སྐུ་གསུང་ཐུགས་མཉམ་པར་བཞག་པའི་གདམས་ངག་ཟབ་དོན་རྒྱ་མཚོ།

༄༅། །སྐུ་གསུང་ཐུགས་མཉམ་པར་བཞག་པའི་གདམས་ངག་ཟབ་དོན་རྒྱ་མཚོ་ཞེས་བྱ་བ།

བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །ཚད་མེད་ཐུགས་རྗེ་རབ་རྒྱས་འགྲོ་བའི་མགོན། །ཀུན་ཏུ་མི་གཏོང་ཡོངས་སུ་འཛིན་པ་ཅན། །མ་ལུས་འགྲོ་བ་སྐྱོབ་པའི་མགོན་གྱུར་པ། །ཐུབ་དབང་ཞབས་པད་གུས་པའི་གཙུག་གི་མཆོད། །གྲུབ་ཆེན་རྣམས་ཀྱི་ཞལ་ལས་ལེགས་འོངས་པ། །དམ་པའི་གསུང་ལས་ལེགས་པར་རྙེད་པའི་དོན། །ཚུལ་བཞིན་རྣམ་པར་འབྱེད་པའི་མན་ངག་དག །རབ་ཏུ་བཀོད་པ་འདི་ལ་འཇུག་པར་བྱ། །སྒོམ་དོན་མན་ངག་བཤད་པ་མང་ན་ཡང༌། །ཚུལ་བཞིན་རྣམ་པར་བཤད་པ་མི་སྣང་བས། །ཕུལ་བྱུང་བློ་གྲོས་མཐུ་ཡིས་རྟོགས་པའི་དོན། །གཞན་ལ་ཕན་པར་བྱ་ཕྱིར་བཤད་པར་བྱ། །མི་སློབ་ཟུང་འཇུག་མངོན་དུ་གྱུར་པའི་གྲུབ་ཆེན་ས་ར་ཧས། སྐུ་གསུང་ཐུགས་མཉམ་པར་བཞག་པའི་གདམས་ངག་དམ་པ་རྒྱ་གར་ལ་གསུངས་པ་ལས། དམ་པས་གླང་པོ་ཆེའི་དཔེ་གསུངས་ཏེ། གླང་པོ་ཆེ་སྨྱོན་པ་ལ་བརྡ་ཆོས་རྣམ་པ་གསུམ་སྟེ། ལུས་ལ་དཔའ་ཡོད་པ་དང༌། ངག་ལ་སྐད་ཀྱི་ངར་ཡོད་པ་དང༌། ཡིད་ལ་མི་འཇིགས་པའི་གདེང་ཡོད་པའོ། །དཔེ་དེ་བཞིན་དུ་རྣལ་འབྱོར་པ་ལའང༌། ལུས་ལ་ཡི་དམ་ལྷའི་དཔའ་ཡོད་པ་དང༌། ངག་ལ་སྔགས་ཀྱི་ནུས་པའི་ངར་ཡོད་པ་དང༌། ཡིད་ལ་ཆོས་ཉིད་སྟོང་པ་ཉིད་ཀྱི་མི་འཇིགས་པའི་གདེང་ཡོད་པ་སྟེ། དེ་གསུམ་དང་ལྡན་པའི་རྣལ་འབྱོར་པ་ནི་གང་གིས་ཀྱང་ཐུབ་པར་མི་འགྱུར་རོ། །ཞེས་གསུངས་པའི་དོན་ཞིབ་པར་ཕྱེ་ནས་བཤད་པ་ནི། ཐོག་མར་ཡི་དམ་གྱི་ལྷ་བསྒོམ་པ་ལ་དོན་རྣམ་པ་གསུམ་སྟེ། དམིགས་པ་གསལ་བའི་དོན་ལ་སློབ་པ་དང༌། ཆེ་ཆུང་གི་དོན་ལ་སློབ་པ་དང༌། གྲངས་མང་ཉུང་གི་དོན་ལ་སློབ་པའོ། །དང་པོ་ལ་གཉིས་ཏེ། ཐོག་མཐའ་ལ་གསལ་འདེབས་པ་དང༌། ཁོར་ཡུག་དུ་གསལ་འདེབས་པའོ། །དང་པོ་སྤྱི་གཙུག་ནས་གདན་གྱི་བར་དུ་རིམ་བཞིན་དུ་གསལ་འདེབས་པའོ། །ཡང་གདན་ནས་སྤྱི་གཙུག་གི་བར་རིམ་པ་བཞིན་དུ་གསལ་འདེབས་པ་སྟེ། ལན་བརྒྱ་རྩ་བརྒྱད་ཀྱི་བར་དུ་ཚུལ་དེ་ལྟར་ཡང་དང་ཡང་དུ་གསལ་གདབ་པར་བྱའོ། །གཉིས་པ་ནི། སྐུའི་ཁོར་ཡུག་ཏུ་ཡང་དང་ཡང་དུ་གསལ་གདབ་པར་བྱའོ། །གཉིས་པ་ཆེ་ཆུང་གི་དོན་ལ་སློབ་པ་ནི། རེས་འགའ་སྐུ་ཇེ་ཆེ་ཇེ་ཆེ་ནས་རི་རབ་ཙམ་དུའང་བསྒོམ་པར་བྱའོ། །རེས་འགའ་ཆུང་ངུ་ཡུངས་འབྲུ་ཙམ་ལའང་བསླབ་པར་བྱའོ། །གསུམ་པ་གྲངས་མང་ཉུང་ལ་བསླབ་པ་ནི། དང་པོ་དཔའ་བོ་གཅིག་པ་དང༌། ཡང་སྐུ་དང་གསུང་དང་ཐུགས་ཀྱི་ལྷ་གསུམ་ལ་བསླབ་པ་དང༌། ཡང་རིགས་ལྔ་ལ་བསླབ་པ་དང༌། ཡང་རིགས་བརྒྱ་ལ་སློབ་པ་སྟེ། གྲངས་མང་བ་ལ་སློབ་པའོ། །གཉིས་པ་ཉུང་བ་ལ་བསླབ་པ་ནི། ཐམས་ཅད་ཀྱང་རྩ་བའི་ལྷ་གཅིག་ཏུ་རིམ་གྱིས་བསྡུས་ནས་རྩ་བའི་ལྷ་དེ་ཉིད་ལ་བསླབ་པར་བྱའོ། །སྐུ་མཉམ་པར་བཞག་པའི་ཚུལ་བསྟན་ཟིན་ཏོ། །གཉིས་པ་གསུང་མཉམ་པར་བཞག་པ་ནི། ལྷའི་རྣམ་པ་དང་མ་བྲལ་བའི་ངང་ལས་བཟླས་པ་བྱའོ། །སྤྱོད་འཇུག་ལས། བཟླས་བརྗོད་དང་ནི་དཀའ་ཐུབ་ཀུན། །ཡུན་རིང་དུས་སུ་སྤྱད་བྱས་ཀྱང༌། །སེམས་གཞན་གཡེང་བས་བྱས་པ་ནི། །དེ་ཉིད་རིག་པས་དོན་མེད་གསུངས། །ཞེས་སོ། །བཟླས་པའང་གཉིས་ཏེ། ངག་གི་བཟླས་པ་དང༌། རྡོ་རྗེའི་བཟླས་པའོ། །དང་པོ་ལ་གསུམ་སྟེ། དོ་ལའི་བཟླས་པ་དང༌། འཕྲོ་འདུའི་བཟླས་པ་དང༌། ཁྱོགས་ཀྱི་བཟླས་པའོ། །གཉིས་པ་རྡོ་རྗེའི་བཟླས་པ་ནི། རླུང་འབྱུང་འཇུག་གནས་གསུམ་ཡི་གེ་གསུམ་དང་དབྱེར་མེད་དུ་བྱས་ནས་ཡིད་ཀྱིས་བཟླས་པ་བྱའོ། །གསུང་མཉམ་པར་བཞག་པའི་ཚུལ་བསྟན་ཟིན་ཏོ། །གསུམ་པ་ཐུགས་མཉམ་པར་བཞག་པ་ལ་གཉིས། སྣང་བཅས་ལ་བསླབ་པ་དང༌། སྣང་མེད་ལ་བསླབ་པའོ། །དང་པོ་ནི། ལྷའི་སྐུ་སྣང་ལ་རང་བཞིན་མེད་པ་འཇའ་ཚོན་ལྟ་བུ་དང༌། ཆུ་ཟླ་ལྟ་བུ་དང༌། གཟུགས་བརྙན་ལྟ་བུ་དང༌། སྒྱུ་མ་ལྟ་བུའི་ཚུལ་ལ་བསླབ་པར་བྱའོ། །དེའང་འཇའ་ཚོན་བཀྲ་བར་སྣང་ཡང་གཟུང་དུ་མེད་པ་དང༌། བཅིང་དུ་མེད་པ་དང༌། བརྡེག་དུ་མེད་པའོ། །ཆུ་ཟླ་ལྟ་བུ་ནི། ཆུ་ནང་དུ་ཟླ་བར་སྣང་ཡང༌། ཟླ་བའི་ངོ་བོའམ་རང་བཞིན་མེད་པ་དང༌། བྱད་བཞིན་གྱི་གཟུགས་བརྙན་ལྟ་བུ་ནི། མེ་ལོང་གི་ནང་དུ་བྱད་བཞིན་སྣང་ཡང་བྱད་བཞིན་གྱི་ངོ་བོའམ་རང་བཞིན་མེད་པ་དང༌། སྒྱུ་མ་མཁན་གྱིས་སྤྲུལ་པའི་རྟ་གླང་ནི་རྟ་གླང་དུ་སྣང་ཡང་རྟ་གླིང་གི་ངོ་བོར་མེད་པ་སྟེ། དཔེ་དེ་དག་ཁོང་དུ་ཆུད་པར་བྱས་ཏེ། དོན་ལྷའི་སྐུ་ལ་སྦྱར་རོ། །སྔགས་སྒྲའང་གྲག་པ་ཙམ་དུ་ཟད་ཀྱི་བརྟགས་ན་ངོ་བོའམ་རང་བཞིན་ཅུང་ཟད་ཙམ་ཡང་མེད་དོ། །དེ་བཞིན་དུ་བློ་ལ་གང་སྣང་བ་ཐམས་ཅད་འཇའ་ཚོན་ལྟར་སྣང་བའི་དུས་ན་ངོ་བོའམ་རང་བཞིན་མེད་པར་ཤེས་པར་བྱ་སྟེ། འདི་ནི་སྣང་སྟོང་དབྱེར་མེད་ལ་སློབ་པའི་ཚུལ་ལོ། །རིག་སྟོང་དབྱེར་མེད་ལ་སློབ་པའི་ཚུལ་ནི། རྟོག་པ་ལ་གསུམ་སྟེ། ཉོན་མོངས་ཅན་གྱི་རྟོག་པ་དང༌། ལུང་མ་བསྟན་གྱི་རྟོག་པ་དང༌། དགེ་བའི་རྟོག་པའོ། །དུས་ཀྱི་སྒོ་ནས་གསུམ་སྟེ། འདས་པ་ལ་རྟོག་པ་དང༌། མ་འོངས་པ་ལ་རྟོག་པ་དང༌། ད་ལྟར་བ་ལ་རྟོག་པའོ། །གང་ལ་འཕྲོས་པའི་ཡུལ་གྱི་སྒོ་ནས་གསུམ་སྟེ། སེམས་ཅན་ལ་འཕྲོ་བ་དང༌། ལོངས་སྤྱོད་ལ་འཕྲོ་བ་དང༌། ནང་དབང་པོ་ལ་འཕྲོ་བའོ། །ངོ་བོ་དང༌། དུས་དང༌། ཡུལ་ལ་འཕྲོ་བ་ཤེས་བཞིན་གྱི་བྱ་ར་བས་རེ་རེ་ནས་ངོས་ཟིན་པར་བྱ་སྟེ། ཉེས་པ་བྱས་པ་ལྟ་བ་པོས་ངོས་ཟིན་པ་དང་འདྲའོ། །སོ་སོར་ངོས་ཟིན་ནས་སོ་སོར་རྟོག་པའི་ཤེས་རབ་ཀྱིས་ཁོར་ཡུག་ཏུ་སོ་སོར་བརྟགས་ཏེ་མ་རྙེད་པའི་དོན་ལ་མཉམ་པར་བཞག་པར་བྱའོ། །དཀོན་མཆོག་བརྩེགས་པ་ལས། འོད་སྲུངས་སེམས་ནི་ཀུན་ཏུ་བཙལ་ན་མི་རྙེད་དོ་ཞེས་གསུངས་པ་ལྟ་བུའོ། །འདི་ནི་རིག་སྟོང་དབྱེར་མེད་དུ་བསྒོམ་པའི་ཚུལ་ལོ། །སྣང་སྟོང་དབྱེར་མེད་དུ་བསྒོམ་པ་དང༌། རིག་སྟོང་དབྱེར་མེད་དུ་བསྒོམ་པའི་ཚུལ་འདི་གཉིས་སྣང་བཅས་ལ་བསླབ་པའོ། །སྣང་བཅས་ལ་བསླབ་པ་བསྟན་ཟིན་ཏོ། །གཉིས་པ་སྣང་མེད་ལ་སློབ་པ་ནི། ལྷའི་སྐུ་ལ་མཉམ་པར་བཞག་པ་དང༌། གསུང་ལ་མཉམ་པར་བཞག་པ་སོགས་བློ་ཡུལ་དུ་བྱུང་བའི་སྤྲོས་པ་ཇི་སྙེད་པ་ཐམས་ཅད་ནམ་མཁའ་ལ་འཇའ་ཡལ་བ་ལྟར་སོང་ནས་སྤྲོས་པའི་སྣང་བ་གང་ཡང་མ་དམིགས་པ་ནམ་མཁའི་དཀྱིལ་ལྟར་མཉམ་བཞག་པར་བྱའོ། །རྣམ་པར་མི་རྟོག་པ་ལ་འཇུག་པའི་གཟུངས་ལས། མཉམ་བཞག་གིས་ནི་ནམ་མཁའི་དཀྱིལ་ལྟར་དུ་མཁྱེན་ནོ། །ཞེས་སོ། །མང་དུ་ཐོས་པའི་བློ་གྲོས་ཉི་མའི་འོད། །ལེགས་བཤད་སྣང་བ་ཀུན་ནས་རྒྱས་གྱུར་ཏེ། །མན་ངག་བདུད་རྩི་ཡོངས་སུ་འཕེལ་བའི་རྒྱུ། །རྨོངས་པའི་རབ་རིབ་ཀུན་ནས་འཕྲོག་བྱེད་དོ། །ཡང་དག་དོན་གྱི་སྣང་བ་རྒྱས་པ་དང༌། །འགྲོ་ཀུན་ཐམས་ཅད་མཁྱེན་གྲོང་ཕྱིན་གྱུར་ཅིག །ཅེས་སྐུ་གསུང་ཐུགས་མཉམ་པར་བཞག་པའི་མན་ངག་འདི་ནི། དཔལ་ལྡན་ས་ར་ཧས་གསུངས་ཤིང་དམ་པ་རྒྱ་གར་གྱི་ཞལ་ནས་འོངས་པ་འདི་ནི་དཔལ་ནཱ་ལེནྡྲའི་དགོན་པར་རོང་སྟོན་ཆེན་པོས་ཞིབ་པར་ཕྱེ་སྟེ་བཤད་པའོ།།  །། ༈ བལ་ཡུལ་མཆོད་རྟེན་ཉེ་འདབས་ནས་རྒྱལ་ཡོངས་ས་ཆེན་ཞེས་པ་ལས། སློབ་བུ་ཐ་ཤལ་པ་གུ་རུས་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*