འཕན་པོ་ནཱ་ལེནྡྲའི་ལོ་རྒྱུས་བསྡུས་པ་ངོ་མཚར་གཏམ་གྱི་སྙིང་པོ།

རྩོམ་པ་པོ། ཚུལ་ཁྲིམས་རྒྱལ་མཚན།
མི་ཕམ་མགོན་པོའི་མཁྱེན་བརྩེ་ནུས་པའི་དངོས། གངས་ཅན་མཁས་པའི་རྒྱན་དུ་ཡོངས་ཤར་བ། ཤཱཀྱའི་བསྟན་པའི་རྒྱལ་མཚན་འཛིན་པའི་དཔལ། རོང་སྟོན་སྨྲ་བའི་སེང་གེའི་ཞབས་ལ་འདུད། ཀུན་མཁྱེན་གང་གི་རིང་ལུགས་འཁྲུལ་མེད་མཆོག མི་ཉམས་འཛིན་སྐྱོང་སྤེལ་བའི་ཕྲིན་ལས་ཅན། གདན་རབས་མཁས་གྲུབ་རིམ་པར་བྱོན་རྣམས་ཀྱི། རྣམ་ཐར་བཀའ་དྲིན་དྲན་བཞིན་དད་ཕྱག་འཚལ། མདོ་སྔགས་རིག་གནས་བསྟན་པའི་རྒྱུན། བཤད་སྒྲུབ་དོན་གྱི་མཛད་བཟང་ལ། དབང་འབྱོར་ཆོས་གྲྭ་ཆེན་པོ་འདིའི། ངོ་མཚར་ལོ་རྒྱུས་མདོ་ཙམ་གླེང་། བོད་ཡུལ་ནཱ་ལེནྡྲའི་དགོན་པ་ནི་དབུས་ཕྱོགས་འདིར་ས་སྐྱའི་ཆོས་ལུགས་ཀྱི་གྲྭ་ས་ཆེ་ཤོས་ཡིན། ལྷ་སའི་བྱང་ཕྱོགས་འཕན་པོ་སྒོ་ལའི་ནུབ་རྒྱུད་གོལ་མ་ལུང་དུ་ཆགས་ཡོད། རབ་བྱུང་བདུན་པའི་ཤིང་མོ་ཡོས་ཀྱི་ལོ་﹙1435﹚ལ་མཁར་རྩེ་བས་དགོན་གནས་ཀྱི་ས་གཞི་ཕུལ་ཏེ་ཀུན་མཁྱེན་རོང་སྟོན་ཆེན་པོས་ཕྱག་བཏབ། དེ་ཡང་གནས་ཀྱི་ཁྱད་པར་སྤོར་ཐང་གཙུག་ལག་གི་ས་དཔྱད་ལྟར་གནམ་ས་བར་གསུམ་དུ་མ་བཅོས་ལྷན་སྐྱེས་ཀྱི་ས་བཀྲ་ཕུན་སུམ་ཚོགས་པ། དབེན་ཞིང་ཉམས་དགའ་ལ་བསིལ་དྲོད་སྙིམས་པ་སོགས་ཀློག་སྤོང་ཐོས་བསམ་པ་ལ་འོས་པའི་དྲང་སྲོང་གི་གནས་ཀྱི་ཡོན་ཏན་མཐའ་དག་རང་ཆས་སུ་མངའ་བ་དེར། ཐོག་མར་ཐུགས་སྲས་ཀུན་མཁྱེན་བཀྲ་ཤིས་རྣམ་རྒྱལ་དང་ལྷན་དུ་ད་ལྟའི་དགོན་མལ་དུ་ཞབས་ཀྱིས་བཅགས་ནས་ས་གཞི་བྱིན་གྱིས་རླབས། དབུས་སུ་ས་དམིགས་འབུར་པོ་དུང་དཀར་གཡས་འཁྱིལ་གྱི་དབྱིབས་འདྲ་བའི་འཁྱིལ་གྱི་ཐད་དུ་ཕྱག་འཁར་བཙུགས་ཏེ་འདི་ན་ཆོས་ཁྲི་བྱེད་གསུངས། དེའི་ཚེ་ལུང་པའི་ཕུ་ན་རྒྱུན་དུ་ཡོད་པའི་སྒོམ་ཆེན་པ་རྡོ་རྗེ་བཀྲ་ཤིས་བྱ་བ་ཞིག་གིས་འབྲུ་སྣ་དང་། རིན་ཆེན་སྣ་ཚོགས་བསྲེས་པ་སྡེར་མ་གང་ཕུལ་ནས་ན་ནིང་ཁོ་བོའི་རྨི་ལམ་ན་ལུང་པ་འདི་ཐམས་ཅད་མེ་ཏོག་གིས་གང་བ་རྨིས་མདང་སུམ་གྱི་རྨི་ལམ་ན། ད་ལྟ་ཕྱག་འཁར་བཙུགས་པའི་ཐད་འདི་ན། བྱ་རྒོད་ཕུང་པོའི་རི་ཡིན་ཟེར་བའི་ཆོས་ཁྲི་ཅིག་འདུག དེ་ལ་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མང་པོས་མེ་ཏོག་འཐོར་བ་རྨིས་ལགས་ཞུས་པས། ཁྱེད་ཀྱི་མིང་ལ་ཅི་ཟེར་གསུངས་པས་རྡོ་རྗེ་བཀྲ་ཤིས་ཟེར་བ་ལགས་ཞུས་པས། རྟེན་འབྲེལ་བཟང་ཞེས་གསུངས། འབྲུ་དང་རིན་ཆེན་རྣམས་ཕྱོགས་བཅུར་གཏོར་ནས། བཀྲ་ཤིས་པར་གྱུར་ཅིག་གསུངས། ཡང་རྒན་པོ་ཞིག་གིས་ཇ་སྡེར་མ་གང་ཞོ་རྫ་མ་གང་ཕུལ་ནས་བྱིན་རླབས་ཞུས་ཁྱོད་ཀྱི་མིང་ལ་ཅི་ཟེར་གསུངས། ཐར་པ་ཟེར་བ་ལགས་ཞུས་པས། རྟེན་འབྲེལ་བཟང་གསུངས་ནས་ཇ་དང་ཞོ་བསྲེས་ཕྱོགས་བཅུར་གཏོར་བར་མཛད་བཀྲ་ཤིས་པར་གྱུར་ཅིག་གསུངས། རྟེན་འབྲེལ་ཐམས་ཅད་རང་འགྲིག་ཏུ་སོང་། གཙུག་ལག་ཁང་དང་བླ་བྲང་གི་ཐིག་བཏབ་དགོན་པའི་མིང་ནི་ནཱ་ལེནྡྲའོ་ཞེས་གསུངས། སྔར་གྱི་ཞོ་དེས་གར་ཁྱབ་ཏུ་དགོན་པས་ཁྱབ་པར་གྲགས་ཏེ། ཀུན་མཁྱེན་ཉིད་ཞལ་བཞུགས་དུས་སོགས་ལ་ཚོགས་ཆེན་དང་། མཐོང་སྨོན་གྲྭ་ཚང་། དུས་མཆོད་གྲྭ་ཚང་། ཚེས་བརྒྱད་གྲྭ་ཚང་། ཚེས་བཞི་གྲྭ་ཚང་སྟེ་གྲྭ་ཚང་བཞི། ཁང་ཚན་མི་ཚན་བཞི་བཅུ་ཞེ་ལྔ་བྱུང་བ་ལ་དགེ་འདུན་སྟོང་རྭ་ཅན་བྱུང་བ་ཡིན་ཏེ་རྣམ་ཐར་རྒྱས་པ་ལས། དགོན་པ་བཏབ་མ་ཐག་ཏུ་དགེ་འདུན་སྟོང་ཕྲག་ཕྱེད་དང་གཉིས་ཙམ་ཚོགས་པར་གྱུར་ཏེ་བཤད་ཉན་གྱི་སྒྲིག་དང་རྣམ་པར་བཞག་པ་ཐམས་ཅད་ས་རྔོག་གཉིས་ཀའི་ལུགས་དང་མཐུན་པར་མཛད་དོ། ཞེས་དང་། དཔལ་སྤྲུལ་རིན་པོ་ཆེའི་བསྟན་རྩིས་ལས་རོང་སྟོན་ཤེས་བྱ་ཀུན་གཟིགས་ཀྱིས་ནཱ་ལེནྡྲའི་དགོན་པ་བཏབ་བར་སྐབས་སུ་ཚོགས་པ་སྟོང་ཕྲག་མང་པོ་འདུས་ཞིང་ས་སྐྱ་པའི་མཚན་ཉིད་ཀྱི་གྲ་ས་ཆེ་ཤོས་ཡིན། ཞེས་གསུངས་པ་ལྟར་མཁས་གྲུབ་སྐྱེས་བུའི་འབྱུང་གནས་འཕགས་ཡུལ་ནཱ་ལེནྡྲ་གཉིས་པར་གྱུར། དགོན་པ་གྲུབ་ནས་རོང་སྟོན་ཆེན་པོ་ལོ་བཅུ་བཞི་བཞུགས། རྒྱ་བོད་ཀྱི་མཁས་གྲུབ་དང་ཆེ་རྒུ་མང་པོས་ཆོས་ཀྱི་མགྲོན་དུ་བྱོན་པ་དང་། བསྟོད་བསྔགས་བསྙེན་བཀུར་རྒྱ་ཆེན་པོ་མཛད། རྟེན་འབྲེལ་ཐམས་ཅད་རང་འགྲིག་ཏུ་གྱུར་ཏོ། གདན་ས་དང་པོ་ཀུན་མཁྱེན་བཀྲ་ཤིས་རྣམ་རྒྱལ་གྱིས་འཆད་ཉན་རྒྱུན་བསྐྱངས། རྟེན་གཙོ་ཐུབ་པ་གངས་ཆེན་མཚོ་དང་། ཐུགས་ཀྱི་རྟེན་དུ་འབུམ་ཆེན་མ་སོགས་རྟེན་གསུམ་མང་པོ་བཞེངས།
གདན་ས་གཉིས་པ་རིགས་པའི་དབང་ཕྱུག་དགེ་བ་རྒྱལ་མཚན། གདན་ས་གསུ་མ་པ་བདག་པོ་རྒྱ་གར་བ། བཞི་པ་གླང་ཐང་པ། ལྔ་པ་ཆོས་རྗེ་གུང་རུ་ཡིན་པར་དེབ་སྔོན་དུ་གསུངས། ས་སྐྱའི་ཆོས་འབྱུང་དུ་གདན་རབས་དང་པོ་ཀུན་མཁྱེན་རོང་སྟོན་དང་། གཉིས་པ་བཀྲ་ཤིས་རྣམ་རྒྱལ། གསུམ་པ་དགེ་བ་རྒྱལ་མཚན། བཞི་པ་གུང་རུ་ཤེས་རབ་བཟང་པོ། ལྔ་པ་ལོ་པ་ཆོས་རྗེ་སྤྱན་སྔ་ཀུན་དགའ་རྡོ་རྗེ་འདི་རྣམས་ཀྱི་སྐུའི་རིང་ལ་དགེ་འདུན་སྟོང་ཕྲག་གཉིས་གསུམ་བརྒལ་བ་དང་། ཉིན་མཚན་ཆོས་ཀྱི་སྒྲ་མི་ཆད་པ་སོགས་དར་རྒྱས་ཆེ་བར་བྱུང་གསུངས། དེ་ནས་ཆོས་འབྱུང་དེ་ལྟར་བགྲངས་པའི་དྲུག་པ་མཁྱེན་རབ་ཕྲིན་ལས་བཟང་པོ་དང་། བདུན་པ་མཁན་པོ་བློ་བཟང་རྣམ་རྒྱལ་འདི་གཉིས་ཀྱི་རིང་ལ་མི་འཚམས་པའི་བར་ཆད་དུ་མས་ཉམས་གུད་བློས་མི་བཟོད་པ་བྱུང་སྟེ་ས་སྐྱར་སྙན་གསན་ཞུས་པས་བདག་ཆེན་བློ་གྲོས་རྒྱལ་མཚན་གྱིས་གཟིགས་སྐྱོང་ཞབས་རིམ་གནད་སྨིན་མཛད། སྐུ་ཞང་མཁྱེན་རབ་ཆོས་རྗེ་མཁན་ཐོག་བརྒྱད་པར་མངའ་གསོལ་མཛད། དེ་ནས་བཟུང་ཉུང་མཐར་དགེ་འདུན་བཞི་བརྒྱ་མན་ཆག་མ་མྱོང་ཞིང་སྐབས་འགར་བདུན་བརྒྱ་བར་འཕེལ་བ་དང་། བཤད་སྒྲུབ་རྒྱས། བླ་མ་འདིའི་འདས་དུས་ཚེས་བཅོ་བརྒྱད་ཉིན་མཆོད་འབུམ་ལས་བྱེད་རྣམས་ལ་ཆོས་རྗེ་བཅོ་བརྒྱད་པ་ཞེས་གྲགས། དེ་ནས་བཟུང་ལྷ་རིགས་ལྕེ་ཡི་སྡོམ་བརྩོན་ཁྲི་རབས་བཅོ་བརྒྱད་དང་། ཀུན་མཁྱེན་བཀྲ་ཤིས་རྣམ་རྒྱལ་གྱིས་རོང་སྟོན་ཆེན་པོའི་གཟིམ་ཁང་གི་འོག་ཏུ་རྗེ་ཉིད་ཀྱི་གཟིམ་སྤྱིལ་བཏབ་པས་གཟིམ་འོག་ཏུ་གྲགས་པ་དེར་བཅོ་བརྒྱད་མཁྱེན་རབ་བྱམས་པའི་སྐུའི་དབོན་ཞབས་དྲུང་ངག་དབང་ནོར་བུ་འཇོག་གནང་གིས་མཐོང་སྨོན་གྲྭ་ཚང་ཡར་རྒྱས་བཏང་བ་ནས་ཟུང་གཟིམ་འོག་བླ་བྲང་གི་སྐུ་ཕྲེང་དྲུག་བྱོན་པ་ཐམས་ཅད་ཀྱང་མཁས་བཙུན་གྲུབ་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་མངའ་ཞིང་ཀུན་མཁྱེན་བླ་མའི་བསྟན་པ་ལ་བཤད་སྒྲུབ་ལས་གསུམ་གྱི་མཛད་རྗེས་ཕུལ་བྱུང་བཞག་པ་ཤ་སྟག་གསེར་རིའི་ཕྲེང་བ་ལྟར་བྱོན། དེའི་ནང་ནས་ལྕེ་བཙུན་འཇམ་དབྱངས་དོན་ཡོད་རྒྱལ་མཚན་ནི་ལུང་རྟོགས་ཀྱི་ཡོན་ཏན་བསམ་གྱིས་མི་ཁྱབ། རྒྱ་ནག་གོང་མའི་དབུ་བླ་མཛད་ནས་གོང་མས་ཕུལ་བའི་ལས་ཞྭ། ལས་གོས། གསེར་ཡིག གསེར་ཐམ་སོགས་ལོ་རྒྱུས་ཀྱི་རིན་ཐང་ལྡན་པའི་གནའ་དངོས་མང་པོ་ཡོད། ལྕེ་བཙུན་མཁྱེན་རབ་བྱམས་པ་མདོ་སྔགས་གསན་བསམ་འགྲན་ཟླ་མ་མཆིས་ཤིང་ལམ་འབྲས་ཚར་སུམ་ཅུ་རྡོ་རྗེ་ཕྲེང་བ་ཚར་ལྔ་བཅུ་སོགས་གནང་། སྟོད་མངའ་རིགས་ནས་སྨད་སོག་པོའི་བར་སློབ་མ་བགྲང་གིས་མི་ལང་། གྲུབ་མཐའ་རིས་མེད་ཀྱི་བསྟན་འཛིན་སྐྱེ་སྤྲུལ་མཁན་བླ་ཤ་སྟག་ཉིས་བརྒྱ་བརྒལ་བས་གཙུག་ཏུ་མཆོད་ཅིང་རྒྱལ་བསྟན་སྤྱི་དང་སྙན་རྒྱུད་བསྟན་པའི་སྲོག་ཤིང་དུ་གྱུར། ལྕེ་བཙུན་མཁྱེན་བརྩེའི་དབང་པོ་ཉམས་རྟོགས་ཕུལ་དུ་ཕྱིན། ལམ་འབྲས་ཐེངས་མང་དང་རྡོ་རྗེ་ཕྲེང་བ་ཚར་བཞི། བཀའ་འགྱུར་ལྗགས་ལུང་ཐེངས་གསུམ་སོགས་གནང་། ནཱ་ལེནྡྲ་ལ་ཁྲི་མཆོད་ཆེན་མོ་བཙུགས། གསང་ཆེན་གྲྭ་ཚང་རྟེན་དང་བརྟེན་པ་ལེགས་སྒྲུབ་མཛད་པ་སོགས་མཛད་རྗེས་ཆེ། རྣམ་འདྲེན་དམ་པ་ལྕེ་བཙུན་ལེགས་བཤད་རྒྱ་མཚོ་མཁས་གྲུབ་ཀུན་གྱི་གཙུག་རྒྱན་དུ་གྱུར། ཚོགས་ཆེན་གཙུག་ལག་གི་སྟེང་དུ་གསེར་ཟངས་ཀྱི་རྒྱ་ཕིབས་བཞེངས་པ་དང་། སྤྱི་ལྗོན་བརྟག་གསུམ་གྱི་རྒྱུད་བཤད་འཛུགས་སྤེལ་མཛད། ནཱལེནྡྲའི་དགོན་ལག་གསར་འདེབས་དང་འབྲེལ་ལམ་འབྲས་སློབ་བཤད་ཀྱིས་གཙོས་པའི་སྙན་རྒྱུད་སྐོར་ཉམས་སུ་ལེན་པའི་སྒྲུབ་གྲྭ་བཙུགས་ནས་ས་སྐྱ་པའི་སྒྲུབ་བརྒྱུད་ཀྱི་བསྟན་པ་སྐྱོང་བའི་ཕྲིན་ལས་རྒྱས་བཞིན་བཞུགས། གཟིམ་འོག་སྐུ་ཕྲེང་དང་པོ་ཞབས་དྲུང་ངག་དབང་ནོར་བུ། སྐུ་ཕྲེང་གཉིས་པ་ངག་དབང་སངས་རྒྱས་བསྟན་འཛིན་ཡིན། སྐུ་ཕྲེང་གསུམ་པ་བསྟན་འཛིན་འཕྲིན་ལས་ནི་མདོ་སྔགས་རིགས་གནས་བཅས་ལ་མཁས། གསང་ཕུའི་ཆོས་གྲྭར་གཞུང་བཀའ་པོད་ལྔ་ལ་དམ་བཅའ་ཉི་མ་ལྔ་བཞག་པས་མཁས་པའི་སྙན་གྲགས་ཆེས་ཆེར་འཕེལ། སྨན་རྩིས་ལ་ཡང་མཁས་པས་སྐུ་ཚེའི་རིང་ནད་པ་ལ་སྨན་སྦྱིན་མཛད། སྐུ་ཚེའི་སྨད་དུ་མཐོང་སྨོན་གྲྭ་ཚང་དུ་མཚན་ཉིད་རྩོད་གྲྭ་མདོར་བསྡུས་ཤིག་བཙུགས། གསུང་རྩོམ་པོད་བཞི་བཞུགས། སྐུ་ཕྲེང་བཞི་པ་བསྟན་འཛིན་སྙན་གྲགས་ནི་ཞ་ལུ་ལྕེ་ཡི་གདུང་དུ་སྐུ་འཁྲུངས། བྱམས་པ་ཕྲིན་ལས་ཡོན་ཏན་དང་དགེ་འདུན་བཀྲ་ཤིས་དཔལ་འབྱོར་གཉིས་བླ་མའི་མཆོག་ཏུ་བཀུར། དགུང་ལོ་བཅུའི་དུས་སྙན་ངག་མེ་ལོང་ལེའུ་གསུམ་ཆར་གྱི་དཔེར་བརྗོད་བརྩམས། དགུང་ལོ་བཅུ་དགུའི་དུས་སུ་བཀའ་སྲུང་དུར་བདག་གི་བསྐང་གསར་སྙན་ངག་གི་ཉམས་འགྱུར་ཕུན་སུམ་ཚོགས་པ་བརྩམས་གནང་བ་ད་ལྟ་མཇལ་རྒྱུ་ཡོད། ཕར་ཕྱིན་འགྲེལ་པ་རིན་ཆེན་ཐེམ་སྐས་སོགས་གསུང་རྩོམ་ལེགས་བཤད་པོད་བཞི་བཞུགས། ལམ་འབྲས་ཚར་བཅུ་གསུམ་ཙམ་གནང་། མཐོང་སྨོན་གྲྭ་ཚང་དུ་འདུལ་བ་གཞི་གསུམ་ཕྱག་ལེན་རྣམ་དག་གིས་གཞིར་བཟུང་ཆོས་ར་གསར་རྒྱག་དང་འབྲེལ་མཚན་ཉིད་རྩོད་གྲྭ་འཐུས་སྒོ་ཚང་བ་བཙུགས། བཅུ་ཕྲག་རིག་པའི་གནས་ཐམས་ཅད་མ་མཁས་པས་གཞུང་ས་ནས་རྩེའི་རིག་གནས་སློབ་དཔོན་དུ་བསྐོས། གཞུང་ས་ནས་མཚན་ཉིད་དང་གྲྭ་ཚང་གི་བཅའ་ཡིག་གཉིས་ཞུས་ཏེ་དགོན་པའི་ཕྱི་ནང་བར་གསུམ་དུ་སྒྲིག་ཁྲིམས་དམ་གཙང་མཛད། གཟིམ་འོག་སྐུ་ཕྲེང་ལྔ་པ་གྲུབ་དབང་ཀུན་དགའ་བསྟན་འཛིན་གྱི་སྐུའི་རིང་ལ་མཐོང་སྨོན་གྲྭ་ཚང་གི་གཙུག་ལག་ཉམས་གསོ་དང་རྟེན་གཙོ་གསེར་བཟང་གི་སྟོན་པ་གཙོ་འཁོར་ཁྲི་རྒྱན་དྲུག་བཅས་པ་སངས་རྒྱས་འོད་སྲུང་གི་རིང་བསྲེལ་ནང་བཞུགས་ཅན་དང་སྒོ་འཕྱོར་སྟེང་གསེར་ཟངས་ཀྱི་རི་དྭགས་ཆོས་འཁོར་ཆེན་པོ་གསར་བསྐྲུན་མཛད། ལྷག་པར་མཁན་ཆེན་ངག་བློ་རིན་པོ་ཆེ་བཤད་གྲྭའི་མཁན་པོར་མངའ་གསོལ་ནས་སྔར་གྱི་རྩོད་གྲྭ་དང་བཤད་གྲྭ་ཟུང་དུ་སྦྲེལ་ཏེ་སློབ་ཡུན་ལོ་བརྒྱད་གཏན་ལ་ཕབ། གཞུང་ཆེན་བཅུ་གསུམ་ཆ་ལག་དང་བཅས་པ་རྒྱུགས་སྤྲོད་གཏན་འབེབས་ལྟར་འཕྲོད་ངེས་བྱུང་ཚེ་དགེ་བཤེས་རབ་འབྱམས་སྨྲ་བའི་མཚན་བཏཊ་གཏོང་སྒོ་སྤྱི་ས་རང་ནས་གཏོང་རྒྱུའི་རྒྱུན་སྲོལ་བཙུགས་ཏེ་གཞུང་ས་ནས་བཤད་གྲྭའི་བཅའ་ཡིག་ཞུ་གནང་མཛད། ལམ་འབྲས་ཚར་བཅུ་དགུ་གནང་། ནཱ་ལེནྡྲ་ལ་ཀྱེ་རྡོར་རྒྱུད་གུར་བརྟག་སམ་གསུམ་དཔར་དུ་བརྐོས། ཁམས་སུ་བཀའ་འགྱུར་ལྗགས་ལུང་གནང་བས་མཚོན་བསྟན་པ་སྤྱི་དང་བྱེ་བྲག་ཆོས་གྲྭ་ཆེན་པོ་འདིར་རླབས་ཆེ་ཞིང་གནད་དུ་སྨིན་པའི་མཛད་རྗེས་མང་ངོ། དགོན་པའི་རྒྱ་ཁྱོན་ནི་སྔར་ཡང་དུས་ཀྱི་འཕོ་འགྱུར་སྣ་ཚོགས་ཀྱིས་འཕེལ་འགྲིབ་དུ་མ་བྱུང་། རབ་བྱུང་བཅུ་དྲུག་པའི་ས་ཕག་﹙1959﹚སྐོར་ལ་ཚོགས་ཆེན་གཅིག མདོ་མཐོང་སྨོན་གྲྭ་ཚང་། རྒྱུད་གསང་ཆེན་གྲྭ་ཚང་སྟེ་གྲྭ་ཚང་གཉིས། བཅོ་བརྒྱད་གཟིམ་གོང་། གཟིམ་འོག་སྟེ་བླ་བྲང་གསུམ། རྒྱལ་རོང་ཁང་ཚན། ཨ་མདོ་ཁང་ཚན། ཚ་བ་ཁང་ཚན། གླིང་ཁང་ཚན། ཏྲེ་ཧོར་ཁང་ཚན་ཏེ་ཁང་ཚན་ལྔ་ཡོད། བླ་སྤྲུལ་ལྔ། མཁན་པོ་དངོས་ཟུར་བཞི། དགེ་འདུན་བདུན་བརྒྱ་སྐོར་བཞུགས། རྟེན་གསུམ་མཆོད་ཆས་གནའ་དངོས་རྩ་ཆེན་བགྲང་ལས་འདས་པ་ཐམས་ཅད་བྲི་བར་མི་ནུས་ཀྱང་རྟེན་གཙོ་འགའ་རེ་ཙམ་སྨོས་ན་ཚོགས་ཆེན་གྱི་དྲི་གཙང་ཁང་དུ་རྟེན་གཙོ་ཐུབ་པ་གངས་ཆེན་མཚོ་སྐུ་ཚད་ཐོག་བརྩེགས་གཉིས་བྱས་པ་བོད་ལ་སྐུ་ལུགས་མ་འདི་ལས་ཆེ་བ་མེད་པར་གྲགས། འཁོར་ཉན་ཐོས་མཆོག་ཟུང་དང་ཉེ་སྲས་བརྒྱད། སྒོ་སྲུང་ཁྲོ་བོ་གཉིས་བཅས་སྨན་འདམ་ལས་གྲུབ་པ། རོང་སྟོན་ཆེན་པོའི་སྐུ་དམར་གདུང་ཡིད་བཞིན་ནོར་བུ་བཞུགས་པའི་དངུལ་གདུང་ཚུལ་ཁྲིམས་མ། རོང་སྟོན་གྱི་འདྲ་སྐུ་ང་འདྲ་གསུང་བྱོན་མཐོང་བ་དོན་ལྡན། རོང་སྟོན་གྱི་ཞལ་འདོན་བརྒྱད་སྟོང་གླེགས་བམ། མཁྱེན་རབ་ཆོས་རྗེའི་གདུང་རྟེན་དངུལ་འབུམ། ཤེའུ་ལོ་ཙཱའི་གདུང་རྟེན་དངུལ་འབུམ། གསེར་ཟངས་ཀྱི་ས་པཎ་སྐུ་ཆེ་བ་སོགས་དང་། བར་སེང་རྣམས་སུ་མིས་བཟོས་བྲག་རིའི་ཁོང་སེང་དུ་ལམ་འབྲས་བླ་བརྒྱུད་ཆ་ཚང་བཞུགས། འདུ་ཁང་ནང་དུ་ཀུན་མཁྱེན་ཚོགས་གཟིགས་མར་གྲགས་པ་དང་ཆོས་བརྩེགས་སོགས། བློས་བསླངས་ཁང་དུ་ཀུན་རིག་བློས་བསླངས་ཐོག་ཚད་མ་ཚད་ལྡན་སྒྲོས་གཙང་བཞུགས། མགོན་ཁང་དུ་རོང་སྟོན་ཆེན་པོའི་ཕྱག་བཟོ་མགོན་པོའི་སྐུ་མི་ཚད་ཙམ་ཡོད་པ་དེ་ཐུགས་ཀར་བཞུགས་པའི་གུར་མགོན་ཐོག་ཚད་གཉིས་གཡས་གཡོན་དུ་ཞལ་དང་ལྷ་མོ་སོགས་ལྷ་བརྒྱད་ཆ་ཚང་བཞུགས། གཟིམ་ཁང་མགོན་ཆུང་དུ་རོང་སྟོན་ཆེན་པོའི་ཕྱག་བྲིས་གུར་མགོན་ལྡེབས་རིས་རྩ་ཆེན་སོགས་ཡོད། མཐོང་སྨོན་གྲྭ་ཚང་དུ་རྟེན་གཙོ་གྲྭ་ཚང་ཆགས་དུས་ནས་བཞེངས་པའི་དུས་གསུམ་སངས་རྒྱས། གསེར་ཟངས་ལས་གྲུབ་པའི་ཐུབ་པ་གཙོ་འཁོར་གསུམ་སངས་རྒྱས་འོད་སྲུང་གི་རིང་བསྲེལ་བཞུགས་པ་གཟིམ་འོག་ཀུན་དགའ་བསྟན་འཛིན་གྱིས་བཞེངས་པ་དང་། གཡས་གཡོན་དུ་མར་མེ་མཛད་དང་བྱམས་མགོན་གསེར་ཟངས་ལས་གྲུབ་པ། ཀུན་མཁྱེན་བཀྲ་ཤིས་རྣམ་རྒྱལ་གྱི་འདྲ་སྐུ་ཕྱག་ནས་མ། གཟིམ་འོག་བསྟན་འཛིན་ཕྲིན་ལས་ཀྱི་གདུང་རྟེན་དངུལ་འབུམ། གཟིམ་འོག་བསྟན་འཛིན་སྙན་གྲགས་ཀྱི་སྐུ་དམར་གདུང་བཞུགས་པའི་དངུལ་གྱི་མཆོད་རྟེན། རྟེན་སྒམ་ནང་ཀུན་མཁྱེན་བཀྲ་ཤིས་རྣམ་རྒྱལ་གྱི་དབུ་ཐོད་བདེ་མཆོག་གི་སྔགས་རང་བྱོན་ཡོད་པ་དང་བཀྲ་ཤིས་རྣམ་རྒྱལ་གྱི་ཞབས་རྗེས་ཡོད་པའི་རྡོ་དང་ཕྱག་དམ་སོགས་མང་། མགོན་ཁང་སྦུག་ཏུ་སྨན་འདམ་ལས་གྲུབ་པའི་གུར་ལྷ་བརྒྱད། རྒྱལ་བཙན་གྱི་ཞལ་འབག་དང་རྟེན་མདོས་སོགས། མདོ་ལ་ཆོས་སྐྱོང་ཙིའུ་དམར་པོའི་སྐུ་གསོབ་དང་སྲུང་མའི་ཞལ་འབག་མང་པོ་དང་སྤྱན་གཟིགས་དཀོར་ཆས་སྣ་ཚོགས་ཡོད། གསང་ཆེན་གྲྭ་ཚང་དུ་གཙང་ཁང་རྟེན་གཙོ་རྒྱལ་བ་བྱམས་པ་སྨན་འདམ་ལས་གྲུབ་པ་ཐོག་ཚད་གཉིས། གཞན་མཁྱེན་རབ་བསྟན་འཛིན་བཟང་པོ་སོགས་བཅོ་བརྒྱད་གོང་མ་མང་པོའི་གདུང་རྟེན་དངུལ་དང་ཙནྡ་གསེར་ཟངས་ལས་གྲུབ་པ་ཆེ་ཞིང་སྤུས་གཙང་དང་། འདུ་ཁང་སྦུག་ཏུ་དུས་གསུམ་སངས་རྒྱས་གཙོ་བོར་བཞུགས་པའི་གནས་བརྟན་བྲག་རི་བྱོན་ཤིན་ཏུ་ལེགས་པ་བཞུགས། མགོན་ཁང་དུ་ལྷ་མོ་རྡོ་རྗེ་རབ་བསྟན་པིའ་ཞལ་འབག་དུས་དུས་སུ་ཞལ་མདངས་འགྱུར་བ་དང་ཟིལ་པ་ཆགས་པ་སོགས་ངོ་མཚར་ཅན་གྱིས་གཙོས་རྟེན་མང་།
རྒྱལ་རོང་ཁང་ཚན་དུ་ཀུན་མཁྱེན་རོང་སྟོན་གྱི་སྐུ་“ནས་འཛིན་མ་”ཞེས་རྗེ་རང་གི་ཕྱག་ནས་ཅན། རོང་སྟོན་ཆེན་པོའི་གཎྜི། རོང་སྟོན་གྱི་སྣ་ལོའི་ཆིབས་སྒ་སོགས་རྩ་ཆེན་མང་། སྲུང་མའི་གཙོ་བོ་གུར་མགོན་ཡིན། ཨ་མདོ་ཁང་ཚན་དུ་རྟེན་གཙོ་འགྲོ་མགོན་ཆོས་རྒྱལ་འཕགས་པའི་སྐུ་རྒྱ་ནག་མ་རིང་བསྲེལ་དངོས་སུ་འཁྲུངས་པ་དང་། ཆོས་རྒྱལ་འཕགས་པའི་ཕྱག་དྲིལ། དངུལ་ལས་གྲུབ་པའི་ནཱ་རོ་མཁའ་སྤྱོད་མའི་སྐུ་ཆེ་བ་གཅིག སྐྱབས་རྗེ་ངག་བློ་རིན་པོ་ཆེས་བཞེངས་གནང་བའི་སྤྱན་རས་གཟིགས་ཕྱག་བཞི་པ་དངུལ་ལས་གྲུབ་པ་མི་ཚད་ཙམ། དངུལ་གྱི་ཚེ་ལྷ་རྣམ་གསུམ་ཁྲུ་ཚད་རེ། དངུལ་ལས་གྲུབ་པའི་མགོན་དཀར་ཁྲུ་ཚད་གཅིག། གསེར་ཟངས་ཀྱི་ཐང་སྟོང་རྒྱལ་པོ་མི་ཚད་ལྷག་ཙམ། དེ་དག་གི་ནང་བཞུགས་སངས་རྒྱས་ཀྱི་རིང་བསྲེལ་གོང་མ་ལྔ་དང་རོང་སྟོན་ཡབ་སྲས་ངོར་ཆེན་ཚར་ཆེན་སོགས་ཀྱི་དབུ་སྐྲ་གདུང་རུས་ན་བཟའ་སོགས་བཞུགས་པ་དང་། སྤྱན་རས་གཟིགས་ཀྱི་གཡས་གཡོན་དུ་གསེར་ཟངས་ལས་གྲུབ་པའི་འཇམ་དབྱངས་དང་ཕྱག་རྡོར་ཁྲུ་རེ་སོགས་བཞུགས། སྲུང་མའི་གཙོ་བོ་ལྷ་མོ་རབ་བརྟན་མའོ། ཚ་བ་ཁང་ཚན་དུ་རྟེན་གཙོ་དངུལ་གྱི་མཁའ་སྤྱོད་མ་ཞབས་ཀྱི་མཐེབ་སོར་ལས་བདུད་རྩི་དངོས་སུ་བབས་པ་སོགས་མང་། སྲུང་མའི་གཙོ་བོ་རྒྱལ་ཆེན་པེ་ཧར་ཡིན། གླིང་ཁང་ཚན་གྱི་རྟེན་གཙོ་མཁྱེན་རབ་བྱམས་པའི་འདྲ་སྐུ། སྲུང་མའི་གཙོ་བོ་དུར་ཁྲོད་བདག་པོ་ཡིན། ཏྲེ་ཧོར་ཁང་ཚན་གྱི་རྟེན་གཙོ་ཐུབ་པ་རྡོ་ལ་ཧྲཱིཿ་ཡིག་རང་བྱོན་ངོ་མཚར་ཅན། ག་ཟི་བཀའ་བཅུ་པའི་གདུང་རྟེན་ཙན་དན་མཆོད་རྟེན་སོགས་བཞུགས། སྲུང་མའི་གཙོ་བོ་རྒྱལ་ཆེན་པེ་ཧར་ཡིན་ནོ། གཞན་བཀའ་གདམ་ས་མཆོད་རྟེན་དང་ལི་མ་དང་གསེར་ཟངས་སོགས་ཀྱི་སྐུ་ཆེ་ཆུང་སྣ་ཚོགས་པ་ནི་ཁང་ཚན་དང་གྲྭ་ཚང་རེ་རེ་ལ་ཡང་གྲངས་མེད་པ་བཞུགས། བླ་བྲང་གཉིས་ལ་དཔེར་མཚོན་ན་གཟིམ་འོག་ཏུ་ཀུན་མཁྱེན་བཀྲ་ཤིས་རྣམ་རྒྱལ་གྱི་ཐུགས་དམ་རྟེན་ཚོགས་བདག་གི་སྐུ་ལི་མ་དང་། བསྟན་འཛིན་ཕྲིན་ལས་ཀྱི་ཐུགས་དམ་རྟེན་གུ་རུ་སྲིན་གཟུགས་མ། བསྟན་འཛིན་སྙན་གྲགས་ཀྱི་ཐུགས་དམ་རྟེན་མཁའ་སྤྱོད་མའི་སྐུ། ས་བིར་ཞལ་སྤྲོད་ཀྱི་སྐུ་ཐང་རྒྱབ་ཏུ་ས་ཆེན་གྱི་ཕྱག་རྗེས་ཡོད་པ་དང་། གྲགས་པ་རྒྱལ་མཚན་གྱི་ཕྱག་ཏིང་ཛ་ལན་ངྷ་ར་སོགས་རྩ་ཆེན་མང་། བཅོ་བརྒྱད་དུ་གཟིམ་ཆུང་སོ་སོར་གོང་མ་རིམ་བྱོན་གྱི་ཐུགས་དམ་རྟེན་སྐུ་འདྲ་མང་པོ་དང་། རྒྱ་ནག་གོང་མས་ཕུལ་བའི་ལས་ཞྭ་ལས་གོས་གསེར་ཡིག་གསེར་ཐམ་སོགས་ནོར་བུའི་རིགས་དང་། ལོ་རྒྱུས་ཀྱི་རིན་ཐང་ལྡན་པའི་གནའ་དངོས་རྩ་ཆེན་ཤིན་ཏུ་མང་། དགོན་དེའི་ནང་བཀའ་འགྱུར་བསྡོམས་བཅུ་དྲུག བསྟན་འགྱུར་བཅུ་གཅིག་གསེར་གྱིས་བྲིས་པའི་འབུམ་རྒྱས་འབྲིང་བསྡུས་གསུམ་དང་མདོ་བསྐལ་བཟང་སོགས་མང་པོ་དང་། སྣེ་འཛོམས་དཔེ་མཛོད་ཁག་བཞི་ཙམ་བཞུགས་སོ། བཤད་སྒྲུབ་མཛད་པའི་ཆོས་ཀྱི་རྣམ་གྲངས་རྒྱུན་བཞུགས་པ་འདུལ་བ་གཞི་གསུམ་གྱི་ཕྱག་ལེན་རྣམ་པར་དག་པས་གཞིར་བཟུང་གཞུང་ཆེན་བཅུ་གསུམ་ཆ་ལག་ཆ་ཚང་སྡོམ་རིགས་གཉིས་སོགས་ཀྱི་བཤད་གྲྭ་རྩོད་གྲྭ། རྒྱུད་སྡེའི་སྒྲུབ་མཆོད་བཅུ་གསུམ། དུས་འཁོར་དང་ཀྱེ་རྡོར་རྒྱུད་གསུམ་གྱི་བཤད་པ་དངོས་གཙང་ལམ་འབྲས་སློབ་བཤད་ཕྱོགས་བསྡུས་པོད་བཅུ་བདུན་གྱིས་གཙོས་དཔལ་ས་སྐྱའི་སྙན་རྒྱུད་གསེར་ཆོས་ཀྱི་སྐོར་དང་སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་རྒྱུད་སྡེ་ཡོད་དོ་ཅོག་གི་དབང་ཆེན་ཁྲིད་ལུང་མན་ངག་རྒྱུད་བཤད་བཅས་ཕྱོགས་བསྡུས་རྒྱུད་སྡེ་ཀུན་བཏུས་པོད་སོ་གཉིས། ལྷག་ལྷ་རབ་འབྱམས་ཀྱི་སྒྲུབ་ཐབས་རྗེས་གནང་སྒོམ་བཟླས་ཀྱི་ལུང་བྱིན་རླབས་སྔགས་བཏུ་བཀའ་གཏད་སོགས་ཕྱོགས་སྒྲིགས་སྒྲུབ་ཐབས་ཀུན་བཏུས་པོད་བཅུ་བཞི་སོགས་ཀྱི་འཆད་སྤེལ་གྱི་རྒྱུན། གཞན་ཡང་ས་སྐྱའི་བཀའ་འབུམ་གྱིས་གཙོས་གསར་རྙིང་རིས་མེད་ཀྱི་མཁས་གྲུབ་མང་པོའི་གསུང་འབུམ་གྱི་ལུང་རྒྱུན་སོགས་མཐའ་ཀླས། མདོར་ན་ལུང་སྡེ་སྣོད་གསུམ་གྱི་འཆད་ཉན་དང་། ལམ་བསླབ་པ་གསུམ་གྱི་ཉམས་ལེན་ལ་རྩེ་གཅིག་ཏུ་བརྩོན་པ་དང་། དེའི་ཡན་ལག་ཏུ་སྒྲ་སྙན་སྨན་རྩིས། རི་མོ་ཡིག་རིགས་འདོན་ཆོས་སྤྱོད། ཐིག་དང་རྡུལ་ཚོན། གཏོར་བཟོ་མཆོད་བཞེངས། གར་དང་ཕྱག་རྒྱ། གདངས་དབྱངས་རོལ་མོ་སོགས་དམ་པ་གོང་མའི་སྦྱངས་སྲོལ་ཕྱག་ལེན་གྲྭ་མ་ཉམས་པར་སློབ་སྤྱོད་རང་སྐྱ་འཕེར་ངེས་ཀྱིས་མཚོན་བཅུ་ཕྲག་རིང་གནས་ཚང་མ་ཕྱོགས་རིས་ཡ་གྱར་དུ་མ་གྱུར་པ་གང་ལ་གང་དགོས་འཛིན་སྤེལ་གྱི་སྤྱན་ལྟོས་བཟང་བས་མིང་དོན་མཚུངས་པི་མཁས་པའི་འབྱུང་གནས་སུ་གྱུར་པས་གངས་ཅན་སྨན་ལྗོངས་མཛེས་པའི་རྒྱན་དུ་གྱུར་ཏོ། འོན་ཀྱང་རབ་བྱུང་བཅུ་དྲུག་པའི་ས་ཕག་ལོ་ནས་དམངས་གཙོའི་བཅོས་བསྒྱུར་སྐབས་དགོན་པའི་རྟེན་བརྟེན་པ་ཕལ་ཆེར་གཏོར། གྲྭ་རྒན་བཅུ་གཉིས་ཆོས་དད་རང་མོས་སུ་བཞག་པ་ལ། རྟེན་མཆོད་གྲས་དམར་གདུང་ཡིད་བཞིན་ནོར་བུ་སྐུ་གཅེར་བུ་ཙམ་ཐོབ་པ་ཤེལ་སྒྲོམ་དུ་བཞུགས་སུ་གསོལ་ཡང་རིག་གནས་གསར་བརྗེའི་ནང་དགོན་པ་རྩ་གཏོར་སྐབས་གྲྭ་རྒན་རྣམས་ལ་བདག་དབང་མ་བྱུང་བར་མེ་ལ་བསྲེག་ཤོར་བ་མ་ཟད་ཁང་མིག་གཅིག་ཀྱང་མ་ལུས་པར་རྩ་གཏོར་སོང་། རིག་གནས་གསར་བརྗེའི་དུས་ཟིང་འཇགས་རྗེས་ཕྱོགས་ཡོངས་ནས་ཆོས་དད་སོགས་སྲིད་ཇུས་དོན་འཁྱོལ་འགོ་ཚུགས་པའི་སྐབས་རབ་བྱུང་བཅུ་དྲུག་པ། ཕུག་ལུགས་སྟོན་པའི་འཁྲུངས་ལོ་དྲག་པོ་ལྕགས་སྤྲེལ་གྱི་བོད་ཟླ་གསུམ་པ་བཀྲ་ཤིས་ཟླ་བའི་ཡར་ཚེས་བཅོ་ལྔ་སྟོན་པས་དུས་འཁོར་གསུངས་པའི་དུས་ཆེན་གཟའ་སྐར་འཕྲོད་སྦྱོར་བཟང་པོའི་ཉིན་དགོན་གནས་ཉམས་གསོའི་གྲ་སྒྲིག་སྐར་འཛིན་བྱས། དེ་ནས་རིམ་བཞིན་གོང་ལ་ཆོག་མཆན་ཞུ་བ་དང་མཐུན་རྐྱེན་གསོག་སྒྲུབ་བྱེད་པའི་ངང་རྟེན་གཙོ་རོང་སྟོན་ཆེན་པོའི་འདྲ་སྐུ་གཐོང་བ་དོན་ལྡན་བསྐྱར་བཞེངས་དང་། ཆོས་ཁྲི་སྒང་དུ་ལྷ་ཁང་ཀ་དྲུག་མ་གསར་བརྒྱབ་དང་འབྲེལ་ད་ལྟ་﹙རབ་རྒྱལ་ཤིང་གླང་﹚དགེ་འདུན་བགྲེས་སོན་དང་གསར་ཞུགས་བཅས་ཞལ་གྲངས་སུམ་ཅུ་སོ་བདུན་བཞུགས། ཀུན་མཁྱེན་བླ་མའི་ཐུགས་རྗེ་དུས་ལས་མི་ཡོལ་ཞིང་ཆོས་གྲྭ་ཆེན་པོ་འདིའི་ཕྲིན་ལས་འཇུག་མ་རྫོགས་པས་ད་དུང་འགྲོ་བའི་བསོད་ནམས་ཀྱི་ཞིང་དུ་དར་ཞིང་རྒྱས་པར་འགྱུར་རོ། 

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*