ཁྲི་ཆེན་བཞི་བཅུ་པ་ངག་དབང་མཐུ་སྟོབས་དབང་ཕྱུག་མཆོག

དཔལ་ས་སྐྱའི་ཁྲི་ཆེན་བཞི་བཅུ་པ་ངག་དབང་མཐུ་སྟོབས་དབང་ཕྱུག་མཆོག་ནི་ཕྱི་ལོ ༡༩༠༠ ལོ་མཚན་དཔེའི་དཀྱིལ་འཁོར་འཛིན་མའི་ཁྱོན་འདིར་བཞད་ཅིང་གུ་རུ་ཆོས་དབང་སོགས་ཀྱི་རྣམ་སྤྲུལ་དུ་གྲགས་ལ། སྔགས་འཆང་ཐམས་ཅད་མཁྱེན་པ་དྲག་ཤུལ་འཕྲིན་ལས་རིན་ཆེན་སོགས་ཡོངས་འཛིན་མཁས་ཤིང་གྲུབ་པ་བརྙེས་པ་རྣམས་ཀྱི་དྲུང་དུ་མདོ་སྔགས་རིགས་གནས་དང་བཅས་པ་ལ་གསན་སྦྱོང་མཐར་ཕྱིན་པ་གནང་སྟེ་བསྒྲུབ་པ་ཉམས་སུ་བཞེས་པས་མཁས་པ་དང་གྲུབ་པའི་གོ་འཕང་མཐོན་པོར་གཤེགས། ཕྱི་ལོ་ ༡༩༣༧ ནས་༡༩༥༠ བར་དུ་དཔལ་ལྡན་ས་སྐྱའི་ཁྲི་ཆེན་མཛད། ཁྱད་པར་དུ་རྡོ་རྗེ་ཕུར་པའི་གྲུབ་པ་ཐོབ་པས་དཔལ་མོ་དཔལ་ཐང་དུ་ཆུ་ཡི་གཏེར་སྟོན་པ་དང་། ནུབ་རི་གངས་ཀྱི་ཆུ་བོ་དྲག་པོ་གྱ྄ེན་དུ་བཟློགས། དཔལ་ལྡན་ས་སྐྱར་རྡོ་ཡི་གཏེར་བཞེས་པ་ལ་སོགས་པའི་གྲུབ་པའི་རྟགས་བསམ་ཡས་པ་དང་། གཞུང་གི་སྤྱི་རིམ་གནང་བའི་ཚེ་དྲག་པོའི་ལས་ཀྱིས་བསྟན་དགྲའི་ཙིཏྟའི་བུམ་པ་བཀས་པ་སོགས་ཀྱི་ནུས་པ་དང་། ནག་ཕྱོགས་ཀྱི་འཚུབ་འགྱུར་ཧ་ཅང་ཆེ་དྲག་པས་ཡོན་མཆོད་ནང་འཁྲུགས་སྐབས་གདན་ས་ཆེན་པོ་སེ་རྭའི་གཡུལ་དུ་འདས་པ་རྣམས་ལ་བྱིན་བརླབས་དང་གནས་སྤར་མཛད་པས་ཀུ་ཅོ་དབྱིངས་སུ་དེངས་པ་དང་། ཁྱད་པར་དུ་དུས་འགྱུར་གྱི་སྔོན་ལ་ས་སྐྱའི་ཉིན་དགོན་གྱི་རྟེན་གཙོ་རྣམས་སྲིབ་དགོན་སྤྲུལ་པའི་ལྷ་ཁང་ཆེན་པོའི་ནང་དུ་གདན་འདྲེན་ཅིང་སྤུང་དགོས་པའི་ལུང་བསྟན་གནང་བ་བཞིན་ད་ལྟ་བོད་གངས་ཅན་ཙམ་དུ་མ་ཟད་སྲིད་ན་དཀོན་པའི་ངོ་མཚར་སྤྲུལ་པའི་ལྷ་ཁང་ཆེན་མོ་དང་། ལྷ་ཁང་གི་ནང་དུ་ཆོས་བརྩེགས་བྲག་རི་མ་སོགས་དཔལ་ས་སྐྱའི་གྱང་བཞིར་གྲགས་པའི་རྟེན་གསུམ་མཐའ་ཡས་པ་འགྲོ་བའི་བསོད་ནམས་ཀྱི་ཞིང་དུ་ཉི་མ་ལྟར་ལྷམ་མེ་བཞུགས་པ་འདི་ནི་གོང་མ་རྣམ་ལྔས་གཙོས་པའི་གདུང་རབས་རིམ་བྱོན་གྱི་ཐུགས་སྨོན་དང་། དཔལ་ས་སྐྱའི་ཆོས་སྐྱོང་རྣམས་ཀྱི་ནུས་མཐུ་དང་། ཁྱད་པར་དུ་རྗེ་འདིའི་མཁྱེན་བརྩེ་ནུས་པས་སྲུང་སྐྱོབས་སྦ་བའི་འཕྲིན་ལས་ཡིན་པ་ནི་གདོན་མི་ཟའོ། བཞན་ཡང་ཁོང་གིས་ངག་དབང་ཀུན་དགའ་བསོད་ནམས་གཙོས་གདུང་བརྒྱུད་རིན་པོ་ཆེ་མི་ནུབ་སྲིད་མཐའི་བར་གྱི་གདུང་སྤེལ་མཛད་པ་སོགས་བསྟན་འགྲོའི་དོན་བླ་ན་མེད་པ་མཛད་ཡོད་དོ།
࿑ དཔལ་༧ ས་སྐྱའི་ཁྲི་ཆེན་སོ་དགུ་པ་དྲག་ཤུལ་འཕྲིན་ལས་རིན་ཆེན་མཆོག་ནི་ཕྱི་ལོ་༡༨༧༡ ལོར་སྐུ་བལྟམས། ཞང་སྣ་ནམ་རྡོ་རྗེ་བདུད་འཇོམས་ཀྱི་སྤྲུལ་པ་ཡིན་པར་ཕྱོགས་ཀུན་ཏུ་གྲགས། ཕྱི་ལོ་ ༡༩༡༥ ནས་༡༩༣༦ བར་གདན་ས་ཆེན་པོ་དཔལ་ལྡན་ས་སྐྱའི་༧ ཁྲི་ཆེན་མཛད། གུ་རུ་པད་འབྱུང་དང་ཕུར་པ་རྡོ་རྗེ་གཞོན་ནུ་སོགས་ཡི་དམ་རྒྱ་མཚོའི་ཞལ་མངོན་སུམ་དུ་གཟིགས། ཁྱད་པར་དུ་རྡོ་རྗེ་ཕུར་པའི་གྲུབ་པ་ཐོབ་ཅིང་གཞུང་གི་སྤྱི་རིམ་མཛད་སྐབས་ལྷ་རྟེན་ལ་མེ་འབར་བ་སོགས་གྲུབ་རྟགས་མང་པོ་སྟོན་པ་དང་། བསྟན་པ་དང་འགྲོ་བའི་དོན་དུ་དཔལ་ས་སྐྱའི་གདུང་བརྒྱུད་དང་ཆོས་བརྒྱུད་ཆུ་བོའི་རྒྱུན་བཞིན་དུ་བྱིན་གྱིས་བརླབས་པ་དང་ལུང་དུ་བསྟན་པ་སོགས་ཀྱི་མཛད་འཕྲིན་མཐའ་ཡས་སོ། 

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*