བཟང་པོའི་དུས་ཀྱི་ཆར།། ༧འཁོན་གདུང་སྐུ་བགྲེས་གསུངས་སྒྲོས་ཐོས་པ་འདིས།། ས་དགོན་བློ་གསལ་ཚུལ་མཐུན་དོན་གཉེར་ཅན། ། ༧སྟོན་པ་དངོས་མཇལ་ལྟ་བུའི་རྟེན་འབྲེལ་བཟང་།། ༧ སྟོན་ལ་དད་ཅིག་ཚུལ་ཁྲིམས་རྣམ་དག་ཐོག། ཕན་བདེ་འབྱུང་གནས་རྒྱལ་བའི་བསྟན་པ་འདིར།། ཡུན་དུས་གནས་ཕྱིར་རང་ངོས་བསྟན་ལ་བརྩོན།། ཐུབ་བསྟན་པད་ཚལ་རྒྱས་པའི་དགེ་འདུན་མཐུན།། ཕྱི་དངོས་རྟེན་གསུམ་གསར་བཞེངས་ལེགས་ན་ཡང་།། བསྟན་པའི་རྣམ་དག་རྒྱུ་རུ་མི་འགྲོ་བས།། རང་རྒྱུད་ཐར་འདོད་ཐུགས་རྒྱུད་འཁྲུངས་པ་འདིས།། ཐུབ་དབང་དགྱེས་ཕྱིར་བསྟན་པ་དེ་ལས་དབེན།། སྲིད་ཞིའི་གདུང་སེལ་ཡོངས་རྫོགས་བསྟན་པའི་དཔལ།། ངེས་འབྱུང་ཚུལ་ཁྲིམས་ཡང་དག་ལེགས་ཕྱུག་ཅིང་།། ཐོས་བསམ་སྒོམ་པའི་སྡེ་སྣོད་འཛིན་པ་དང་།། དགེ་འདུན་ཐུགས་མཐུན་བདེ་བའི་དཔལ་ལ་སྤྱོད།། སངས་རྒྱས་བསྟན་ལ་འཇུག་པ་བྱ་བའི་ཕྱིར།། ཆོས་འདུལ་ཡང་དག་སྤྱོད་པའི་འདུ་པར་སྡེ།། བསོད་ནམས་ཞིང་སའི་དགོན་པ་གྲྭ་ཚང་སོགས།། ཡར་རྒྱས་གང་འཕེལ་དགོས་པས་བརྩོན་པར་རིགས།། དྲི་མེད་ཆོས་ཀྱི་སྙིང་པོ་ཤེས་པའི་ཐོག། འདུ་སྡེར་ཚོགས་དང་ཆོས་གྲྭ་སྒྲུབ་མཆོད་སོགས།། དགའ་དད་སྤྲོ་གསུམ་དྭངས་བས་བྱ་བར་བགྱི།། ཡང་དག་དགེ་བའི་བསོད་ནམས་དཔལ་དུ་དགེ། བསྟན་པ་རིན་ཆེན་ཡུན་དུ་གནས་པ་ལ།། དགེ་འདུན་འདུ་སྡེ་མཐུན་པར་བདེ་བ་དང་།། འགྲོ་ཀུན་འདྲེན་པར་རྒྱུ་རུ་འགྲོ་བའི་ཕྱིར།། ཕན་བདེའི་མཐུན་ལམ་གནས་ལ་རྟག་ཏུ་འབོད།། ཆོས་གནས་ཚུལ་ཁྲིམས་ཕུན་སུམ་ཚོགས་པའི་ཐོག། བསྟན་པའི་སྙིང་པོ་སྒྲུབ་པ་ཉམས་ལེན་ལ།། ཡུན་ནས་ཡུན་དུ་རང་ངོས་བརྩོན་པ་དང་།། སྒོ་གསུམ་དྲི་བསུང་ཕུལ་དུ་ཕྱིར་བར་བྱས།། སྣ་ཚོགས་ཤེས་རིག་འཕྲུལ་གསར་དར་བའི་དུས།། ཆོས་ཀྱི་ཡང་སྙིང་གཞན་ཕན་བྱང་ཆུབ་སེམས།། ཡ་རབས་སྤྱོད་བཟང་མིའི་གཤིས་ཀུན་གྱི་གཞིས།། འགྲོ་ཀུན་བདེ་ཕྱིར་ཡིན་ཚུལ་བཀའ་སློབ་ཕེབས།། འབྱུང་འགྱུར་རང་སྐྱིད་གཞན་བདེ་ཕན་པའི་སླད།། དམ་ཆོས་མདོ་དང་སྔགས་ཀྱི་ཉམས་ལེན་ལ།། མཁྱེན་ཡངས་བློ་གསལ་དག་གིས་ལྔ་བདོའི་དུས།། བརྩོན་པ་ཡང་ཡང་དགོས་པའི་གསུང་སྒྲོས་ཕེབས།། རྒྱུན་ལྡན་དགེ་རྩ་བྱང་ཆུབ་སེམས་བསྐྱེད་དང་།། འདོད་ཆུང་ཆོག་ཤེས་ཡ་རབས་བག་ཕེབས་ངང་།། ཀུན་མཐུན་གཞན་ཕན་དོན་ལ་འབོད་པའི་ཐོག། བརྩོན་པ་ཆུ་བོའི་རྒྱུན་བཞིན་བསྟེན་པར་གནང་།། ཀུན་སྤྱོད་གཙང་བས་གཞན་ངོར་འདོད་པའི་འཐད། ། སྨྲ་བ་ཉུང་ཞིག་ཕོག་ཐུག་མེད་པ་དང་།། དད་བརྩོན་དྲན་ཤེས་བརྟན་པོས་ཉིན་རེ་ལ།། སྒོ་གསུམ་གཡོ་ཟོལ་མེད་པས་སྲུང་བརྩི་བྱས།། དྲི་མེད་༧ ས་སྐྱའི་༧སྐྱབས་མགོན༧འཁོན་གདུང་པས།། ཟབ་རྒྱས་བསླབ་བྱ་མ་ནོར་ལམ་བཟང་ཞིག། དུས་མཚམས་སྦྲང་ཆར་བདུད་རྩིའི་འདོད་འཇོ་འདིས།། དད་གཉེར་བློ་གསལ་དག་གི་ཅི་འཆར་རྣམས།། རིག་པའི་དཔྱད་ན་རང་བློ་སྨིན་པའི་རྒྱུ།། བསྟན་འགྲོའི་བདེ་ཐབས་བསྒྲུབ་པ་མཆོག་ཏུ་འགྱུར།། དེའི་ཕྱིར་རང་ཡུལ་ས་དགོན་ཆོས་གྲོགས་ཚོས།། སྙིང་ལ་ཆོངས་ཤིག་དད་གཉེར་ཆོས་གྲོགས་ཚོ།། མཁྱེན་དཔྱོད་མཁའ་ལྟར་ཡངས་པའི་འཁོན་གྱི་གདུང་།། ཐུགས་རྒྱུད་བྱམས་བརྩེས་ཕྱུག་པའི་རྒྱལ་བའི་སྲས།། མ་གྱུར་འགྲོ་ཀུན་ཕན་ཕྱིར་བཀའ་སློབ་འདིས།། སློབ་འབངས་གདོང་མཁན་གཙོས་བའི་སེམས་སུ་སྨིན།། འདི་ལྟར་བསླབ་བྱ་བགྱིས་པའི་རྣམ་དཀར་དགེ། དུས་གསུམ་བདེ་གཤེགས་སྲས་བཅས་ཐམས་ཅད་ཀྱི།། མཛད་པ་སྨོན་ལམ་མ་ལུས་སྒྲུབ་པ་དང༌།། ལུང་རྟོགས་དམ་ཆོས་འཛིན་པའི་རྒྱུ་རུ་བསྔོ།། ཡུལ་དུས་ཆོས་ཉིད་འགལ་སྐྱོན་སྲང་ལམ་ནས།། གདོང་མཁན་མིང་པས་སུག་བྲིས་བགྱིས་པ་འདིས།། འོལ་ཚོད་རྨོངས་མུན་ལམ་ནས་འགྲོ་མིན་ཡང་།། དད་གུས་ལྷག་བསམ་དྭངས་བས་མགྲིན་ནས་ཐལ།། ༧ དཔལ་ས་སྐྱ་པའི་སྤྱི་འཐུས་གདོང་ཐོག་དགོན་གྱི་མཁན་མིང་ཙམ་འཛིན་པ་ལྟ་གྲུབ་སློབ་དཔོན་ཀཿབྲག་དངོས་གྲུབ་བསོད་ནམས་ཀྱིས་སྦྱར། ༢༠༡༦/༨/༡༠ རེས་གཟའ་ལྷག་པར་བསླབ་བྱ་ཤར་མ་བྲིས། སརྦ་མངྒ་ལཾ།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*