རྒྱལ་བུ་བྱང་ཆུབ་སེམས་དཔའ་ལ་གནང་བའི་བཀའ་ཡིག

༼བ༽

༄༅། །རྒྱལ་བུ་བྱང་ཆུབ་སེམས་དཔའ་ལ་གནང་བའི་བཀའ་ཡིག་བཞུགས།།

༄༅། །ཨོཾ་སྭ་སྟི་སིདྡྷཾ། བླ་མ་དང་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཟག་པ་མེད་དབྱིངས་ནམ་མཁའི་ཁམས། །ཐུགས་རྗེའི་སྤྲིན་གྱིས་ཁྱབ་མཛད་དེ། །དྲི་མེད་ཆོས་ཀྱི་ཆར་འབེབས་པ། །སངས་རྒྱས་ཀླུ་དབང་ལ་ཕྱག་འཚལ། །རྒྱལ་བུ་ཁྱོད་ཀྱིས་སངས་རྒྱས་ལ། །སྲིད་པ་སྔ་མར་ཚོགས་རབ་བསགས། །དེ་ཡི་དབང་གིས་སྐུ་ཚེ་འདིར། །ཕུན་ཚོགས་བརྙེས་ཁྱོད་རྒྱལ་གྱུར་ཅིག །སྔོན་ཡང་སངས་རྒྱས་བསྟན་ལ་ཁྱོད། །དད་པའི་བག་ཆགས་ཆེར་སད་པས། །འདིར་ཡང་མི་ཕྱེད་དད་པའི་ཐུགས། །དག་པ་ཁྱོད་ནི་རྒྱལ་གྱུར་ཅིག །ཁྱོད་ཀྱིས་བདེ་འགྲོའི་དཔལ་འབྱོར་མཆོག །བརྙེས་པ་སྔ་མའི་འབྲས་བུ་ལགས། །སླར་ཡང་དམ་པའི་ཆོས་ཀྱིས་ཐུགས། །གྲོལ་གྱུར་ཁྱོད་ནི་རྒྱལ་གྱུར་ཅིག །ཁྱོད་ཀྱིས་རྒྱལ་སྲིད་རྒྱལ་པོ་ཡི། །ཁྲིམས་བཞིན་བསྐྱངས་པ་ངོ་མཚར་མོད། །དེ་དག་བས་ཀྱང་དམ་ཆོས་ཀྱིས། །བདག་གཞན་ཕན་བགྱིད་ངོ་མཚར་ལགས། །སླར་ཡང་ཁྱོད་ཀྱི་ངོ་མཚར་གྱི། །མཛད་སྤྱོད་ཕྱོགས་སུ་རྒྱས་པ་དང༌། །སྐུ་ཚེའང་ཀུན་ནས་བརྟན་བྱའི་ཕྱིར། །ཤིས་པ་དེ་དག་བརྗོད་པ་ལགས། །དེ་ལྟར་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་སྔོན་དུ་བརྗོད་ནས། རྒྱལ་བུ་བྱང་ཆུབ་སེམས་དཔའི་སྙན་དུ་ཆོས་ཀྱི་རྗེ་ས་སྐྱ་པཎྜི་ཏ་ཆེན་པོའི་ཞབས་རྡུལ་སྤྱི་བོས་ལེན་པ་ཆོས་སྨྲ་བ་འཕགས་པས་ཞུ་བའི་ཚིག་ཡི་གེར་བཀོད་ནས་ཕྱག་ཏུ་ཕུལ་བ། རྒྱལ་བུ་བྱང་ཆུབ་སེམས་དཔའ་སྐུ་ཁམས་བཟང་ཞིང་ཕྲིན་ལས་རྒྱ་ཆེ་བར་བཞུགས་པ་ཐོས་པས་ཡིད་དགའ། ངེད་ཡོན་མཆོད་ཐམས་ཅད་ཀྱང་བདེ་བར་མཆིས། ཁྱེད་ཀྱིས་ཐུགས་བརྩེ་བ་ཆེན་པོས་དགོངས་ནས་སྤྱིར་རྒྱལ་ཁམས་དང༌། སངས་རྒྱས་ཀྱི་བསྟན་པ་ལ་ཕན་པར་དགོངས་པའི་མཛད་པ་རྒྱ་ཆེན་པོ་དང༌། བྱེ་བྲག་ཏུ་བདག་ཅག་ལྟ་བུའི་དམན་པའང་ཐུགས་ཀྱི་དཀྱིལ་འཁོར་གྱི་ཁོངས་སུ་ཆུད་པར་མཛད་ནས། གསུང་སྙན་པོ་བདུད་རྩིའི་རྒྱུན་ལྟ་བུ། དངོས་པོ་རྣམ་པར་དག་པའི་ཟང་ཟིང་དང་བཅས་པ་གནང་བ་ཐུགས་དགོངས་དག་པའི་སྟོབས་ཀྱིས་བདག་གི་ལག་ཏུ་ཕྱིན་པས་ཡིད་དགའ་བ་ངང་གིས་འཕེལ་བར་གྱུར། སྔར་ཡང་ཇི་སྐད་གསུངས་པ་བཞིན་དུ་ངེད་ཀྱི་ཕྱོགས་ནས་རང་དོན་གཙོ་བོར་མ་བྱས་པར། བཀླག་དང་ནུས་པ་ཡོད་ཚད་ཀྱི་སངས་རྒྱས་ཀྱི་བསྟན་པ་དང༌། སེམས་ཅན་སྤྱི་ལ་གང་ཕན་བགྱིས་པ་ལགས། འོན་ཀྱང་སྙིགས་མའི་དུས་ཀྱི་འགྱུར་བ་དང༌། སེམས་ཅན་སྤྱི་མཐུན་གྱི་ལས་གང་ཟག་རེ་རེས་བཟློག་དཀའ་བར་གདའ། ད་དུང་ཡང་ཞལ་ཏ་བཞིན་དུ་ནུས་ཚད་ཀྱིས་བསྒྲུབ་པ་ལགས། ཁྱོད་ཀྱིས་ཀྱང་ཐུགས་ལ་ཆེར་གདགས་པར་ཞུ། མཇལ་བར་འདོད་པའི་འདུན་པ་ཤིན་ཏུ་ཆེ་བར་མཆིས་པས། ཇི་སྐད་གསུངས་པ་བཞིན་དུ་མྱུར་དུ་མཇལ་བའི་དོན་དུ་གསོལ་བ་འདེབས་པ་ལགས། སླར་ཡང་ཞུ་བའི་ཚིག་ཚིགས་སུ་བཅད་དེ་གསོལ་པ། ཁྱོད་ཀྱི་དཔལ་འབྱོར་ཕུན་ཚོགས་པ། །ལྷུན་གྲུབ་ཕྱིར་ན་འབད་ཅི་འཚལ། །འདིར་ནི་སྐུ་ཚེ་བརྟན་ཕྱིར་དང༌། །མཐར་ཐུག་བྱང་ཆུབ་ཆེན་པོའི་ཕྱིར། །དགོངས་པ་དག་པ་ཁྱོད་ཀྱི་ཐུགས། །གཡེལ་བ་མེད་པར་དགོངས་འཚལ་ལོ། །བཞེས་པའི་ཚོད་ཀྱང་རིག་པ་དང༌། །གཤེགས་དང་བཞུགས་གནས་བརྟག་པ་དང༌། །ཉོན་མོངས་དབང་དུ་མི་འགྱུར་བ། །འདི་གསུམ་བདེ་བར་གནས་པའི་རྒྱུ། །གཞན་གྱི་སྲོག་ལ་བྱམས་པ་དང༌། །ལུས་སེམས་དབེན་པར་གནས་པ་དང༌། །དགེ་དང་རྣལ་འབྱོར་རབ་བརྩོན་པ། །འདི་གསུམ་སྐུ་ཚེ་བརྟན་པའི་རྒྱུ། །སྡིག་པའི་ལས་ལས་ལྡོག་པ་དང༌། །དགེ་ལ་སྤྲོ་བས་བསྒྲུབ་པ་དང༌། །སྟོང་ཉིད་སྙིང་རྗེས་སེམས་འདུལ་བ། །འདི་གསུམ་བྱང་ཆུབ་ཆེན་པོའི་རྒྱུ། །སུམ་ཚན་གསུམ་དུ་སྤེལ་བ་ཡི། །ཆོས་ཚུལ་རྣམ་པ་དགུ་པོ་འདི། །རྒྱལ་བུ་བྱང་ཆུབ་སེམས་དཔའ་ལ། །འཕགས་པའི་འདབ་ནོར་ཆེན་པོ་ལགས། །རབ་ཏུ་གནས་པ་ལེགས་པར་བྱས་པའི་སྲུང་བའི་འཁོར་ལོ་དང༌། གསེར་གྱི་རྡོ་རྗེ་རྩེ་དགུ་པ་གཅིག་ཐུགས་དམ་དུ་འབུལ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*