ཀ་རྩོམ།

དུས་རབས་བཅུ་གསུམ་ནང་དུ་འགྲོ་མགོན་ཆོས་རྒྱལ་འཕཊ་པས་མཛད་པའི་ཀ་རྩོམ།

ཀ་བཤད་འདི་ནི་འགྲོ་མགོན་ཆོས་རྒྱལ་འཕགས་པས་དུས་རབས་བཅུ་གསུམ་པའི་ནང་མཛད་པའི་བརྩམས་ཆོས་ཤིག་ཡིན་ཞིང་། བོད་ཀྱི་མཁས་དབང་རིམ་བྱོན་གྱིས་མཛད་པའི་ཀ་བཤད་ནང་ནས་ཆེས་ཐོག་མ་བ་ཞིག་ཡིན་པར་གསུངས་སྲོལ་ཡོད། བརྩམས་ཆོས་འདིས་བོད་རང་གི་རྩོམ་སྟངས་ཐུན་མོང་མ་ཡིན་པ་ཞིག་དང་དུས་སྐབས་དེའི་རྩོམ་རིག་ཤེས་བྱའི་གོ་བབས་ངེས་ཅན་ཞིག་བསྟན་ཡོད་པ་མ་ཟད། མཛད་པ་པོའི་བླ་ན་མེད་པའི་ཐུགས་བསྐྱེད་དང་། སྐབས་དེའི་བོད་ཀྱི་སྤྱི་ཚོགས་གནས་སྟངས་ཀྱི་རྒྱབ་ལྗོངས། མཛད་པ་པོའི་མི་རིགས་ལ་བཅངས་པའི་ལྷག་བསམ་བཅས་གསལ་པོར་མངོན་བཞིན་ཡོད་པས་ཀུན་གྱི་དཔྱད་གཞིར་ཕུལ་བའོ།།

ཀ་སོགས་སུམ་ཅུ་ལ་སྤེལ་བ།

                             འགྲོ་མགོན་ཆོས་རྒྱལ་འཕགས་པ།

ཀ་ལ་པིངྐའི་དབྱངས་ལྟར་སྙན་གསུང་གིས།།
ཁ་ན་མ་ཐོའི་ཚོགས་འཇོམས་ཐར་པའི་གླིང་།།
ག་ལ་བ་དེར་གདུལ་བྱ་འདྲེན་མཛད་ཅིང་།།
ང་དང་ང་ཡིར་འཛིན་སྤངས་དེ་ལ་འདུད།།

ཅ་ཅོ་རྩོད་དང་རྣམ་པར་གཡེང་བ་ཀུན།།
ཆ་ཤས་ཀྱིས་ནི་རྣམ་པར་སྤང་བྱ་ཞིང་།།
ཇ་སོགས་ཀུན་ལའང་མ་ཆགས་ཟླ་བ་ནི།།
ཉ་བ་ལྟ་བུར་ཞི་ཞིང་དེས་པར་བྱ།།

ཏ་ལའི་སྡོང་པོ་ཀུན་ནས་རྒྱས་པ་ལྟར།།
ཐ་དད་ཡོན་ཏན་ལོ་འདབ་དུ་མས་ཕྱུག།
ད་ལྟར་གནས་དང་མ་འོངས་འགྲོ་བ་ཀུན།།
ན་སོགས་གདུང་སྐྱོབ་བསིལ་གྲིབ་ལྡན་པར་བྱ།།

པ་ལ་ཤ་ཡི་མེ་ཏོག་རྒྱས་པ་ལྟར།།
ཕ་རོལ་ཕྱིན་དྲུག་ཡོངས་སུ་རྫོགས་བྱས་ཏེ།།
བ་མཆོག་དཔག་བསམ་ཤིང་དང་བུམ་བཟང་བཞིན།།
མ་ལུས་འགྲོ་བའི་རེ་བ་བསྐང་བར་བྱ།།

ཙ་ཀོར་ཀུ་མུད་ཀྱིས་ཚིམ་པད་མོའི་ཚལ།།
ཚ་ཟེར་གྱིས་རྒྱས་བྱེད་ལྟར་བློ་གསལ་སྐྱོངས།།
ཛ་མན་ཨ་ནེའི་བུ་ཡིས་རྒྱལ་ངན་ལྟར།།
ཝ་སྐྱེས་ལྟ་བུའི་ཕས་རྒོལ་གཞོམ་པར་བྱ།།

ཞ་ལོང་ལ་སོགས་འགྲོ་བ་དམན་པ་ལའང་།།
ཟ་མ་ལོངས་སྤྱོད་དང་བཅས་ཅི་འབྱོར་སྦྱིན།།
འ་ཡིག་ལྟ་བུར་ཉི་འོག་མ་གྲགས་ཀྱང་།།
ཡ་མཚན་ཆེ་བ་ལྟར་སྒྲོགས་གངས་རི་ཡི།།

ར་བས་བསྐོར་བའི་ཞིང་འདིར་མི་དགེའི་བཤེས།།
ལ་ལས་སྦྱར་བའི་ལུགས་ངན་སྤང་བར་བྱ།།
ཤ་ཁྲག་མི་གཙང་རང་ལུས་མ་ཆགས་ཤིང་།།
ས་ཆེན་ལྟ་བུར་གཞན་གྱི་རྟེན་བྱས་པས།།

ཧ་ཅང་ཕོངས་པའི་སྐྱེ་དགུ་བདེ་ཐོབ་ནས།།
ཨ་ལ་ལ་ཞེས་གད་མོའི་སྒྲ་སྒྲོགས་ཤོག།

དེ་ལྟར་ཡི་གེའི་མ་མོ་ལ་སྤེལ་ནས།།
ཚིགས་སུ་བཅད་པར་སྦྱར་འདི་འགྲོ་བ་ཡི།།
སྒྲོན་མའི་གསུང་གི་ཟེར་གྱིས་བློ་གསལ་བ།།
བློ་གྲོས་རྒྱལ་མཚན་དཔལ་གྱིས་སྦྱར་བ་ཡིན།།

 

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*