༼བ༽
༄༅། །རྒྱལ་བུ་ཇི་བིག་དེ་མུར་ལ་སྤྲིང་བ་བཞུགས།། ༄༅། །ཨོཾ་སྭ་སྟི་སིདྡྷཾ། བླ་མ་དང་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།
།ཀུན་ནས་བརྩེ་བའི་ཐུགས་མངའ་བ། །ཀུན་ཀྱང་སྡུག་བསྔལ་ལས་སྒྲོལ་ཞིང༌། །ཀུན་ཏུ་མི་བཟད་སྟོབས་མངའ་བ། །ཀུན་མཁྱེན་དེ་ལ་ཕྱག་འཚལ་ལོ། །རྒྱལ་པོའི་རིགས་སུ་ཉེར་བསྐྲུན་ཞིང༌། །རྒྱལ་བའི་སྲས་སུ་དམ་བཅས་པར། །རྒྱལ་བུ་ཇི་བིག་དེ་མུར་ནི། །རྒྱལ་བ་ཇི་བཞིན་རྒྱལ་གྱུར་ཅིག །འཕགས་པ་མཆོག་གིས་ལེགས་གསུངས་པའི། །འཕགས་པའི་ལམ་གྱི་ཆོས་ཚུལ་གྱིས། །འཕགས་མཆོག་ཉིད་ནི་ཐོབ་འདོད་པའི། །འཕགས་པས་སྤྲིང་ཡིག་འདི་འབུལ་ལོ། །ཁྱོད་ཀྱི་ངང་ཚུལ་བཟང་པོའི་ཐུགས། །ཐུགས་རྗེ་ཆེན་པོའི་དབང་བགྱིས་ཏེ། །དེ་བཞིན་སྔོན་ཆད་མ་འཚལ་ཡང༌། །ཡང་དག་ངེས་པར་ད་གྱུར་ཏོ། །དེ་སྐད་བདག་ཡིད་དགེ་བ་ནི། །པདྨའི་མཚོ་ལ་ངང་པ་ལྟར། །ཁྱོད་ཀྱི་དད་པའི་ཡིད་བཞིན་མཚོར། །ཀུན་ནས་གཞོལ་ཞིང་འབབ་པ་ལགས། །དེ་འདྲའི་ཚུལ་ལ་ཚུལ་བཞིན་དུ། །ཉིད་ཀྱི་དགོངས་པས་ཉེར་དགོངས་ནས། །ཕན་ཚུན་འབྲེལ་པས་འབྲེལ་པའི་ཡིད། །མི་འབྲལ་བཤེས་ཀྱིའང་བཤེས་སུ་མཆི། །བདག་གིས་དགེ་བ་ཅི་བགྱིས་དང༌། །ཉིད་ཀྱིས་དགེ་བ་གང་མཛད་པ། །དེ་ཀུན་གཅིག་ཏུ་འདྲེས་གྱུར་ནས། །བདག་ཅག་གཉིས་ཀའི་དོན་འགྲུབ་ཤོག །དེ་ལྟར་སྙན་དུ་གསོལ་བ་ཡི། །སྤྲིང་ཡིག་བྲིས་པས་སླར་ཡང་ནི། །མཇལ་བའི་བདུན་པ་ཆེས་ཆེར་གྱུར། །འདུན་པ་ཇི་བཞིན་འགྲུབ་གྱུར་ཅིག །ཁྱོད་ནི་སྐུ་ཚེ་རིང་བ་དང༌། །སྙུན་མེད་དཔལ་འབྱོར་ཕུན་ཚོགས་པས། །བདེ་བར་གཤེགས་པའི་བསྟན་པ་དང༌། །འགྲོ་བ་མ་ལུས་སྐྱོང་གྱུར་ཅིག །སྲིད་པ་ཀུན་ཏུ་བདག་ཅག་གཉིས། །འབྲལ་མེད་ལྷན་ཅིག་གནས་གྱུར་ནས། །ཕན་ཚུན་བསོད་ནམས་ཡེ་ཤེས་ཚོགས། །རྫོགས་པའི་རྐྱེན་དུ་འགྱུར་བར་ཤོག །འབྲུག་ལོ་ཟླ་བ་བཅུ་པའི་ཚེས་བཅུ་བཞི་ལ། ཆེན་ཇེའུར་བྲིས་པའི་ཡི་གེ་བཀྲ་ཤིས་པར་གྱུར་ཅིག། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com


དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།
You must be logged in to post a comment.