བློ་གྲོས་སེང་གེ་ལ་བསྐུལ་བའི་ཉམས་ལེན་མདོར་བསྡུས།

༼བ༽

༄༅། །བློ་གྲོས་སེང་གེ་ལ་བསྐུལ་བའི་ཉམས་ལེན་མདོར་བསྡུས་བཞུགས།།

༄༅། །ཨོཾ་སྭ་སྟི་སིདྡྷཾ། བླ་མ་དང་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །རྟག་ཏུ་འཆི་བ་བསམ་པར་བྱ། །དེ་ཡིས་ཚེ་འདིའི་ཞེན་པ་ལྡོག །འཁོར་བའི་ཉེས་དམིགས་དྲན་པར་བྱ། །སྲིད་ལ་སྨོན་པའི་ཡིད་བྲལ་འགྱུར། །འགྲོ་ལ་བྱམས་བརྩེ་བསྒོམས་པ་ཡིས། །ཅིག་ཏུ་བདག་དོན་གཉེར་བ་ལྡོག །ཆོས་རྣམས་སྟོང་པ་ཉིད་དུ་བསྒོམ། །མཚན་མར་འཛིན་པ་སྤོང་བར་འགྱུར། །རང་ལུས་ལྷག་པའི་ལྷ་རུ་བསྒོམ། །དེ་ཡིས་ཐ་མལ་མངོན་ཞེན་ལྡོག །རྟག་ཏུ་སྔགས་ཀྱིས་བཟླས་པ་བྱ། །དེ་ཡིས་ངག་གི་སྒྲིབ་པ་སྤོང༌། །སྟོང་ཉིད་སྙིང་རྗེ་ཟུང་འཇུག་བསྒོམ། །ཡིད་ཀྱི་དྲི་མ་དག་པར་འགྱུར། །སྤྱི་བོར་བླ་མ་མོས་གུས་བྱ། །བྱིན་བརླབས་ཡེ་ཤེས་ཉེ་བར་འགྱུར། །བདེ་བ་དཀོན་མཆོག་དྲིན་དུ་བསམ། །འབྱོར་པའང་ལམ་དུ་འགྱུར་བ་ཡིན། །གདུང་བས་ལས་ངན་འདག་པར་བསམ། །སྡུག་བསྔལ་མྱོང་བའང་ལམ་དུ་འགྱུར། །དགེ་བ་གཞན་ ༼༥༠༣༽ གྱི་དོན་དུ་བསྔོ། །མི་ཟད་པ་ཡི་གཏེར་དུ་འགྱུར། །ཟབ་མོ་ཉམས་སུ་ལེན་པའི་ཚུལ། །མདོར་བསྡུས་གོ་བདེར་བཀོད་པ་ཡིན། །དཔོན་བློ་གྲོས་སེང་གེས་བསྐུལ་ནས། འཕགས་པས་མེ་མོ་ཡོས་བུའི་ལོ་ཟླ་བ་གཉིས་པའི་ཚེས་གཉིས་ལ་དཔལ་ས་སྐྱར་ཡི་གེར་བཀོད་པའོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*