༧ རྗེ་ལམ་འབྲས་པ་མཁན་པོ་འཇམ་སེང་མཆོག་དཔལ་ལྡན་ས་སྐྱ་དགོན་དུ་ཕེབས།

 རིགས་དང་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་རྗེ་ལམ་འབྲས་པ་ཆེན་པོ་འཇམ་དབྱངས་སྨྲ་བའི་སེང་གེ་རིན་པོ་ཆེ་མཆོག་གངས་ལྗོངས་རྡོ་རྗེ་གདན་དཔལ་ལྡན་ས་སྐྱ་དགོན་དུ་དངོས་སུ་ཆིབས་གྱུར་གནང་བ། དཔལ་ས་སྐྱ་སྤྲུལ་པའི་ལྷ་ཁང་ཆེན་མོར་ཞབས་གསོར་འཁོད་དེ། མཁས་སློབ་འདུས་མང་དང་མི་སེར་ཡོངས་ལ་འཇམ་མགོན་བླ་མའི་ས་འཇམ་སྦགས་སྒྲུབ་བྱིན་བརླབས་གནང་བ་དང་དེ་བཞིན་སྔོན་གྱི་ཐུགས་བསྐྱེད་སྨོན་ལམ་ལས་བླ་མ་རང་ཉིད་སྐྱབས་རྗེ་བདེ་བར་གཤེགས་པ་བླ་མ་བློ་དགའ་རིན་པོ་ཆེའི་མདུན་ནས་གསུང་ངག་ལམ་འབྲས་གཙོས་མདོ་སྔགས་ཡོངས་རྫོགས་གསན་བཞེས་མཛད་པ་དང་མཐུ་ཆེན་འཛམ་གླིང་གཡས་བཞག་མདུན་དུ་ལྷ་ཁང་མཁན་ཆེན་བྱམས་པ་ཀླུ་སྒྲུབ་སྐུ་མདུན་ནས་དགེ་ཚུལ་སྡོམ་པ་ཞུས་གནང་བ་སོགས་རང་ཉིད་གདན་ས་ཆེན་པོའི་འདི་ནས་སྡོམ་པ་གསུམ་ལྡན་དུ་གྱུར་ཞིང་ད་ལྟའི་ཡོན་ཏན་ཆ་ཤས་ཡོད་པ་འདི་ཡང་གནས་འདི་ནས་འཚར་ལོངས་བྱུང་རིམ་སོགས་བཀའ་སློབ་གང་མང་གནང་། དེ་རྗེས་བཤད་གྲྭའི་ལས་ཐོགས་མཁན་ཆེན་བསྟན་པ་དར་རྒྱས་གཙོས་དཔོན་སློབ་གྲངས་ལྡན་ནས་མཎྜལ་སྐུ་གསུང་ཐུགས་རྟེན་འབུལ་གནང་བ་བཅས་སོ། དཔལ་ས་སྐྱ་མཐོ་རིམ་སློབ་གྲྭར་ཆིབས་གྱུར་གནང་ཐོག་བླ་མ་རང་གི་དངོས་སུ་གཟིགས་ལམ་བྱུང་བར་གདན་སའི་བཤད་སྒྲུབ་ལས་གསུམ་གང་ནས་བསམ་ཀྱང་མིང་དོན་མཚུངས་ཞིང་འཕེལ་ཁ་རྒྱས་ལ་སྔོན་གྱི་ལོ་རྒྱུས་ཙམ་མ་ཡིན་པར་གདན་ས་གདན་ས་འདྲ་བ་ཆགས་འདུག་པ་མ་ཟད་ད་རས་གནས་གཟིགས་སུ་ཕེབས་པའི་ནང་སེམས་ནང་བརྗོད་མི་ཤེས་པའི་དགའ་བ་དང་སྤྲོ་བ་སྦྱིན་ཚུལ་དང་དེ་བཞིན་སངས་རྒྱས་བསྟན་པ་ནི་བཤད་སྒྲུབ་གཉིས་ལ་རག་ལས་རྐྱེན་མ་འོངས་པར་ཐོས་བསམ་བསྒོམས་གསུམ་གྱི་སྒོ་ནས་བསྟན་པ་རྒྱས་དགོས་སོགས་བཀའ་སློབ་གང་མང་གནང་། གནས་མཆོག་ཁའུ་བྲག་རྫོང་གསང་ཆེན་སྒྲུབ་པའི་ལྟེ་གནས་སུ་གནས་གཟིགས་སུ་ཕེབས་པ་དང་འབྲེལ་གདན་སའི་རྒྱ་མཚོ་དཔོན་སློབ་མཁན་རིན་པོ་ཆེ་ཀུན་བཟང་རྒྱལ་མཚན་མཆོག་གཙོས་མཁས་སློབ་ཡོངས་ལ་བདེ་མཆོག་དབང་ཆེན་བསྩལ་བ་དེ་བཞིན་རྟེན་དང་རྟེན་པར་བཅས་ལ་རབ་གནས་མཛད་གནང་བ་དང་གཞན་ཡང་དཔལ་ལྡན་དམག་གསོར་རྒྱལ་མོའི་བསམ་གླིང་དགོན་ཁང་གནས་སུ་ཕེབས་ཏེ་གདན་སའི་བཙུན་མའི་བཤད་གྲྭ་གསར་བཞེངས་བྱེད་བཞིན་པར་རབ་གནས་དང་ཞབས་ཀྱི་བཅགས་པ་བཅས་སོ།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*