རྡོ་རྗེ་གུར་ལས་གསུངས་པའི་ཁྲོ་བཅུའི་སྲུང་འཁོར།

༼ཁ༽

༄༅། །རྡོ་རྗེ་གུར་ལས་གསུངས་པའི་ཁྲོ་བཅུའི་སྲུང་འཁོར་བཞུགས།།

བླ་མ་དམ་པའི་ཞབས་ལ་སྤྱི་བོས་གུས་པར་ཕྱག་འཚལ་ལོ། །འཕགས་པ་མཁའ་འགྲོ་མ་རྡོ་རྗེ་གུར་གྱི་རྒྱུད་ལས་འབྱུང་བའི་ཨུཥྞཱི་ཥའི་ཕྱིར་བཟློག་པ་ལ་དོན་གཉིས་ཏེ། གཞན་གྱི་གནོད་པ་ཕྱིར་བཟློག་པ་དང༌། རང་བསྲུང་བའོ། །དང་པོ་ལ་གཉིས། བསྒོམས་པས་ཕྱིར་བཟློག་པ་དང༌། འཁོར་ལོ་བྲིས་པས་ཕྱིར་བཟློག་ཅིང་བསྲུང་བའོ། །དང་པོ་ལ་གཉིས། མངོན་པར་རྟོགས་པ་དང་འབྲེལ་བའི་དབང་དུ་བྱས་ནས་བསྒོམ་པ་དང༌། མ་འབྲེལ་བར་སྲུང་འཁོར་རྐྱང་པ་བསྒོམ་པའོ། །དེ་ལ་དང་པོ་ལྟར་ན། ཚོགས་བསག་པའི་ཞིང་སྤྱན་དྲངས་ནས། དེའི་སྤྱན་སྔར་སྡིག་པ་བཤགས་པ་ལ་སོགས་པ་རྒྱུན་བཤགས་བྱ་བ་དང༌། ཚད་མེད་པ་བཞི་བསྒོམ་པ་དང༌། ཡེ་ཤེས་ཀྱི་ཚོགས་བསག་པ་སྟོང་པ་ཉིད་བསྒོམ་པ་དང༌། སྟོང་པའི་ངང་ལས་ཐུན་མོང་གི་སྲུང་འཁོར་བསྒོམ་པའི་བར་དུ་རྒྱུད་ནས་འབྱུང་བ་བཞིན་བྱའོ། །དེ་ནས་ཐུན་མོང་གི་སྲུང་འཁོར་གྱི་དབུས་སུ་པྃ་ལས་པདྨ། རྃ་ལས་ཉི་མའི་སྟེང་དུ་བྷྲཱུྃ་སེར་པོ་ཞིག་བསམ། དེ་ཡོངས་སུ་གྱུར་པ་ལས་འཁོར་ལོ་སེར་པོ་རྩིབས་བཅུ་པ། རྩེ་མོ་རྣོ་བ། ཁོག་པ་སྟོང་པ། ཡངས་ཤིང་རྒྱ་ཆེ་བ་ཅིག་བསྒོམ། དེའི་ནང་དུ་པྃ་ལས་པདྨ། རྃ་ལས་ཉི་མའི་དཀྱིལ་འཁོར་བཅུ་གཅིག་དུས་གཅིག་ཏུ་བསམ། དེ་ནས་འཁོར་ལོའི་ལྟེ་བར་པདྨ་དང་ཉི་མའི་སྟེང་དུ་བྷྲཱུྃ་སེར་པོ། དེ་ཡོངས་སུ་གྱུར་པ་ལས། རང་ཉིད་གཙུག་ཏོར་འཁོར་ལོས་སྒྱུར་བ་སྐུ་མདོག་སེར་པོ། ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡས་པ་ན་ཙཀྲ་སེར་པོ། གཡོན་པ་སྡིགས་མཛུབ་མཛད་པ་ཅིག་བསྒོམ། ཡང་འཁོར་ལོའི་ལྟེ་བའི་མུ་ཁྱུད་ཀྱི་སྟེང་དུ། ནས་རེས་མ་རེག་པར་པདྨ་དང་ཉི་མའི་གདན་བཅུ་བསམ། དེ་ལ་ཤར་གྱི་རྩིབས་ཀྱི་ནང་དུ་པད་ཉིའི་སྟེང་དུ་ཧཱུྃ་ལས་གཤིན་རྗེ་གཤེད་སྔོན་པོ་ཐོ་བ་བསྣམས་པའོ། །དེ་བཞིན་དུ་ལྷོའི་རྩིབས་ཀྱི་ནང་དུ་ཤེས་རབ་མཐར་བྱེད་དཀར་པོ་བེ་ཅོན་འཆང་བའོ། །ནུབ་ཀྱི་རྩིབས་ཀྱི་ནང་དུ་པདྨ་མཐར་བྱེད་དམར་པོ་པདྨ་འཛིན་པའོ། །བྱང་གི་རྩིབས་ཀྱི་ནང་དུ་བགེགས་མཐར་བྱེད་ནག་པོ་རྡོ་རྗེ་འཛིན་པའོ། །ཡང་དབང་ལྡན་གྱི་རྩིབས་ཀྱི་ནང་དུ་མི་གཡོ་བ་ནག་པོ་རལ་གྲི་འཕྱར་བའོ། །མེའི་རྩིབས་ཀྱི་ནང་དུ་འདོད་པའི་རྒྱལ་པོ་ནག་པོ་ལྕགས་ཀྱུ་འཛིན་པའོ། །བདེན་བྲལ་གྱི་རྩིབས་ཀྱི་ནང་དུ་དབྱུག་སྔོན་ཅན་ནག་པོ་དབྱུག་པ་འཆང་བའོ། །རླུང་གི་རྩིབས་ཀྱི་ནང་དུ་སྟོབས་པོ་ཆེ་ནག་པོ་རྩེ་གསུམ་བསྣམས་པའོ། །སྟེང་གི་རྩིབས་ཀྱི་ནང་དུ་ཧཱུྃ་མཛད་ནག་པོ་གཡས་ན་རྡོ་རྗེ། གཡོན་དྲིལ་བུ་འཛིན་པའོ། །འོག་གི་རྩིབས་ཀྱི་ནང་དུ་གནོད་མཛེས་རྒྱལ་པོ་ནག་པོ་གཏུན་ཤིང་འཛིན་པའོ། །ཧཱུྃ་མཛད་མ་ཡིན་པ་གཞན་ཐམས་ཅད་ཀྱི་ཕྱག་གཡོན་སྡིགས་མཛུབ་མཛད་པའོ། །གཡས་པ་ཐམས་ཅད་རང་རང་གི་ཕྱག་མཚན་འཛིན་པའོ། །དེ་ལྟར་ཁྲོ་བོ་བཅུ་ཧཱུྃ་ཙམ་ལས་སྐད་ཅིག་གིས་དཀྲོངས་དཀྲོངས་བསྐྱེད་དོ། །དེའང་ཕྱོགས་ཀྱི་ཁྲོ་བོ་བཞི་དབུས་མ་དང་ལྔ་ནི་བརྗིད་པའི་ཁྲོ་བོ་སྟེ། སྤྱན་དམར་ལ་ཟླུམ་ཞིང་ཞབས་བགྲད་པ། སྐུ་བོང་སྦོམ་ལ་ཐུང་བ། གསུས་ཁྱིམ་ཆེ་བ། སྟག་གི་པགས་པའི་ཤམ་ཐབས་ཅན། སྦྲུལ་གྱིས་བརྒྱན་པ་སྟེ། སྤྱི་བོ་ལ་མཐའ་ཡས་སྔོན་པོ། རྣ་བ་ལ་འཇོག་པོ་དམར་པོ། མགུལ་པ་ལ་པདྨ་ཆེན་པོ་སྔོ་སྐྱ། དཔུང་པ་ལ་རིགས་ལྡན་ཁྲ་བོ། ལག་པ་ལ་ནོར་རྒྱས་དཀར་པོ། སྐ་རགས་ལ་དུང་སྐྱོང་སེར་པོ། སེ་རལ་ཁར་ཀརྐོ་ཊ་ལྗང་གུ། རྐང་པ་ལ་པདྨ་སྔོ་སྐྱ། སྨ་ར་དང་སྨིན་མ་སེར་བ། དབུ་སྐྲ་སེར་པོ་གྱེན་དུ་བརྫེས་པའོ། །ཁྲོ་བོ་གཞན་རྣམས་ནི་མཛེས་པའི་ཁྲོ་བོ་སྟེ་ཅུང་ཟད་སྒེག་པ། ཡིད་ཙམ་ཁྲོས་པ། སྐུ་སྐེམས་ཤིང་གྲིམས་པ། དར་སྣ་ཚོགས་ཀྱི་ཤམ་ཐབས་ཅན། རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པའོ། །རལ་པ་ནག་པོ་སྤྱི་བོར་བཅིངས་པ། ཐམས་ཅད་མེ་རི་འབར་བའི་གསེབ་ན་ཞབས་བརྐྱང་བསྐུམ་གྱིས་བཞུགས་པའོ། །དེ་ལྟར་དམ་ཚིག་པ་བསྐྱེད་ལ། རྒྱས་པར་བྱེད་ན། ཡེ་ཤེས་པ་དགུག་གཞུག་བྱ། སྐྱེ་མཆེད་དང་སྐུ་གསུང་ཐུགས་བྱིན་གྱིས་བརླབ། དབང་བསྐུར་ནས་རིགས་བདག་གི་རྒྱས་གདབ་བོ། །དེ་ཙམ་མ་གྲུབ་ན་སྐུ་གསུང་ཐུགས་བྱིན་གྱིས་བརླབས་ལ། དབུ་རྒྱན་རང་ཆས་སུ་བསྒོམ་མོ། །དེའང་གཤིན་རྗེ་གཤེད་ལ་རྣམ་སྣང༌། པདྨ་མཐར་བྱེད་ལ་འོད་དཔག་མེད། གཞན་ཐམས་ཅད་ལ་མི་བསྐྱོད་པས་དབུར་བརྒྱན་པའོ། །དེ་ནས་ལུས་བསྲུང་ཞིང་མིང་སྦ་བར་བྱ་སྟེ། དེའང་རང་གི་སྙིང་གའི་ཧཱུྃ་ལས་འོད་འཕྲོས་པས་བ་སྤུའི་བུ་ག་ཐམས་ཅད་རྡོ་རྗེ་ཕྲ་མོ་དཔག་ཏུ་མེད་པས་གཏམས་པར་བསམ་པ་ནི་གོ་བགོ་བའོ། །དེ་ནས་རང་གི་སྙིང་གར་ཧཱུྃ་ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་གྱེན་དུ་ལངས་པ་ཅིག་བསྒོམ། དེའི་ལྟེ་བ་སྟོང་པར་ཡོད་པའི་ནང་དུ་ཧཱུྃ་ཅིག་བསམས་ལ། དེའི་མཐའ་ན་ཕར་རང་ངམ་བསྲུང་བར་འདོད་པའི་མིང་གི་ཡི་གེ་དང་པོ་བསམས་ལ། དེ་ཡང་སློབ་དཔོན་བསྲུང་བར་འདོད་ན་སྤྱི་བོར་བསྒོམ། ཕ་མ་མདུན་དུ། སྤུན་ཟླ་གཡོན་དུ། བུ་དང་ཆུང་མ་གཡས་སུ། འཁོར་གཡོག་རྣམས་རྒྱབ་ཏུ། ནོར་རྫས་རྣམས་འོག་ཏུ་བསམ་མོ། །གང་མི་བསྲུང་བ་སྟོང་པར་བཞག་གོ །དེ་ནས་མཆོད་བསྟོད་བདུད་རྩི་མྱང་བ་ལ་སོགས་པ་གྲུབ་ན་བྱ། མ་གྲུབ་ཀྱང་ཆོག་གསུང་ངོ༌། །དེ་ནས་ཙཀྲའི་ཕྱོགས་མཚམས་བརྒྱད་ཀྱི་རྩིབས་བརྒྱད་ཀྱི་བར་དུ་ཡྃ་ལས་རླུང་གི་དཀྱིལ་འཁོར། དེའི་སྟེང་དུ་རྃ་ལས་མེའི་དཀྱིལ་འཁོར་གྱི་སྟེང་བསྒྲུབ་བྱ་ལུས་རིད་པ། སྐྲ་འཛིངས་པ། ཁ་ནས་ཁྲག་སྐྱུག་པ། སྤྱིའུ་ཚུགས་སུ་འདུག་པ་བལྟས་ཏེ། དེ་ལ་གནོད་བྱེད་ཀྱི་ཤེས་པ་བཀུག་ལ་བསྟིམ་མོ། །དེ་ནས་སྔགས་བཟླས་པ་དང༌། ཁྲོ་བོ་བཅུ་ཞལ་ཕྱིར་གཟིགས་པ་དང༌། ཙཀྲ་གཡོན་དུ་མྱུར་བར་འཁོར་བས་གནོད་བྱེད་ཀྱི་ལུས་རླུང་གིས་བསྐྱོད། མེས་བསྲེགས་ཤིང༌། ཙཀྲའི་རྩེ་མོས་ཉལ་ཉལ་གཏུབས་པར་བསམ་མོ། །དེ་ལྟར་ལུས་གཏུབས་པས་ཁོའི་ཚེ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་བྱང་ནས་རྣམ་པར་ཤེས་པ་མི་བསྐྱོད་པའི་གནས་སུ་སྐྱེས་པར་བསམ་ཞིང་སྔགས་བཟླས་སོ། །ན་མཿས་མནྟ་བུདྡྷཱ་ནཱཾ། ན་མཿས་མནྟ་དྷརྨཱ་ནཱཾ། ན་མཿས་མནྟ་སཾ་གྷཱ་ནཱཾ། ཨོཾ་སཱི་ཏ་ཏ་པ་ཏྲ། ཨོཾ་བི་མ་ལ། ཨོཾ་ཤཾ་ཀ་ར། ཨོཾ་པྲ་ཏྱཱཾ་གི་ར་བཛྲ་ཨུཥྛི་ཥ་ཙཀྲ་བརྟི་སརྦ་ཡནྟྲ་མནྟྲ་མཱུ་ལ་ཀརྨ། བནྡྷ་ནཾ་ཏཱ་ཌ་ནཾ། ཀཱི་ལ་ནཱཾ་ཝཱ། མ་མ་ཀྲྀ་ཏེ། ཡེ་ན་ཀེ་ན་ཙིཏྟ་ཀྲྀ་ཏནྟ་ཏ་སརྦཱནྟུ། ཙྪིནྡྷ་ཙྪིནྡྷ། བྷིནྡ་བྷིནྡ། ཙི་རི་ཙི་རི། གི་རི་གི་རི། མཱ་ར་མཱ་ར། ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ། ཕཊ་ཕཊ་ཕཊ། ཅེས་ལན་བདུན་ནམ་ཉི་ཤུ་རྩ་གཅིག་གམ་བརྒྱ་རྩ་བརྒྱད་ལ་སོགས་པ་ཅི་རིགས་པར་བཟླས་སོ། །དེ་ནས་འཕྲོ་འཇོག་པ་ན་འདི་སྐད་བརྗོད་ཅིང་དམོད་པས་བཟློག་པར་བྱའོ། །གང་དག་བདག་ལ་སྡང་བའི་སེམས་དང་ལྡན་པ་རྣམས་དང༌། གདུག་པའི་སེམས་དང་ལྡན་པ་རྣམས་དང༌། དྲག་ཤུལ་གྱི་སེམས་དང་ལྡན་པ་རྣམས་དང༌། སྦྱོར་བ་ངན་པར་བྱེད་པའི་དགྲ་དང་བགེགས་གང་ཡིན་པ་དེ་དག་གི་ལུས་བཅིང་བར་བྱའོ། །ངག་བཅིང་བར་བྱའོ། །ཡིད་བཅིང་བར་བྱའོ། །མཐུ་བརླག་པར་གྱུར་ཅིག རྫུ་འཕྲུལ་བརླག་པར་གྱུར་ཅིག སྟོབས་བརླག་པར་གྱུར་ཅིག དེས་བཟླས་པའི་སྔགས་ཀྱིས་དེ་ཉིད་བརླག་པར་གྱུར་ཅིག དེས་བསྒྲུབས་པའི་ལྷ་འདྲེ་དེས་དེ་ཉིད་ཀྱི་ཤ་ཟ་བར་གྱུར་ཅིག ཅེས་བརྗོད་ཅིང་ལུས་ཀྱིས་ཐལ་མོ་བརྡབ་ཅིང༌། སེམས་ཀྱི་བསམ་སྦྱོར་ནི་བདག་ཉིད་ཀྱི་ཐུགས་ཀ་ནས་ཁྲོ་བོ་རང་དང་འདྲ་བ་མཚོན་ཆ་ཐོགས་པ་དཔག་ཏུ་མེད་པ་སྤྲོས་ཏེ་གནོད་བྱེད་ཐམས་ཅད་ཀྱི་ལྕེ་བཅད་ཅིང་ལུས་མགོ་ནས་བཤང་ལམ་གྱི་བར་དུ་གཏུབས། གཤགས་ཤིང་ལུས་རྡུལ་ཕྲ་རབ་ཙམ་དུ་བྱས་ནས་མེས་བསྲེགས། རླུང་གིས་གཏོར་བར་བསམ། དེ་ནི་ཕྲིན་ལས་གཞོལ་བའོ། །དེ་ནས་མངོན་པར་རྟོགས་པ་བསྒོམ་སྟེ། དེ་ཡང་དང་པོར་གཙུག་ཏོར་འཁོར་ལོས་སྒྱུར་བའི་ལྟོ་བ་ཡངས་པའི་ནང་དུ་བསྒོམ་པའམ། ཡང་ན་འཁོར་ལོས་སྒྱུར་བ་འོད་དུ་ཞུ་བ་ལས་ཆོས་ཀྱི་འབྱུང་གནས་བསྒོམ་པ་ནས་བཟུང་ནས་མངོན་པར་རྟོགས་པ་ཚང་བར་བསྒོམ་མོ། །དེས་མངོན་པར་རྟོགས་པ་དང་འབྲེལ་བའི་དབང་དུ་བྱས་ཏེ་བསྒོམ་པ་བསྟན་ནོ། །སྲུང་འཁོར་རྐྱང་པ་བསྒོམ་པར་འདོད་ན་དོན་གཉིས་ཏེ། རྒྱས་པ་དང༌། བསྡུས་པའོ། །རྒྱས་པ་བསྒོམ་ན་གཞན་ཐམས་ཅད་གོང་དང་འདྲ་བ་ལས། བྱེ་བྲག་ཏུ་བཟླས་པ་ཟིན་པ་དང༌། རང་གཞི་གཅིག་ཏུ་གནས་པ་ཡིན་ན། ཁྲོ་བོ་རྣམས་བསྡུ་མི་དགོས་ཏེ། གཙུག་ཏོར་འཁོར་ལོས་སྒྱུར་བའི་ལྟོ་བ་ཡངས་པའི་ནང་དུ་སྤྱོད་ལམ་གྱི་རྣལ་འབྱོར་བྱའོ། །ཡང་ན་ཁྲོ་བོ་རྣམས་བསྡུས་ནས་འཁོར་ལོའི་ནང་དུ་སྤྱོད་ལམ་གྱི་རྣལ་འབྱོར་བྱས་ཀྱང་བཏུབ་གསུང་ངོ༌། །གཞི་གཅིག་ཏུ་མི་གནས་ན་ཁྲོ་བོ་རྣམས་རང་ལ་བསྡུས་ནས་སྤྱོད་ལམ་བྱ་བའམ། ཡང་ན་སྲུང་འཁོར་འཁོར་ལོ་ལ་བསྡུ། དེ་ཁྲོ་བོ་བཅུ་ལ་བསྡུ། དེ་རྣམས་ཀྱང་རང་གི་ཐུགས་ཀར་བསྡུས་ལ་སྤྱོད་ལམ་གྱི་རྣལ་འབྱོར་བྱའོ། །དེས་ནི་རྒྱས་པ་བསྒོམ་པ་བསྟན་ཟིན་ཏོ། །དེ་ནས་བསྡུས་པ་བསྒོམ་པ་ནི། བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱས་ལ་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་གོ་འཕང་ལ་དགོད་པར་བྱའོ། །སྙམ་དུ་སེམས་བསྐྱེད་ལ། དེ་ནས་ཤཱུ་ནྱ་ཏཱ་སྔགས་ཀྱིས་སྟོང་པར་བསྒོམ། སྟོང་པའི་ངང་ལས་པྃ་སེར་པོ་ལས་པདྨ་འདབ་བརྒྱད་དམར་པོ། དེའི་སྟེང་དུ་རྃ་ལས་ཉི་མའི་དཀྱིལ་འཁོར། དེའི་སྟེང་དུ་ཡི་གེ་བྷྲཱུྃ་སེར་པོ་ལས་འཁོར་ལོ་སེར་པོ་རྩིབས་བཅུ་པ། དེའི་ནང་དུ་རྃ་ལས་ཉི་མའི་གདན་བཅུ་གཅིག་དུས་གཅིག་ཏུ་བསམས་ལ། གདན་དབུས་མའི་སྟེང་དུ་བྷྲཱུྃ་ལས་གཙུག་ཏོར་འཁོར་ལོས་སྒྱུར་བ་དང༌། ཧཱུྃ་བཅུ་ལས་ཁྲོ་བོ་བཅུ་བསྒོམ་པ་ལ་སོགས་པ་མཐར་སྤྱོད་ལམ་གྱི་བར་གོང་དང་འདྲ་བར་ཤེས་པར་བྱའོ། །དེས་ནི་བསྡུས་པ་བསྒོམ་པ་བསྟན་ཟིན་ཏོ། །དེ་ལྟར་མངོན་པར་རྟོགས་པ་རྒྱས་བསྡུས་གཉིས་ཀྱིས་གཞན་གྱི་གནོད་པ་ཕྱིར་བཟློག་པའི་ཐབས་བསྟན་ཏོ། །དེ་ལྟར་བསྒོམས་པའི་ཚུལ་གྱིས་གྲངས་ཀྱི་བསྙེན་པ་འབུམ་ཕྲག་བཅུའམ། དུས་ཀྱི་བསྙེན་པ་ཟླ་བ་དྲུག་གམ། མཚན་མའི་བསྙེན་པ་གོ་ཆ་གྱོན་པའམ། མཁར་ལ་ཞེན་པའམ། མཚོན་རྣོན་པོ་ཐོགས་པ་ལ་སོགས་པ་རྨི་ན་རྨི་ལྟས་བཟང་པོ། དེ་ལྟར་བསྙེན་པ་གསུམ་ལས་གཙོ་བོར་རྟགས་ཀྱི་བསྙེན་པ་བྱུང་ནས་བྲིས་པས་ཕྱིར་བཟློག་པ་བྱས་ལ་འཁོར་ལོ་དཔུང་པ་གཡོན་པ་ལ་བཏགས་ཏེ། སྲོད་ཀྱི་དུས་སུ་མངོན་པར་རྟོགས་པ་རྫོགས་པར་བསྒོམས་ནས་འཁོར་ལོ་ལ་འཇུས་ནས་རིག་སྔགས་བདུན་བདུན་བཟླས་པས་བར་དུ་གཅོད་པ་བསྲུང་བ་དང༌། ཕྱིར་བཟློག་པའི་ལས་འགྲུབ་པར་འགྱུར་རོ། །བསྒོམས་པས་ཕྱིར་བཟློག་པའོ། །དེ་ནས་བྲིས་པས་ཕྱིར་བཟློག་པ་ནི། དེ་ལྟར་བསྒོམ་བཟླས་ལ་རྟགས་ཐོད་ནས་བྲི་བར་བྱ་སྟེ། དེ་ལ་བྲི་བའི་གཞི་ནི་གྲོ་གའམ། ཤོག་བུའམ། རས་ལ་སྣག་ཚ་གུར་གུམ་མམ་གི་ཝང་གིས་འཁོར་ལོ་རྩིབས་བརྒྱད་པ་ལྟེ་བ་དང་ཕྱི་རོལ་དུ་མུ་ཁྱུད་དང་བཅས་པ་ཅིག་བྲིས་ལ། དེར་སྔགས་དགོད་པ་ནི། མུ་ཁྱུད་ཕྱི་མ་ལ། ན་མཿས་མནྟ་བུདྡྷ་ནཱཾ། ཞེས་པ་ལ་སོགས་པ་འཁོར་ལོས་སྒྱུར་བའི་སྔགས་བྲིའོ། །ཤར་གྱི་རྩིབས་ལ། ན་མཿས་མནྟ་བུདྡྷེ་བྷྱཿ ན་མོ་བཛྲ་མུཏྐ་ར་ཧསྟཱ་ཡ། ཙཎྜ་མཎྜལ་ཨཀྵེ་པ་ཀ་རཱ་ཡ་ཆེ་གེ་མོ་ལ་རཀྵཾ་ཀུ་རུ་ཧཱུྃ་ཕཊ་ཅེས་པ་བྲིའོ། །ལྷོའི་རྩིབས་ལ། ན་མ་ཿས་མནྟ་བུདྡྷ་བྷྱཿ མ་ཧཱ་དཎྜ་དྷ་ར། བི་བི་དྷ་ར་སུ་དྷ་ར་ཎ་བྷཱུ་ཏ་ནིརྨ་ཐ་ཧཱུྃ་ཕཊ་ཅེས་པ་བྲིའོ། །ནུབ་ཀྱི་རྩིབས་ལ། ན་མཿས་མནྟ་བུདྡྷེ་བྷྱཿ ཧུ་ལུ་ཧུ་ལུ། མ་ཧཱ་པདྨ་ཨ་མྲྀ་ཏེ་ཀུ་རུ་བི་ཥཱ་ཎཱ་ཧཱུྃ་ཕཊ་ཅེས་པ་བྲིའོ། །བྱང་གི་རྩིབས་ལ། ན་མཿས་མནྟ་བུདྡྷེ་བྷྱཿ ན་མོ་བཛྲ་ཀྲོ་དྷཱ་ཡ། མ་ཧཱ་དཾཥྚོརྐཱ་ཊ་བྷི་ར་བཱ་ཡ། བཛྲ་པནྟོ་ཧཱ་དྷ་ར་པྤ་ཡ། ཨ་མྲྀ་ཏ་ཀུཎྜ་ལི་ཧཱུྃ་ཕཊ། ཅེས་པ་བྲིའོ། །བདེན་བྲལ་དུ། ན་མཿས་མནྟ་བུདྡྷེ་བྷྱཿ ཨོཾ་ཡ་མ་དཎྜཱ་ཡ། ནཱི་ལ་དཎྜཱ་ཡ། ཏུ་རུ་ཏུ་རུ། མུ་རུ་མུ་རུ། སརྦ་དུཥྚཱཾ་མཱ་ར་ཡ་མཱ་ར་ཡ་ཧཱུྃ་ཕཊ་ཅེས་བྲིའོ། །ནུབ་བྱང་གི་རྩིབས་ལ། ན་མཿས་མནྟ་བུདྡྷེ་བྷྱཿ ན་མོ་མ་ཧཱ་བ་ལ་ཡ་ཨུ་ཙུཥྨ་ཀྲོ་དྷ་རཱ་ཛཱ་ཡ། སརྦ་ནཱ་གཱ་ནཱཾ་ཧྲྀ་ད་ཡཾ་ཏཱ་ཌ་ཡ་ཧཱུྃ་ཕཊ་ཅེས་པ་བྲིའོ། །དབང་ལྡན་གྱི་རྩིབས་ལ། ན་མཿས་མནྟ་བུདྡྷེ་བྷྱཿ ན་མཿཨ་ཙ་ལ་ཀ་ན། ཙེཊྚ་ཙེཊྚ། མོཊྚ་མོཊྚ། ཏུཊྚ་ཏུཊྚ། གྷ་གྷ། གྷཊྚ་གྷཊྚ། ཧཱུྃ་ཕཊ་ཅེས་པ་བྲིའོ། །མེའི་རྩིབས་ལ། ན་མཿས་མནྟ་བུདྡྷེ་བྷྱཿ ཨོཾ་ཊཀྐི་ཧཱུྃ་ཛ་ཆེ་གེ་མོ་ལ་རཀྵཾ་ཀུ་རུ་ཧཱུྃ་ཕཊ་ཅེས་པ་བྲིའོ། །དེ་ལྟར་རྩིབས་ཐམས་ཅད་ཀྱི་ཧཱུྃ་ཕཊ་གྱི་གོང་དུ་ཆེ་གེ་མོ་ལ་རཀྵ་རཀྵཾ་ཀུ་རུ་ཞེས་པ་བྲིའོ། །ཡང་ལྟེ་བའི་མུ་ཁྱུད་ལ། ཨོཾ་སུཾ་བྷ་ནི་སུཾ་བྷ་ཧཱུྃ། གྲིཧྣ་གྲིཧྣ་ཧཱུྃ། གྲིཧྣཱ་པ་ཡ་གྲིཧྣཱ་པ་ཡ་ཧཱུ། ཨ་ན་ཡ་ཧོ། བྷ་ག་བཱཾ་བིདྱཱ་རཱ་ཛཱ་ཧཱུྃ་ཧཱུྃ་ཕཊ་ཅེས་པ་བྲིའོ། །ལྟེ་བར། ཨོཾ་ཨཱཿཧཱུྃ་ཕཊ་ཆེ་གེ་མོ་ལ་རཀྵ་རཀྵཾ་ཀུ་རུ་སྭཱ་ཧཱ་ཞེས་པ་དང༌། རང་གི་ཡི་དམ་གྱི་ལྷ་རིགས་བསྡུས་པའི་དཀྱིལ་འཁོར་བསྒོམ་ན། ལྷ་བཞི་བཅུ་ཞེ་དགུའི་སྔགས་དང་ས་བོན་ལ་རཀྵ་སྤེལ་བ་བྲི། རིགས་རྐྱང་པ་བསྒོམ་ན། ལྷ་དགུའི་སྔགས་དང་ས་བོན་ལ་རཀྵ་སྤེལ་བ་བྲི། དེ་ཙམ་མ་གྲུབ་ན། ཨོཾ་དེ་བ་པི་ཙུ་བཛྲ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཆེ་གེ་མོ་ལ་རཀྵ་ཀུ་རུ་སྭཱ་ཧཱ། ཞེས་པ་བྲིས་ལ། རབ་ཏུ་གནས་པ་བྱ་བ་ནི། འཁོར་ལོ་ཟངས་གཞོང་ལ་སོགས་པའི་སྣོད་གཙང་མར་བཞུགས་ལ། ཅི་འབྱོར་པའི་མཆོད་པ་དང་གཏོར་མ་བཤམས་ཏེ། བདག་གི་རྣལ་འབྱོར་རྫོགས་པར་བསྒོམ། འཁོར་ལོ་ཡང་བདག་གི་རྣལ་འབྱོར་བཞིན་རྫོགས་པར་བསྒོམ། ཡེ་ཤེས་ཀྱི་འཁོར་ལོ་དགུག་གཞུག་བྱ། བསྲུང་བར་འདོད་པའི་བསྒྲུབ་བྱའི་རྣམ་ཤེས་ཀྱང་བཀུག་ལ་བསྟིམ། མཆོད་པ་དབུལ། གཏོར་མ་བསྡུས་པ་གཏང༌། ལྷ་རྣམས་ཞུ་བ་ལས་འཁོར་ལོ་ཉིད་དུ་གསལ་བར་བལྟས་ལ། སྔགས་རྫོགས་པར་བཀླག དེ་ལ་མེ་ཏོག་གཏོར། ལེགས་པར་དྲིལ་ལ་རྒྱ་སྐྱེགས་ལ་སོགས་པས་དྲིལ་ཏེ་དཔུང་པ་གཡོན་པར་གདགས་སོ། །བྲིས་པས་ཕྱིར་བཟློག་པའོ། །དོན་གཉིས་པ་རང་བསྲུང་བ་ཙམ་བསྒོམ་པར་འདོད་ན་མངོན་པར་རྟོགས་པ་དང་མ་འབྲེལ་བར་གུད་དུ་བསྒོམ་པ་ནི་མེད་དོ། །དེ་ཡང་མངོན་པར་རྟོགས་པ་ཐམས་ཅད་གོང་མ་དང་འདྲ་བ་ལས་འཁོར་ལོ་གཡས་སུ་འཁོར་བ་དང༌། དབུས་སུ་ཧཱུྃ་མཛད་བསྒོམ་ཞིང་སྟེང་དུ་གཙུག་ཏོར་འཁོར་ལོས་སྒྱུར་བ་བཞག་པ་དང༌། ལྷ་རྣམས་ཞལ་ནང་དུ་གཟིགས་པ་དང༌། སྔགས་བཟླས་མི་དགོས་སོ། །སྲུང་འཁོར་རྐྱང་བ་བསྒོམ་ན་འཕྲོ་ཤོལ་བ་དང་ཁྲོ་བོ་རྣམས་རང་གི་ཐུགས་ཀར་བསྡུས་ལ་རྡོ་རྗེ་ཧཱུྃ་མཛད་བསྒོམ་པའི་ལྷའི་རྣལ་འབྱོར་གྱིས་སྤྱོད་ལམ་བྱའོ། །མངོན་རྟོགས་དང་འབྲེལ་པར་བསྒོམ་ན། དེ་ནས་རྡོ་རྗེ་ཧཱུྃ་མཛད་ཀྱི་ལྟོ་བ་ཡངས་པའི་ནང་དུ་གཞལ་ཡས་ཁང་བསྒོམ་པའམ་ཧཱུྃ་མཛད་ཆོས་འབྱུང་དུ་གྱུར་པའི་ནང་དུ་གཞལ་ཡས་ཁང་བསྒོམ་པ་ནས་བཟུང་སྟེ། མངོན་པར་རྟོགས་པ་ལ་འཇུག་གོ །སྲུང་འཁོར་རྒྱས་པ་བསྒོམ་པ་བསྟན་ཟིན་ཏོ། །ཕྱིར་བཟློག་པ་དང༌། སྲུང་བའི་འཁོར་ལོའི་མངོན་པར་རྟོགས་པ་འདི་ནི། འཕགས་པ་རྡོ་རྗེ་གུར་གྱི་ལེའུ་གཉིས་པ་དང༌། བཞི་པ་དང༌། བཅུ་གཉིས་པ་དང༌། བཅུ་བཞི་པའི་དགོངས་པ་ཕྱོགས་གཅིག་ཏུ་བླ་མའི་མན་ངག་གིས་བསྡེབས་པ་ཡིན་ནོ། །ཁྲོ་བོ་བཅུའི་མངོན་པར་རྟོགས་པ་ཡོངས་སུ་རྫོགས་སོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*