གནས་པོ་རྡོ་རྗེ་གུར་མགོན་ཀྱིས་མཆོད་གསོལ་བཞུགས་སོ།


འགྲོ་མགོན་ཆོས་རྒྱལ་འཕགས་པ།
དགྲ་ལྷའི་གཏོར་མ་ལ་ཆུ་གཙང་བྲན་ལ་འདི་སྐད་དོ།  །ཨོཾ་བཛྲ་ཨ་མྲྀ་ཏ་ཀུན་ཌ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ། ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྡྷ་མ་སྭ་བྷཱ་ཝ་ཤུདྡྷོྙཧཾ།  སྟོང་པ་ཉིད་དུ་གྱུར།  སྟོང་པའི་ངང་ལས་བྷྲུཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་དགྲ་ལྷའི་གཏོར་མ་གཟུགས་མཛེས་པ།  སྒྲ་སྙན་པ།  དྲི་ཞིམ་པ།  རོ་མངར་བ།  རེག་བྱ་འཇམ་པ།  བཅུད་ནུས་པ་ལོངས་སྤྱོད་ཕུན་སུམ་ཚོགས་པར་གྱུར།  རང་ཉིད་ཡི་དམ་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་དགྲ་ལྷ་ཟོ་དོར་འཁོར་དང་བཅས་པ་སྤྱན་དྲངས།  བྷུ་མི་པ་ཏི་ས་པ་རི་ཝ་ར་བཛྲ་ཨ་ཀརྵ་ཡ་ཛཿ  ཨོཾ་ཨ་ཀ་རོ་མུ་ཁཾ་སརྦ་དྷརྨ་ཎཾ་ཨདྱ་ནུརྤན་ན་ཏྭ་ཏ་ཨོཾ་ཨཱཿ་ཧཱུཾ་ཕཊ་སྭ་ཧཱ།   ཀྱེ།  སྔོན་གྱི་བསྐལ་པ་དང་པོ་ལ། །ལྷ་ཡི་སྨོན་ལམ་དོན་གྲུབ་ཅིང་། །ལྷ་མཆོག་ནང་ནས་སྐུ་འཁྲུངས་པ། །བཀྲ་ཤིས་བདུད་འདུལ་འཁོར་བཅས་རྣམས། །རྣལ་འབྱོར་བདག་གིས་སྤྱན་འདྲེན་ནོ། །མ་ཐོག་མྱུར་དུ་ད་ཚུར་བྱོན། །བསྐལ་པ་དེ་ཡི་བར་མ་ལ། །གཡུ་མཚོ་སྔོན་མོའི་ནང་ཤེད་ནས། །སྤྲུལ་པ་ཇི་ལྟར་མཛད་པ་བཞིན། །དགྲ་ལྷ་རོག་སྣལ་འཁོར་བཅས་རྣམས། །རྣལ་འབྱོར་བདག་གིས་སྤྱན་འདྲེན་ནོ། །མ་ཐོག་མྱུར་དུ་ད་ཚུར་བྱོན། །བསྐལ་པ་དེ་ཡི་འོག་མ་ལ། །རྒྱ་གར་ཡུལ་གྱི་ཚུར་རོལ་ནས། །བལ་པོ་ཡུལ་གྱི་ཕ་རོལ་ན། །ཡང་ལེ་ཤོད་ཀྱི་བྲག་ཕུག་ཏུ། །སློབ་དཔོན་པདྨའི་སྤྱན་སྔ་རུ། །ཇི་ལྟར་ཁས་བླངས་དམ་བཅས་བཞིན། །མ་ཐོག་མྱུར་དུ་ད་ཚུར་བྱོན། །དགྲ་ལྷ་རོག་སྣལ་འཁོར་བཅས་རྣམས། །རྣལ་འབྱོར་བདག་གིས་སྤྱན་འདྲེན་ནོ། །བསྟན་པ་བསྲུང་ཕྱིར་ད་ཚུར་བྱོན། །ཡུལ་ནི་སྨར་ཁམས་སྒང་གི་དབུས། །རྒྱལ་བ་བྱམས་པའི་ལྷོ་ཕྱོགས་སུ། །གླང་རུ་གཉིས་ཀྱི་བར་སྒོང་ན། །རི་བོ་ལྷུན་གྲུབ་གཞལ་ཡས་ནས། །སྐུ་ལྷ་རོག་སྣལ་འཁོར་དང་བཅས། །སྐུ་ལྷ་རོག་པོ་རྩེ་རྒྱལ་དང་། །སྐུ་ལྷ་རྒྱལ་བཟང་སེང་འགུ་ར། །མཆན་ཁེབ་མཛད་པའི་ཤུལ་མཚོན་པ། །མདའ་ར་བ་དང་།  །མདུང་ར་བ།  །སོ་(པ)་བ་དང་སྣ་ཁྲིད་པ་དང་།  །དགྲ་ལྷ་གཙོ་འཁོར་བཅས་པ་རྣམས། །རྣལ་འབྱོར་བདག་གིས་སྤྱན་འདྲེན་ནོ། །མ་ཐོག་མྱུར་དུ་ད་ཚུར་བྱོན། །མ་ཐོག་མྱུར་བ་གཤེགས་སུ་གསོལ། །བརྩེ་བའི་སེམས་དང་ད་ཚུར་བྱོན། །བྱམས་པའི་སེམས་དང་ད་ཚུར་བྱོན། །བསམ་པ་བསྒྲུབ་ཕྱིར་ད་ཚུར་བྱོན། །རྣལ་འབྱོར་བསྲུང་ཕྱིར་ད་ཚུར་བྱོན། །བར་ཆད་བསལ་ཕྱིར་ད་ཚུར་བྱོན། །དངོས་གྲུབ་སྩོལ་ཕྱིར་ད་ཚུར་བྱོན། །ལེའུ་བསྲུང་ཕྱིར་ད་ཚུར་བྱོན། །དགྲ་བགེགས་བཟློག་ཕྱིར་ད་ཚུར་བྱོན། །ནད་རིམས་བཟློག་ཕྱིར་ད་ཚུར་བྱོན། །ཁྱོད་ལ་འབོད་ན་སྙན་མ་སྲ། །བསྒྲུབ་མྱུར་དུ་ཞལ་བསྟན་འཚལ། །མཆོད་པའི་དུས་སུ་ཕྲག་མ་དོག །རྦད་པའི་དུས་སུ་མཐུ་མ་ཆུང་། །བསྐུལ་བའི་དུས་སུ་བང་མ་བུལ། །དགྲ་བགེགས་ཐལ་བ་རྡུལ་དུ་བཟློག །བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །   ཀྱེ།  སྟེང་ཕྱོགས་ཆུ་འཛིན་འཁོར་ལོའི་འོག །ས་པདྨ་འདབ་བརྒྱད་གདན་གྱི་སྟེང་། །རི་གཉའ་ཤིང་འཛིན་པ་གསེར་རེའི་༼རིའི༽ཞོལ། །ཡུལ་འཛམ་བུ་གླིང་གིས་ལྟེ་བའི་ཟུར། །བཀྲ་ཤིས་རྡོ་རྗེ་གདན་གྱིས་ནུབ་བྱང་མཚམས། །རྒྱལ་བལ་བོད་གཉིས་ཀྱི་ས་མཚམས་སུ། །དཔལ་ཡང་ལེ་ཤོད་ཀྱི་བསྒྲུབ་གནས་སུ། །ཨུ་རྒྱན་མཁན་པོ་པདྨ་འབྱུང་གནས་ཀྱིས། །རྡོ་རྗེ་ཕུར་པའི་དཀྱིལ་འཁོར་ཞལ་ཕྱེས་ཚེ། །ཕྱི་ནང་བསྟན་སྲུང་ཐམས་ཅད་དམ་ལ་བཏགས། །དྲེག་པ་ལྷ་འདྲེ་རྣམས་ཀྱི་མིང་ནས་བཟུང་། །ལྷ་འདྲེ་རྣམས་ཀྱི་ནང་ནས་དཔལ་ངར་ཅན། །དགྲ་ལྷ་རྣམས་ཀྱི་ནང་ནས་མྱུར་མགྱོགས་ཅན། །ཡུལ་ལྷ་རྣམས་ཀྱི་ནང་ནས་མི་གཡོ་མགོན། །གསང་སྔགས་རྡོ་རྗེ་ཐེག་པའི་བསྟན་པ་སྲུང་བ་ལ། །སྐྱེས་བུ་ཆེན་པོ་ཁྱེད་བས་གཞན་མ་མཆིས། །ཆོས་ཁྲིམས་བསྟན་པ་བསྲུང་བ་ལ། །སྐྱེས་བུ་ཆེན་པོ༴ །སངས་རྒྱས་བསྟན་པ༴ །སྡེ་དཔོན་གཙུག་ལག་ཁང་༴ །སྐྱེས་བུ་ཆེན་པོ༴ །གཡུལ་ངོར་བཟློག་པའི་དམག་དཔོན་ལ། །སྐྱེས་བུ་ཆེན་པོ༴ །ཡུལ་ཁམས་མི་ནོར་སྐྱོང་བ་ལ། །སྐྱེས་བུ་ཆེན་པོ༴ །འབྲས་དྲུག་ལོ་ཐོག་བསྲུང་བ་ལ། །སྐྱེས་བུ་ཆེན་པོ༴ །གློ་བུར་ནད་ཡམ་བཟློག་པ་ལ། །སྐྱེས་བུ༴ །ཁམས་གསུམ་དབང་དུ་བསྡུད་པ་ལ། །སྐྱེས་བུ༴ །གུ་རུ་པདྨའི་བརྒྱུད་པ་འཛིན་པ་ལ། །སྐྱེས་བུ༴ །དེ་ཕྱིར་སློབ་དཔོན་པདྨ་འབྱུང་གནས་ཀྱིས། །གསང་སྔགས་རྡོ་རྗེ་ཐེག་པའི་དབང་ཡང་བསྐུར། །ལྗགས་ལ་བདུད་རྩིའི་པཉྩ་བཞག །ལག་ཏུ་དབང་རྟགས་རྡོ་རྗེ་དང་། །རཀྟ་ཐོད་ཁྲག་དམར་པོ་གཏད། །རྡོ་རྗེ་གུར་མགོན་གཉན་པོ་མཚན་ཡང་གསོལ། །དེ་ཕྱིར་སྐྱེས་བུ་ཆེན་པོ་མཉེས་ནས་ནི། །གུ་རུ་པདྨའི་བསྟན་པ་བསྲུང་བ་དང་། །གཞན་ཡང་བསྟན་པ་བསྲུང་བ་དམ་བཅས་སོ། །དེ་ཕྱིར་སློབ་དཔོན་པདྨའི་སྤྱན་སྔ་རུ། །སྐྱེས་བུ་ཆེན་པོས་སྤྲུལ་བ་འདི་ལྟར་མཛད། །གཡུལ་སྒོང་སྔོན་པོ་འདྲིལ་བ་གཅིག །ནམ་མཁའི་ཁམས་ནས་ཧྲིལ་ལི་ལི། །སྤྲིན་ནག་འོད་དཔུངས་མེ་རེ་རེ། །འབྲུག་སྒྲའི་ངར་སྐད་འུ་རུ་རུ། །གློག་རྒྱུན་དམར་པོ་ལམ་སེ་ལམ། །གནམ་ལྕགས་ཐོག་མདའ་དཔུང་སེ་དཔུང་། །གླིང་བཞི་གླིང་ཕྲན་བསྐོར་ཙམ་ན། །སྟོང་གསུམ་ལྷ་འདྲེ་ཟིལ་གྱིས་གནོན། །འགྲན་ཟླ་མེད་པའི་སྐྱེས་བུ་ལ། །བསང་དང་ཞི་བའི་མཆོད་པ་འབུལ་བའི་ཕྱིར། །དེ་རིང་བདག་གིས་འབོད་པའི་དུས། །ཕ་རྒན་རོག་སྣལ་བདུད་འདུལ་ལ། །ཁ་ཙམ་འབོད་མི་བརྒྱ་ཡོད་ཀྱང་། །སྙིང་ནས་འབོད་མི་བདག་བས་མེད། །ཆོས་ཁྲིམས་བསྟན་པ་བསྲུང་འདོད་པའི། །ཕ་རྒན་རོག་སྣལ་བདུད་འདུལ་འབོད། །རྒྱལ་ཁྲིམས་བསྟན་པ་སྲུང་འདོད་པའི། །ཕ་རྒན༴ །སྡེ་དགོན་གཙུག་ལག་ཁང་རྣམས་བསྲུང་འདོད་པའི། །ཕ་རྒན༴ །མི་དཔོན་བསྟན་པ་བསྲུང་འདོད་པའི། །ཕ་རྒན༴ །དགྲ་གདོན་གཡུལ་ངོར་བཟློག་འདོད་པའི། །ཕ་རྒན༴ །ཡུལ་འདིའི་ལོ་བསྲུང་བྱེད་འདོད་པའི། །ཕ་རྒན༴ །ཚེ་དང་བསོད་ནམས་སྤེལ་འདོད་པའི། །ཕ་རྒན༴ །འབོད་པའི་དུས་སུ་སྙན་མ་སྲ། །བརྟེན་པའི་དུས་སུ་གཞུག་མ་ངན། །བསྒྲུབ་པའི་དུས་སུ་གང་མ་གཡེལ། །མཆོད་པའི་དུས་ན་ཕྲག་མ་དོག །ཀྱེ།   དེ་རིང་སྲིད་པའི་དགྲ་ལྷ་དེ། །རིན་ཐང་ཆེ་བ་གསེར་གྱི་མཆོད། །འཕེལ་ཁ་ཆེ་བ་ནས་ཀྱི་མཆོད། །ངོ་སོ་ཆེ་བ་ཆང་གི་མཆོད། །བཀྲག་གསལ་མཚོ་རོག་གཡུ་ཡི་མཆོད། །དྲི་ཞིམ་བཟང་དྲུག་སྨན་གྱི་མཆོད། །དཀར་པོ་བ་ལུ་དུང་གི་མཆོད། །སྨུག་པོ་ཤེལ་དང་མཆོང་གི་མཆོད། །ཁ་གྲགས་གཡག་ཕོ་ངར་པས་མཆོད། །བཙུན་པ་ལྷ་ལུག་བལ་ལུའི་མཆོད། །མཛེས་པ་ཤེལ་ར་ཁམས་པའི་མཆོད། །དཔའ་སྟག་གཟིག་རིས་བཀྲ་བའི་མཆོད། །མཛེས་འཇམ་དར་དང་ཟབ་ཀྱི་མཆོད། །ཡ་མཚན་དཀོར་ནོར་སྣ་དགུའི་མཆོད། །སྟག་གཟིག་ཤིང་ཐོག་འབྲས་བུའི་མཆོད། །དཀར་པོ་བཞི་དར་འཕྲུག་གི་མཆོད། །ཕྱུག་བཙུན་རྨ་གཡང་ནོར་གྱི་མཆོད། །ཞལ་ཟས་ཤ་དང་ཁྲག་གི་མཆོད། །  ཀྱེ།   བླ་མ་ཡི་དམ་མཁའ་འགྲོ་དང་། །ཆོས་སྐྱོང་ནོར་ལྷ་གཏེར་བདག་དང་། ། ཆང་གི་མཆོད་ན་ཡིད་མ་འཁྲུལ། །མཆོད་པ་འབུལ་ན་ལྷ་མ་གསུར། །དྲི་བཟང་འབུལ་ན་ཞལ་མ་ལྐུག །སྐུ་ཡོན་འབུལ་ན་མཐུ་མ་ཆུང་། །རྒྱབ་བརྟེན་འབུལ་ན་ངར་མ་ཞན། །  ཀྱེ།  སྟོང་གསུམ་སྲིད་པའི་དགྲ་ལྷ་དང་། །འདིར་གནས་གཞི་བདག་ཐམས་ཅད་ལ། །འདོད་ཡོན་མཆོད་པ་འབུལ་བ་ནི། །གཡག་ལུག་ར་གསུམ་མཆོད་པ་འབུལ༴ །འཕྲུལ་གྱི་གཡག་ལུག་ར་གསུམ་འདིས། །ཤ་ཆེན་རྣ་གཡག་ཟན་ལ་བྱས། །ཚིལ་ཆེན་སྣུམ་པ་མར་ལ་བྱས། །ལྤགས་པ་དར་དང་ཟབ་ལ་བྱས། །ལུས་ནི་འཇམ་པ་སྤྲིན་ལ་བྱས། །ཁྲག་ཆེན་དམར་པོ་མཚལ་ལས་བྱས། །ཁང་བཅུད་རིན་ཆེན་སྣ་ལྔ་བཅུག །རྭ་ཅོ་རིན་ཆེན་གཡུ་ལ་བྱས། །རྨིག་བཞི་སྔོན་པོ་ལྕགས་ལ་བྱས། །ཡོན་ཏན་འདོད་ཡོན་རྒྱན་དང་ལྡན། །མཛེས་ཤིང་བཀྲ་ཤིས་ཡིད་དུ་འོང་། །གསུང་སྙན་དྲག་མོའི་འབྲུག་སྒྲ་སྒྲོགས། །རྭ་ཅོས་གནམ་གྱི་བདུད་སྒོ་གཅོད། །རྨིག་བཞིས་འོག་གི་སྲི་སྒོ་མནན། །སྤུ་ལ་དགོས་འདོད་སྣ་ཚོགས་འབྱུང་། །ཚེམས་ལ་མཚོན་ཆ་སྣ་ཚོགས་འཕྲོ། །སྐད་ལ་སྙན་པའི་དགྲ་དཔུངས་ཞིང་། །འགུལ་བའི་ཚུལ་གྱི་ལྷ་ཁམས་དགྱེས། །འགྲོ་བའི་ཚུལ་གྱི་དགྲ་ལྷ་མཉེས། །ལངས་པའི་ཚུལ་གྱི་མཚུན་མགོན་དགའ། །འདུག་པའི་ཚུལ་གྱི་ཕོ་ལྷ་མཉེས། །སྣ་སྒྲས་དྲག་པོའི་བདུད་ཁམས་འདུལ། །རྒྱུག་པའི་ཚུལ་གྱི་བཙན་ཁམས་ངོམ། །མཛེས་བརྗིད་གཡག་ལུག་ར་གསུམ་འདི། །ལྷ་དང་དགྲ་ལྷ་རྣམས་ལ་འབུལ། །   ཀྱེ།    ཆེ་བའི་ལྷ་གཡག་དཀར་པོ་འདི། །ཡོན་ཏན་བརྗོད་ཀྱི་མི་ལོང་སྟེ། །ཤེལ་གཡག་དཀར་པོ་གཡུ་ར་ཅན། །ལུས་པོ་དུང་ལ་སྤུ་རྩེ་གཡུ། །རྭ་ཅོ་གནམ་ལྕགས་ལྡེམས་སེ་ལྡེམ། །རྨིག་བཞི་ཁྲོ་ཆུ་ཁྲ་ལ་ལ། །ཁ་རླང་གཡུ་བུན་ཐུ་ལུ་ལུ། །ངར་སྐད་ཕྱོགས་བཅུར་ཀུན་ཏུ་སྒྲོགས། །ལྗགས་ལ་བདུད་རྩི་གསེར་སྐྱེམས་འཕྲོ། །སྤུ་ལ་འཇའ་ཚོན་ལམ་སེ་ལམ། །རྔ་རྩི་སྔོན་དམར་ལྷབས་སེ་ལྷབ། །གོམ་འགྲོའི་འགྱིང་ཚུལ་མེ་རེ་རེ། །ལྷ་དང་དགྲ་ལྷ་རྣམས་ལ་འབུལ། །  ཀྱེ།   བཙུན་པའི་ལྷ་ལུག་དཀར་པོ་འདི། །ཆེ་བའི་ཡོན་ཏན་བསམ་མི་ཁྱབ། །ལུས་པོ་དུང་ལ་སྤུ་བལ་ཤེལ། །དུང་ལུག་དཀར་པོ་ཤེལ་རྭ་ཅན། །རྭ་ལ་ཤེལ་འོད་རྩེ་རེ་རེ། །སྤུ་ལ་གཡང་འོད་ལམས་སེ་ལམ། །སྤྱན་མིག་ཉི་ཟླ་ཀྱི་ལི་ལི། །སྙན་ལ་དར་སྣ་སྤུ་རུ་རུ། །ཞལ་ནས་ཡིད་བཞིན་བདུད་རྩི་འཕྲོ། །ཤང་ལ་སྨན་མཆོག་དྲི་ངད་འབྱུང་། །གྲགས་པའི་ལྷ་ཁམས་སྐུ་རིང་བསྟོད། །འགྲོ་བའི་ལྷ་བཙུན་དགྲ་ལྷ་མཉེས། །སྲིད་པའི་དགྲ་ལྷ་རྣམས་ལ་འབུལ། །   ཀྱེ།   མཛེས་པའི་ཤེལ་ར་ཁམས་དཀར་འདི། །ཤེལ་སྤུ་ས་ལ་ཞོ་ལོ་ལོ། །གཡུ་ར་གནམ་དུ་ཟེངས་སེ་ཟེང་། །སྤྱན་མིག་ཉི་ཟླ་ཤར་བ་འདྲ། །སྣ་སྒྲ་ནམ་མཁའ་ཡོངས་ལ་ཁྱབ། །ལྗགས་ལ་དར་ཟབ་ཡུགས་སེ་ཡུག །སྙན་ལ་ཨུཏྤལ་སྣ་ཚོགས་འཕྲོ། །རྨིག་བཞི་ས་ལ་ལྷབས་སེ་ལྷབ། །སྐད་ཀྱི་ཡུལ་ལྷ་གཞི་བདག་མཉེས། །འབུལ་བའི་ས་བདག་ཀླུ་གཉན་མཉེས། །ཡོན་ཏན་སྣ་ཚོགས་འདི་ལ་ཚང་། །དགོས་འདོད་སྣ་དགུ་འདི་ལ་འབྱུང་། །དཔལ་དང་གཟི་བརྗིད་མདངས་དང་ལྡན། །ཆེ་བཙུན་གཡག་ལུག་ར་གསུམ་འདི། །སྲིད་པའི་དགྲ་ལྷ་རྣམས་ལ་འབུལ། །འཛམ་གླིང་གཞི་བདག་རྣམས་ལ་འབུལ། །ལྷ་ཁམས་སྲིད་པའི་དགྲ་ལྷ་རྣམས་ལ་འབུལ། །མཐུ་སྩལ་མ་ཆུང་སྐྱབས་མ་ཞན། །བདག་ཅག་ཡོན་བདག་འཁོར་བཅས་རྣམས། །ཕྱུག་ལ་རག་པའི་གཞི་མ་གྱིས། །བཙན་ལ་དགྱེས་པའི་མཚོ་མོ་འཁྱིལ། །འཕན་ལ་དར་བའི་སྐྱེ་ཤིང་ཚུག །ཅི་བསམ་དོན་རྣམས་འགྲུབ་པར་མཛོད། །བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །དེས་ན་མཆོད་རྫས་ཐམས་ཅད་ཀྱི་དགྲ་ལྷ་མཆོད་ལ་མངའ་གསོལ་བ་ནི་འདི་སྐད་དོ། །    ཀྱེ།    ཕ་རྒན་རོག་སྣལ་བདུད་འདུལ་སྙན་གསོན་དང་། །ལས་ཀྱི་ལྷ་ནི་རྡོ་རྗེ་གསང་བའི་སྐུ། །མཆོད་དོ་འབུལ་ལོ་མངའ་གསོལ་ལོ། །ཡི་དམ་ལྷ་ནི་རྡོ་རྗེ་གཤོག་རྒོད་རྩལ། །མཆོད་དོ་འབུལ་ལོ་མངའ་གསོལ་ལོ། །དབང་བསྐུར་ལྷ་ནི་རྡོ་རྗེ་ཕུར་པའི་སྐུ། །མཆོད་དོ༴ །སྤྲུལ་པའི་ལྷ་ནི་རྡོ་རྗེ་སྲིན་པོའི་སྐུ། །མཆོད་དོ༴ །རྦད་པའི་ལྷ་ནི་རྡོ་རྗེ་བདུད་འདུལ་སྐུ། །མཆོད་དོ༴ །སྐྱེས་བུ་ཆེན་པོ་རོག་སྣལ་བདུད་འདུལ་ལ། །གསང་མཚན་རྡོ་རྗེ་གུར་མགོན་མཚན་གསོལ་ལོ།  །མེས་པོའི་ལྷ་ནི་མགོན་ལྷ་དཀར་པོ་ཡིན། །མཆོད་དོ༴ །ཡབ་ནི་གཉན་ཆེན་ཐང་ལྷ་དཀར་པོ་ཡིན། །མཆོད་དོ༴ །ཡུམ་ནི་གསང་བའི་ལྷ་ལྕམ་པད་མོ་ཡིན། །མཆོད་དོ༴ །ཞང་པོ་རྨ་གཉེན་ལྷ་རྩེ་གང་རྒྱལ་ཡིན། །མཆོད་དོ༴ །སྲས་མཆོག་རོག་སྣར་བདུད་འདུལ་གཉེན་པོ་ཡིན། །མཆོད་དོ༴ །      ཀྱེ།   ལྷ་ཡི་སྡེ་དཔོན་ཡིན་པའི་ཕྱིར། །ཕ་རྒན་རོག་སྣལ་བདུད་འདུལ་ལ། །མཆོད་དོ༴ །ཚངས་དབང་སྡེ་དཔོན་ཡིན་པའི་ཕྱིར། །ཕ་རྒན༴ །མཆོད་དོ༴ །གནམ་མཐིལ་ཡོངས་ཀྱི་སྡེ་དཔོན་ཡིན་པའི་ཕྱིར། །ཕ་རྒན༴ །མཆོད་དོ༴ །དྲང་སྲོང་ཡོངས་ཀྱི་སྡེ་དཔོན་ཡིན་པའི་ཕྱིར། །ཕ་རྒན༴ །མཆོད་དོ༴ །གཉེན་གྱི་སྡེ་དཔོན་ཡིན་པའི་ཕྱིར། །ཕ་རྒན༴ །མཆོད་དོ༴ །ས་བདག་ཡོངས་ཀྱི་སྡེ་དཔོན་ཡིན་པའི་ཕྱིར། །ཕ་རྒན༴ །མཆོད་དོ༴  །ནོར་ལྷ་ཡོངས་ཀྱི་སྡེ་དཔོན་ཡིན་པའི་ཕྱིར། །ཕ་རྒན༴ །མཆོད་དོ༴ །དགྲ་ལྷ་ཡོངས་ཀྱི་སྡེ་དཔོན་ཡིན་པའི་ཕྱིར། །ཕ་རྒན༴ །མཆོད་དོ༴ །དྲེག་པ་ཡོངས་ཀྱི་སྡེ་དཔོན་ཡིན་པའི་ཕྱིར། །ཕ་རྒན༴ །མཆོད་དོ༴ །ཡུལ་པ་ཡོངས་ཀྱི་སྡེ་དཔོན་ཡིན་པའི་ཕྱིར། །ཕ་རྒ༴ །མཆོད་དོ༴ །གནོད་སྦྱིན་ཡོངས་ཀྱི་སྡེ་དཔོན་ཡིན་པའི་ཕྱིར། །ཕ་རྒན༴ །མཆོད་དོ༴ །ཚེ་རྫི་གཉེན་པོ་ཡིན་པའི་ཕྱིར། །ཕ་རྒན༴ །མཆོད་དོ༴ །ཚངས་ལྷ་གཉེན་པོ་ཡིན་པའི་ཕྱིར། །ཕ་རྒན༴ །མཆོད་དོ༴ །ཞིང་ལྷ་ཚངས་པ་ཡིན་པའི་ཕྱིར། །ཕ་རྒན༴ །མཆོད་དོ༴ །ཡུལ་དཔོན་གཉེན་པོ་ཡིན་པའི་ཕྱིར། །ཕ་རྒན༴ །མཆོད་དོ༴ །ཕ་བཙུན་དགྲ་ལྷ་ཡིན་པའི་ཕྱིར། །ཕ་རྒན༴ །མཆོད་དོ༴ །ཕྲིན་ལས་བཅོལ་བ་ནི།    ཀྱེ།   ཁྱོད་ལ་འབོད་མི་བརྒྱ་ཡོད་ཀྱང་། །སྙིང་ནས་འབོད་མི་བདག་བས་མེད། །དེ་སྔ་བཟང་བྱས་གཏོང་རག་ཡིན། །བཟང་བྱས་དྲིན་ལན་གོ་བར་མཛོད། །ད་ཡང་བཟང་བྱས་གཉེར་བྱས་འབུལ། །བསྟན་པ་བསྲུང་ལ་རྒྱལ་ཁ་ལོང་། །ཆོས་ལ་ཕྱོགས་པའི་ནང་མི་དེ། །ཕྱོགས་བཞི་མཚམས་བརྒྱད་གར་འགྲོ་ཡང་། །སྔོན་ནས་བསུ་དང་རྒྱབ་ནས་སྐྱོར། །གཡས་ནས་བརྟེན་མ་གཡོན་ནས་སྐྱོང་། །ཇག་ལ་འགྲོ་ན་ཇག་དཔོན་མཛོད། །ཚོང་ལ་འགྲོ་ན་ཚོང་དཔོན་མཛོད། །དམག་ལ་འགྲོ་ན་དམག་དཔོན་མཛོད། །ཆུ་བོ་རབ་མེད་རབ་ཕྱུང་ཅིག །བྲག་ཆེན་ལམ་མེད་ལམ་ཕྱུང་ཅིག །ཉིན་གྱི་བྱ་ར་ཁྲ་ལྟར་མཛོད། །མཚན་གྱི་མེལ་ཚེ་བསྲུང་མ་མཛོད། །ཁྱད་པར་རྣལ་འབྱོར་བདག་ཅག་ལ། །མི་ལ་ན་ཚ་མ་གཏོང་ཅིག །ཕྱུགས་ལ་གོད་ཁ་མ་གཏོང་ཅིག །ཞིང་ལ་བཙའ་སད་མ་གཏོང་ཅིག །ཅི་བསམ་དོན་རྣམས་འགྲུབ་པར་མཛོད། །བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །   དེ་ནས་དགྲ་ལྷ་དཔང་བསྟོད་བྱ་བ་ནི་འདི་སྐད་དོ།  །     ཀྱེ།    དེ་རིང་བཀྲ་ཤིས་ཡར་ངོ་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །དགྲ་ལྷ་མི་དང་མ་བྲལ་ཅིག །དགྲ་ལྷ་གཉེན་པོ་དཔང་བསྟོད་དོ། །དགུང་ལ་ཉི་མ་ཤར་བ་བཞིན། །དགྲ་ལྷ་གཉེན་པོ༴ དེས་འགྲེའོ། །དགྲ་ལྷ༴ །གངས་ལ་སེང་གེ་འགྱིང་པ་བཞིན། །དགྲ་ལྷ་མི་དང་༴ །དགྲ་ལྷ༴ །བྲག་ལ་ཐང་དཀར་ལྡིང་བ་བཞིན། །དགྲ་ལྷ༴ །དགྲ་ལྷ་གཉེན་པོ༴ །སྟག་དང་ནགས་ཚལ་འགྲོགས་པ་བཞིན། །དགྲ་ལྷ༴ །དགྲ་ལྷ་གཉེན་པོ༴ །ཉ་མོ་རྒྱ་མཚོ་འགྲོགས་པ་བཞིན༴ །དགྲ་ལྷ༴ །དགྲ་ལྷ་གཉེན་པོ༴ །དུང་དང་མཚོ་གཉིས་འགྲོགས་པ་བཞིན། །དགྲ་ལྷ༴ །དགྲ་ལྷ་གཉེན་པོ༴ །ལུས་དང་གྲིབ་མ་འགྲོགས་པ་བཞིན། །དགྲ་ལྷ༴ །དགྲ་ལྷ་གཉེན་པོ༴ །རྒོད་ལ་གཤོག་དྲུག་རྒྱས་པ་བཞིན། །དགྲ་ལྷ༴ །དགྲ་ལྷ་གཉེན་པོ༴ །སེང་གེ་གཡུ་ར་རྒྱས་པ་བཞིན། །དགྲ་ལྷ༴ །དགྲ་ལྷ་གཉེན་པོ༴ །ཤིང་ཐོག་འབྲས་བུ་རྒྱས་པ་བཞིན། །དགྲ་ལྷ༴ །དགྲ་ལྷ་གཉེན་པོ༴ །མཁར་ལ་བ་དན་བཙུགས་པ་བཞིན། །དགྲ་ལྷ༴ །དགྲ་ལྷ་གཉེན་པོ༴ །རྨོག་ལ་དར་འཕྲུ་བཙུགས་པ་བཞིན། །དགྲ་ལྷ༴ །དགྲ་ལྷ་གཉེན་པོ༴ །མདུང་ལ་བ་དན་སྒྲོན་པ་བཞིན། །དགྲ་ལྷ༴ །དགྲ་ལྷ་གཉེན་པོ༴ །གཞུ་ལ་གྲོ་དཀར་གཡོག་པ་བཞིན། །དགྲ་ལྷ༴ །དགྲ་ལྷ་གཉེན་པོ༴ །   ཀྱེ།  དགྲ་ལྷའི་གོ་མཚོན་སྣ་དགུ་དེ། །ཁྲབ་ལ་ཁྲམ་ཤམ་བཏགས་པ་བཞིན། །དགྲ་ལྷ་གཉེན་པོ་དཔང་བསྟོད་དོ། །དགྲ་ལྷ་མི་དང་བྲལ་ཅིག །མདུང་ལ་བ་དན་སྒྲོན་པ་བཞིན། །དགྲ་ལྷ་གཉེན་པོ༴ །དགྲ་ལྷ་མི༴ །གཞུ་མོ་གྲོ་དཀར་གཡོག་པ་བཞིན། །དགྲ་ལྷ་གཉེན་པོ༴ །དགྲ་ལྷ་མི༴ །མདའ་ལ་སྒྲོ་གསུམ་སྒྲོན་པ་བཞིན། །དགྲ་ལྷ་གཉེན༴ །དགྲ་ལྷ་མི༴ །ཕུབ་ལ་རྔ་ཞོལ་བཏགས་པ་བཞིན། །དགྲ་ལྷ་གཉེན༴ །དགྲ་ལྷ་མི༴ །གྲི་ལ་ཡུ་བ་བཏགས་པ་བཞིན། །དགྲ་ལྷ་གཉེན༴ །དགྲ་ལྷ་མི༴ །རང་གི་མི་རྣམས་བསྲུང་དུ་གསོལ། །མི་ནོར་ཟས་གསུམ་འཕེལ་བར་ཤོག །དགྲ་འདྲེ་ཐམས་ཅད་ཆམ་ལ་ཕོབ། །དགྲ་རྐུབ་ཇག་གསུམ་ཁ་ཆིང་ཤིག །   ཀྱེ།  མགྱོགས་བྱེད་དགྲ་ལྷ་ཁྱུང་གིས་བསྟོད། །དཔའ་བྱེད་དགྲ་ལྷ་ཁྲབ་ཀྱིས་བསྟོད། །རྣོ་བྱེད་དགྲ་ལྷ་མཚོན་གྱིས་བསྟོད། །འཐབ་བྱེད་དགྲ་ལྷ་མདའ་ཡིས་བསྟོད། །རྒྱལ་བྱེད་དགྲ་ལྷ་མདུང་གིས་བསྟོད། །འཕེལ་བྱེད་དགྲ་ལྷ་འབྲས་ཀྱིས་བསྟོད། །ཕྱུག་བྱེད་དགྲ་ལྷ་ནོར་གྱིས་བསྟོད། །བཙན་བྱེད་དགྲ་ལྷ་དར་གྱིས་བསྟོད། །རིན་ཆེན་ཁ་དྲག་དཔའ་བས་དགྲ་ལྷ་མཛོད། །གོ་ཁྲབ་བཙན་པའི་དགྲ་ལྷ་མཛོད། །གྲི་མཚོན་རྣོ་བ་དགྲ་ལྷའི་མཛོད། །འོག་རྟ་མགྱོག་པའི་དགྲ་ལྷ་མཛོད། །བསང་མཆོད་གཙང་མ་འདི་བཞེས་ལ། །རྨོག་གྱོན་འོག་ནས་མ་བུད་ཅིག །ཕུབ་ཁུར་ལུང་ནས་མ་ཆད་ཅིག །གོ་ཁྲབ་རྒྱུན་ཐག་མ་ཆད་ཅིག །གཞུ་རྒྱུན་རྐེད་ནས་མ་ཆད་ཅིག །མདའ་འཕེན་སྟོང་ནས་མ་གས་ཅིག །མདུང་བཟུང་སྦུད་ནས་མ་བུད་ཅིག །བསང་མཆོད་གཙང་མ་འདི་བཞེས་ལ། །བདག་ཅག་བྱེས་སུ་འགྲོ་ཙམ་ན། །མུ་དག་དགྲ་ལྷ་གཉེན་པོས་བསྲུང་། རྟ་ཕོ་བྱེས་སུ་འགྲོ་ཙམ་ན། །སྲབ་མདའ་དགྲ་ལྷ་གཉེན་པོས་བཟུང་། །སྔགས་འཆང་བྱེས་སུ་འགྲོ་ཙམ་ན། །དངོས་གྲུབ་དགྲ་ལྷ་གཉེན་པོས་བསྲུང་། །དགྲ་ལྷ་གཞན་དུ་མ་འཁྱམ་ཅིག །ནང་མི་འདི་ཡི་ཁ་འཛིན་མཛོད། །ཡོན་བདག་འདི་ཡི་བསྲུང་སྐྱོབ་མཛོད། །མི་ཕོ་དཔའ་བའི་དགྲ་ལྷས་མཛོད། །རྟ་ཕོ་མགྱོགས་པའི་དགྲ་ལྷས་མཛོད། །ཚེ་ཡི་དཔལ་ཐིང་མ་ཆད་ཅིག །སྲོག་གི་རྟེན་ཕུར་མ་བུད་ཅིག །ཚེ་ཆད་པ་དགྲ་ལྷས་མཐུད་དུ་གསོལ། །ཚེ་ཡོལ་བ་དགྲ་ལྷས་བསང་དུ་གསོལ། །ཚེ་འཐོར་བ་དགྲ་ལྷས་སྡུད་དུ་གསོལ། །ཚེ་ཡི་མུ་དག་མ་བུད་ཅིག །ཚེ་དང་བསོད་ནམས་འཕེལ་བར་ཤོག །དགྲ་ལྷ་ངོ་སོ་གྱེན་དུ་བསྟོད། །ཕོ་ལྷ་ངོ་སོ་གྱེན་དུ་བསྟོད། །ཟོ་དོར༴ །མཚུན་མགོན༴ །ཝེར་མའི་ངོ་སོ༴ །ཡོན་གྱི་བདག་པོ་འདི་དག་གིས། །བཀྲ་ཤིས་དཀོན་མཆོག་གསུམ་ལ་བརྟེན། །བུ་ཚ་ནོར་ལུག་འཕེལ་བར་ཤོག །བདག་གི་ཕྲིན་ལས་དར་བ་མཛོད། །སྐུ་ཚེ་མཐའ་རུ་ཕྱིན་པར་མཛོད། །ལྷ་ཞལ་དུང་ལྟར་དཀར་བར་མཛོད། །ཅི་བསམ་དངོས་གྲུབ་སྩལ་དུ་གསོལ། །བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །དེ་ནས་ཡོན་བདག་ལ་གཏོར་མ་བཟུང་བཅུག་ལ་འདི་སྐད་དོ། །ཧོ་དགོངས་སུ་གསོལ་ལོ། །ལན་གསུམ། མཆོད་བཞིན་དུ་གསོལ་ལོ། །མཆོད་བཞིན་དུ་གནས་སུ་གྱུར་པའི་དགུང་སྔོན་པོ་བེ་ཌུ་ཡའི་འོག །ས་བྱང་རུ་དམར་པོའི་སྟེང་།  བོད་ཡུལ་གྱི་དབུས། ཡུལ་བཟང་པོ་འོ་ངུར་གྱི་གནས། གླེང་རུ་གཉིས་ཀྱི་བར་སྒང་།  རི་མཐོ་བ་བྱ་ཚང་གི་རྩེ།  ཀླུ་ཆེན་བརྒྱད་ཀྱིས་བསྐོར་བའི་ཕོ་བྲང་།  འབྲུ་རྒྱལ་ཀུན་གྱི་དགྲ་ལྷ།  སྟོང་ཆུང་ཉག་སྦྲའི་ཟོ་དོར།   རི་རོག་པོ་རྩེ་རྒྱལ།  གསང་མཚན་རྡོ་རྗེ་གུར་མགོན།  སྐུ་མདོག་སྔོན་པོ་དབུ་ལ་དར་དཀར་གྱི་འགྱིང་ཐོད་བཅིང་བ།  ཕྱག་གཡས་སྦ་ལྕགས་དཀར་པོ་ཀླད་ལ་བསྐོར་བ།  གཡོན་པས་མདུང་དར་དཀར་པོ་ལྕེ་བརྒྱད་ནམ་མཁའ་ལ་ཕྱར་བ།  ཆིབས་སུ་གཡུ་རྟ་སྔོན་པོ་ལ་བཅིབས་པ།  གཡས་སྟག་ར་ཁྲ་བོ་སྟག་ལྟར་འཕྱོ།  གཡོན་གཟིག་ཤུབ་ཐིག་ལེ་གཟིག་ལྟར་དུ་འཁྱུགས་པ།  རལ་གྲི་དངུལ་རིང་གློ་ལ་ཐོགས་པ།  ཤེལ་གྲི་ཟུར་གསུམ་སྐེད་ལ་བཙུགས་པ།  སྔོན་དུ་ལྷ་གཡག་དཀར་པོ་ཆས་པ།  རྒྱབ་ཏུ་དུང་སེང་དཀར་མོ་འགྱིང་བ།  འོག་ན་རྒྱ་སྟག་ཁྲ་བོ་འཕྱོང་བ།  སྟེང་ན་ལྕགས་ཀྱི་བྱ་ཁྲ་ལྡིང་བ།  ཀླད་ལ་བྱ་རྒོད་ཐང་དཀར་ལྡིང་བ།  ཟུར་ན་ཅེ་སྤྱང་སྔོན་པོ་འགྲོ་བ།  སྤྲུལ་པའི་ཀླུ་བདུད་ནག་པོའི་ཕོ་ཉ་འགྱེད་པ།  ཆུ་གླང་སྔོན་པོ་རོལ་དུ་ཁྲིད་པ།  སྡང་བའི་དགྲ་ལ་བབས་པའི་དུས་སུ་མི་རྟ་ཧུར་ཐུམ་དུ་བཏང་བ།  གནོད་བྱེད་བགེགས་ལ་བབས་པའི་དུས་སུ་ཐལ་བ་རྡུལ་ཕྲན་བཞིན་དུ་བརླག་པ།  རྣལ་འབྱོར་པ་བདག་ལ་བབས་པའི་དུས་སུ་འོད་ཟེར་དར་བས་འཇམ་པ།  གནམ་ཕྱེད་གོས་སུ་གྱོན་པ།  ས་ཕྱེད་གདན་དུ་བཏིང་བ།  མེ་༼མི༽ཕྱེད་བྲན་དུ་ཁོལ་བ།  བོད་ཡུལ་སྨར་ཁམས་སྒང་གི་བདག་པོ།  མཐུ་ཆེ་ལ་རྩལ་དྲག་པ།  ཨ་ཅོ་ཆེན་པོ་ལ་གསོལ་ལོ།  །སྐྱེས་བུ་ཆེན་པོ་ལ་གསོལ་ལོ། །ཞོང་བློན་ཆེན་པོ༴  །དམག་དཔོན་ཆེན་པོ༴ །ཚང་བློན༴ །དགྲ་ལྷ་ཆེན་པོ༴  །ནོར་ལྷ་ཆེན་པོ༴  །ཕ་རྒན༴  །ཆོས་སྐྱོང་ཆེན་པོ༴ །དཀོར་བདག་ཆེན་པོ་ཁྱེད་རྣམས་ཀྱི་གཡས་ཀྱི་དམག་དཔོན་མཛད་པ། སེང་འགུ་ར་རྒྱལ་བ་དྲག་རྩལ་ཅན་ལ་གསོལ་ལོ། །གཡོན་གྱི་དམག་དཔོན་མཛད་པ་སྐུ་ལྷ་རྒྱལ་བཟང་༴ །མདུན་དུ་འགྲོ་བའི་འཇམ་བུ་རོག་ཆུང་༴ །ནང་བློན་སྟོད་ཀྱི་ལྷ་གཡག་དཀར་པོ༴ །སྒོ་ཕུར་བུ་གསོལ་ལོ། ལབ་འོ་འཇོ་གསོལ་ལོ། །ངེ་ནེ་མིང་སྲིང་ལྕམ་དྲལ༴ །གཡས་ཀྱི་ལྷ་དམག༴ །གཡོན་གྱི་གཉན་དམག༴ །མདུན་གྱི་བདུད་དམག༴ །རྒྱབ་ཀྱི་བཙན་དམག༴ །ཐེའུ་རང་ཀླུ་དམག་འཁོར་དང་བཅས་པ་གསོལ་ལོ། །མཆོད་ན་མགོན་བསྐུར་ན་འོས་པ་རྣམས་ཀྱི་ཞལ་དུ་མཆོད་བཞིན་དུ་གསོལ་ལོ། །མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ། སྤྱིར་སངས་རྒྱས་ཀྱི་བསྟན་པ་དར་བ། དཀོན་མཆོག་གི་དབུ་འཕང་མཐོ་བ། རྣལ་འབྱོར་གྱི་སྐུ་ཚེ་བསྲིང་བ། ཡོན་མཆོད་ཀྱི་བར་ཆད་བཟློག་པ། བསམ་པ་བསྒྲུབ། རེ་བ་བསྐང་། ཡལ་ཁ་གྱིས། རྒྱལ་ཁ་སྐྱེས། མཐུ་དཔུང་སྡོང་གྲོགས་མཛོད། རྒྱབ་བརྟེན་གྱིས། ཉིན་གྱི་བྱ་ར་གྱིས། མཚན་གྱི་མེལ་ཚེལ་གྱིས།  སྡང་བྱེད་ཀྱི་དགྲ་སོད། གནོད་བྱེད་ཀྱི་བགེགས་ཐུལ།  བར་དུ་གཅོད་པའི་རྐྱེན་བཟློག །མོ་ངན་པ། རྨི་ལམ་ངན་པ། འཆི་བདག་གིས་ལྟས་ངན་པ་ཐམས་ཅད་མྱུར་དུ་བཟློག་པའི་ཕྲིན་ལས་མཛོད་ཅིག །མི་ལ་ན་ཚ་མ་གཏོང་། ཕྱུགས་ལ་གོད་ཁ༴ །ཞིང་ལ་བཙའ་སད༴ །བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད་ཅིག །  ཀྱེ།  སློབ་དཔོན་པདྨའི་སྤྱན་སྔ་རུ། །ཇི་ལྟར་ཁས་བླངས་དམ་བཅས་བཞིན། །རྣལ་འབྱོར་སྡོང་གྲོགས་བྱེད་པ་དང་། །རང་གིས་འཁོར་རྣམས་སྐྱོང་བ་དང་། ཟུར་གྱི་ཁ་འཛིན་བྱེད་པ་དང་། རྒྱུ་འབྱོར་ཡོན་བདག་བསྲུང་བ་དང་། དམ་ཉམས་ལས་ངན་བསྒྲལ་བའི་ཕྱིར། སྡང་བའི་དགྲའི་སྟེང་དུ་བྷྱོ། སྐྱེས་བུ་ཆེན་པོ་སྡང་བའི་དགྲ་ལ་བྷྱོ། རོག་སྣར་ཆེན་པོ་ཆེན་པོ་སྡང་བའི་དགྲ་ལ་བྷྱོ། རོག་པོ་རྩེ་རྒྱལ་སྡང༴ །འཇམ་ཁུང་རོག་ཆུང་༴ །དམག་དཔོན་སེང་འགུ༴ །སྨན་རྒོད་བདུན་སྒྲོལ་སྡང་བའི༴ །སྦྲུལ་ནག་མགོ་དགུ༴ །སྐུ་ལྷ་རྒྱལ་བཟང་༴ །སྒོ་བསྲུང་སྤྱིར་བཞི་སྡང་༴ །དགེ་བསྙེན་འོ་ཛོ༴། སྒོ་བསྲུང་ཕུར་བུ༴ །ཀླུ་ཡི་དམག་ཚོགས་ལས་ལ་ཡ། །གནོད་སྦྱིན་དམག་ཚོགས༴ །དགེ་བསྙེན་དམག་ཚོགས༴ །བདུད་ཀྱི་དམག་ཚོགས༴ །བཙན་གྱི་དམག་ཚོགས༴ །གཙང་མའི་ལྷ་གནས་མན་ཆད་ནས། །རྒྱ་མཚོའི་ཀླུ་གནས་ཡན་ཆད་ཀྱི། །ལྷ་ཀླུ་མཐུ་ཆེན་རྫུ་འཕྲུལ་ཅན། །བྱེ་བ་ས་ཡ་གྲངས་མེད་ལ། །དགྲ་ལྷ་ཁྱེད་བས་ཆེ་བ་མེད། །ཐམས་ཅད་ཁྱེད་ཀྱི་འཁོར་རྣམས་ཡིན། །དམག་དཔོན་དགྲ་ལྷ་ཆེན་པོ་མཛོད། །དགྲ་ལྷ་གདུང་སེམས་ཆེ་བར་མཛོད། །དགྲ་བགེགས་གནོད་བྱེད་ཐམས་ཅད་བཟློག །བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །སྐབས་འདིར་གཏོར་མ་འབུལ་དུ་བཅུག་གོ །    ཀྱེ།  སྔོན་གྱི་བསྐལ་པའི་དང་པོ་ལ། །སློབ་དཔོན་པདྨ་འབྱུང་གནས་ཀྱི། །བཀའ་དང་དམ་ལ་བཏགས་པ་ཡིས། །འཇིག་རྟེན་ཆོས་སྐྱོང་དམ་ཚིག་ཅན། །ཚངས་པ་དང་ནི་བརྒྱ་བྱིན་དང་། །རྒྱལ་ཆེན་བཞི་དང་ཕྱོགས་སྐྱོང་བཅུ། །ལྷ་ཆེན་བརྒྱད་དང་ཀླུ་ཆེན་བརྒྱད། །གཟའ་ཆེན་བརྒྱད་དང་གནོད་སྦྱིན་བརྒྱད། །རྒྱུ་སྐར་ཉི་ཤུ་རྩ་བརྒྱད་དང་། །བོད་ཁམས་སྐྱོང་བའི་བརྟན་མ་དང་། །མ་མོ་འབྱུང་པོ་ཤ་ཟའི་ཚོགས། །སྲིན་པོ་ཡི་དྭགས་སྨྱོ་བྱེད་དང་། །དྲི་ཟ་གྲུལ་བུམ་སྟོབས་ཕྱེད་དང་། །ས་ཡི་ལྷ་མོ་ལ་སོགས་པ། །སྟོང་གསུམ་རབ་འབྱམས་འཇིག་རྟེན་ལ། །གནས་པའི་ས་བདག་ཀླུ་གཉན་དང་། །རྡོ་རྗེ་གུར་མགོན་འཁོར་བཅས་སོགས། །ལེ་སྦྲ་གཉེན་པོ་འཁོར་བཅས་དང་། །བྷེ་ཝ་ངང་དཀར་འཁོར་དང་བཅས། །ཡུལ་ཕྱོགས་འདི་ལ་གནས་པ་ཡི། །ཞིང་སྐྱོང་གཞི་བདག་འཁོར་བཅས་རྣམས། །འདིར་གཤེགས་བདག་ལ་དགོངས་སུ་གསོལ། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང་། །དཔལ་དང་གྲགས་དང་བསྐལ་བ་བཟང་། །ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང་། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །དམ་ཚིག་ཅན་གྱི་བདག་ལ་བསྲུང་། །དངོས་གྲུབ་ཀུན་གྱི་སྡོང་གྲོགས་མཛོད། །དུས་མིན་འཆི་ཡི་ནད་རྣམས་དང་། །གདོན་དང་བགེགས་རྣམས་མེད་པར་མཛོད། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་པར་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །འབྲུ་རྣམས་འཕེལ་ཞིང་ཕྱུགས་འཕེལ་བ། །བདེ་ལེགས་ཕུན་སུམ་ཚོགས་པ་ཡི། །ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །དེ་ནས་གཏོར་ཕུད་ཡུལ་ལྷའི་ཕྱོགས་སུ་ཕུལ།  འདོད་གསོལ་བློ་ལ་གང་འོས་བྱ།  ཞེས་པ་འདི་ནི་ཆོས་རྒྱལ་འཕགས་པ་རིན་པོ་ཆེ་རྒྱ་ཡུལ་གདན་ཞུས་སྐབས། ལྷ་གསུམ་སྐོར་ཐང་དུ་ཆོས་སྒར་ཕེབས་སྐབས་སུ་ཡུལ་ལྷ་འདི་ཉིད་ཀྱིས་འཇིག་རྟེན་པའི་ཟས་ནོར་དངོས་ཡོད་ཀྱི་བརྒྱ་འབུལ་མང་པོ་ཕུལ་ནས་དེ་སྐབས་མཛད་པའོ། །སརྦ་མངྒ་ལམ། བཀྲ་ཤིས་ཤོག །དགེ་འོ། །དགེའོ། །དགེའོ། ། ཡུལ་བྲག་གཡབ་ཀྱི་སྤྱིའི་གཞི་བདག་ཆེན་པོ་གནས་པོ་རྡོ་རྗེ་གུར་མགོན་གྱི་མཆོད་གསོལ་གྱི་མ་དཔེ་འདི་བྲག་གཡབ་གཙང་སར་དགོན་དུ་འདུག་ལ་རྔ་རོལ་དབྱངས་སོགས་ཀྱི་ཕྱག་ལེན་ད་ལྟ་ཡང་ཡོད་ལ་ཆོས་འཕགས་བཀའ་འབུམ་ནང་དུ་མེད་པར་གྲགས་པས་འདི་བཀོད་ཡིན་འདི་ལ་མ་དཔེ་ནང་དུ་ཡིག་ནོར་ཡིན་ངེས་རྣམས་བཅོས་ཡོད་་་་ལ་ལ་དེང་སང་གི་འབྲི་ཚུལ་དང་ཅུང་ཟད་མི་འདྲ་བ་འདུག་ཀྱང་རང་གར་བཞག་ཡོད་་་ཚིག་སྡེབ་སྦྱོར་ཅུང་ཟད་འཁྲུགས་པ་ལྟ་བུ་མང་དུ་འདུག་ཀྱང་རང་གར་བཞག་ཡོད།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*