རིན་ཆེན་པཀྵི་ལ་སྤྲིང་བ།

༼བ༽

༄༅། །རིན་ཆེན་པཀྵི་ལ་སྤྲིང་བ་བཞུགས།།

༄༅། །ཨོཾ་སྭ་སྟི་སིདྡྷཾ། བླ་མ་དང་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཡེ་ཤེས་ཆེན་པོའི་དཀྱིལ་འཁོར་རབ་རྒྱས་ཤིང༌། །ལེགས་པར་བཤད་པའི་འོད་ཟེར་ཕྲེང་བ་ཡིས། །སྐྱེ་དགུའི་བློ་གྲོས་པདྨ་རྒྱས་མཛད་པ། །སངས་རྒྱས་སྐྱེ་དགུའི་སྒྲོན་མ་ལ་ཕྱག་འཚལ། །རྒྱལ་པོའི་བུར་དོ་ནས། ལུང་དང་རིགས་པའི་དེ་ཁོ་ན་ཉིད་ཕྱིན་ཅི་མ་ལོག་པར་སྨྲ་བའི་དགེ་སློང་འཕགས་པས། རིགས་དང་དཔལ་འབྱོར་ཕུན་སུམ་ཚོགས་ཤིང༌། དད་པ་དང་བརྩེ་བའི་བསམ་པ་རྣམ་པར་དག་པས་བསྟན་པ་དང་འགྲོ་བ་ལ་གཅིག་ཏུ་སྨན་པ། རིན་ཆེན་པཀྵའི་ཕྱག་ཏུ་སྤྲིང་བ། ཁྱོད་སྔོན་ལེགས་པར་སྤྱད་པའི་མཐུས། །དཔལ་དང་འབྱོར་པ་ཕུན་ཚོགས་ཤིང༌། །ཐབས་དང་ཤེས་རབ་ཁྱད་འཕགས་པས། །གཞན་ལ་ཕན་པ་མཐའ་ཡས་པ། །ཐོས་པས་བདག་ཡིད་དགའ་བ་ནི། །ཡར་གྱི་ངོ་ཡི་ཟླ་བཞིན་འཕེལ། །ལྷག་བསམ་དག་པའི་ཟླ་རྒྱས་ལས། །སྤྲིང་ཡིག་འོད་ཟེར་སྤྲོ་བར་བྱ། །སྣང་བ་སྒྱུ་མ་ལྟ་བུ་སྟེ། །རང་བཞིན་སྤྲོས་བྲལ་ནམ་མཁའ་བཞིན། །འདི་ནི་བདེན་པ་གཉིས་སུ་བཤད། །དེ་འདྲ་ལྟ་བའི་དམ་པ་ལགས། །རང་དོན་ཡལ་བར་དོར་ནས་སུ། །གནས་སྐབས་དགེའམ་སྡིག་ཀྱང་རུང༌། །གཞན་ལ་ཕན་པ་ལྷུར་ལེན་པ། །འདི་འདྲ་སྤྱོད་པའི་དམ་པ་ལགས། །བྱམས་དང་སྙིང་རྗེ་བྱང་སེམས་དང༌། །ལྷ་དང་དངོས་པོའི་དེ་ཉིད་ལས། །མཚན་མ་མེད་པར་མཉམ་འཇོག་པ། །འདི་འདྲ་བསྒོམ་པའི་དམ་པ་ལགས། །སྟོང་པ་ཉིད་དང་སྙིང་རྗེ་ཡིས། །སྲིད་དང་ཞི་བའི་མཐའ་བཀག་ནས། །ཐར་པ་ཆེན་པོའི་གྲོང་བགྲོད་པ། །འདི་འདྲ་ལམ་གྱི་དམ་པ་ལགས། །སྤངས་དང་རྟོགས་པ་ཕུན་ཚོགས་ཤིང༌། །རང་དང་གཞན་གྱི་དོན་གྲུབ་ནས། །འཁོར་བ་ཇི་སྲིད་གནས་གྱུར་པ། །འདི་འདྲ་འབྲས་བུའི་དམ་པ་ལགས། །ཐེག་པ་ཆེན་པོ་ཀུན་བསྡུས་པ། །ཤིན་ཏུ་གསལ་བའི་ངག་གིས་ནི། །ཚིགས་སུ་བཅད་པར་བསྡེབས་པ་འདི། །ཆོས་ཀྱི་སྐྱེས་སུ་བསྐུར་བ་ལགས། །འདི་འདྲ་ཁྱོད་ཀྱིས་མཁྱེན་བཞིན་དུ། །བདག་གིས་སྤྲིང་བར་མི་འོས་མོད། །ཕན་ཚུན་འདུན་པར་བགྱི་སླད་དུ། །ཆོས་ཀྱི་གླེང་བ་མདོ་ཙམ་ལགས། །སླད་མ་སྐབས་སུ་བབ་པའི་དོན་ལ། སྔར་ཡང་ཁྱེད་རྒྱལ་བུ་ཨལྒོའི་དྲུང་དུ་བཞུགས་པས་མི་སྡེ་ཐམས་ཅད་ལ་ཕན་པ་རྒྱ་ཆེར་བྱུང་འདུག ད་དུང་ཡང་ཇི་ལྟར་ཕན་པ་མཛོད། ཁྱོད་ཀྱི་ཐུགས་དམ་གྱི་རྒྱུར་རབ་ཏུ་གནས་པ་ལེགས་པར་བྱས་པའི་རྗེ་བཙུན་མ་སྒྲོལ་མའི་ཐང་སྐུ་ལེགས་པ་གཅིག་བསྐུར་ཡོད། བློ་གྲོས་ཟླ་རྒྱས་ལས་བྱུང་བའི། །སྤྲིང་ཡིག་བསིལ་བའི་འོད་ཟེར་གྱིས། །ཁྱེད་ཐུགས་དགྱེས་པའི་ཀུནྡའི་ཕྲེང༌། །རྣམ་པ་ཀུན་ཏུ་རྒྱས་པར་ཤོག །ཕག་ལོ་ཟླ་བ་བཅུ་གཉིས་པའི་ཚེས་བཅུ་གཉིས་ལ་ཅོང་ཏོར་བྲིས།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*