རྒྱལ་བུ་ཨལྐོ་ལ་སྤྲིང་བ།

༼བ༽

༄༅། །རྒྱལ་བུ་ཨལྒོ་ལ་སྤྲིང་བ་བཞུགས།།

༄༅། །ཨོཾ་སྭ་སྟི་སིདྡྷཾ། བླ་མ་དང་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བསོད་ནམས་རྒྱ་མཚོའི་དབུས་སུ་ལེགས་འཁྲུངས་པའི། །ཡེ་ཤེས་ལྷུན་པོ་ཕྲིན་ལས་བང་རིམ་ཅན། །གཞན་དོན་བསྡུ་བའི་ལྗོན་པས་རབ་བརྒྱན་པ། །རྒྱལ་བ་རི་ཡི་རྒྱལ་པོ་ལ་ཕྱག་འཚལ། །གནམ་གྱིས་བསྐོས་པའི་རྒྱལ་རྒྱུད་ཆེན་པོའི་རིགས་སུ་ཉེ་བར་འཁྲུངས་ཤིང་བསོད་ནམས་ཆེན་པོའི་དཔལ་འབྱོར་རབ་ཏུ་བརྙེས་ནས། བདེ་བར་གཤེགས་པའི་བསྟན་པ་དང་སྐྱེ་དགུ་རྣམས་ཀྱི་རྩ་ལག་དམ་པར་གྱུར་པ། རྒྱལ་བུ་ཨལྒོའི་སྙན་དུ། བདེ་བར་གཤེགས་པའི་གསུང་གི་འོད་ཟེར་གྱིས། བློའི་པདྨོ་ཁ་ཕྱེ་ཞིང༌། སྡེ་སྣོད་དང་རྒྱུད་སྡེ་འཛིན་པའི་དགེ་སློང་འཕགས་པས་ཞུ་བ། རྒྱལ་བུ་སྐུ་ཁམས་བཟང་ཞིང་ཕྲིན་ལས་རྒྱ་ཆེ་ལ། རྒྱལ་པོ་འདི་དང་ཡང་ཐུགས་གཅུགས་པར་བཞུགས་པ་ཐོས་པས་ཡིད་སྤྲོ་བ་ཁྱད་པར་ཅན་སྐྱེས། མཇལ་ཞིང་གསུང་གླེང་བྱེད་པར་འདོད་པ་ལ་གནས་ཀྱིས་བསྐལ། འོན་ཀྱང་བསམ་པ་རྣམ་པར་དག་པས་སྨོན་ལམ་ཁྱད་པར་ཅན་འདེབས་ཤིང་མཆིས། སླད་མ་ཞུ་བའི་དོན་འགའ་ཞིག་ཚིགས་སུ་བཅད་དེ་ཞུ་བ། ཁྱོད་ཀྱིས་བདེ་འགྲོའི་དཔལ་འབྱོར་མཆོག་བརྙེས་པ། །སྔ་མར་དགེ་བ་སྤྱད་པའི་འབྲས་བུ་ལགས། །དེ་སླད་སླར་ཡང་བསོད་ནམས་བརྟན་བྱའི་ཕྱིར། །གཅིག་ཏུ་དགེ་ལ་བརྩོན་པར་མཛད་པར་རིགས། །ལྗོན་ཤིང་བཟང་པོ་ཇི་སྲིད་གནས་གྱུར་པ། །དེ་སྲིད་མེ་ཏོག་འབྲས་བུ་དེ་ལས་འབྱུང༌། །དེ་བཞིན་གཞན་ཕན་འབྲས་བུ་གང་ལགས་པ། །ཁྱོད་འདྲ་བ་ལས་འབྱུང་བ་དེ་སླད་དུ། །བསྲུང་བ་དམ་པའི་འཁོར་ཡུག་གིས་བསྐོར་ཞིང༌། །དགེ་བར་སྤྱད་པའི་ཆབ་ཀྱིས་རབ་བརླན་ཏེ། །ཉིད་ཀྱི་ཏིང་འཛིན་དགོངས་པའི་ཉིད་དྲོད་ཀྱིས། །སྐུ་ཚེའི་རྩ་བ་ཀུན་ནས་བསྐྱང་དུ་གསོལ། །མཁའ་ལ་འདུས་པའི་སྤྲིན་གྱི་ཆར་རྒྱུན་དང༌། །ས་ཡི་མཐུ་ཡིས་ལོ་ཏོག་འབྲས་འབྱུང་ལྟར། །མི་དབང་འདི་དང་ཁྱོད་ཐུགས་གཅུགས་པ་ལས། །འགྲོ་བའི་དཔལ་འབྱུང་ཕྱིར་ན་དེ་ལྟར་དགོངས། །བཟོ་བོ་དམན་པས་བསྒྲུབས་ཀྱང་རིན་ཆེན་རྒྱན། །ཆེན་པོ་རྣམས་ཀྱིས་རྒྱན་དུ་སྲེལ་བ་ལྟར། །ཚིག་འདི་བདག་གིས་བསྡེབས་ཀྱང་དམ་ཆོས་ལ། །བརྟན་ནས་བགྱིས་སླད་དང་དུ་བཞེས་པར་མཛོད། །ཡི་གེའི་རྟེན་དུ་བདག་གིས་རབ་ཏུ་གནས་པ་ལེགས་པར་བགྱིས་པའི་སྣ་ཚོགས་རྡོ་རྗེ་གཅིག་འབུལ་ཞིང་མཆིས། ཕག་ལོ་ཟླ་བ་བཅུ་གཉིས་པའི་ཚེས་བཅུ་གཉིས་ལ་ཅོང་ཏོར་བྲིས།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*