ཆོས་རྗེ་ས་པཎ་གྱི་ངོ་མཚར་བའི་རྣམ་ཐར་འགའ་ཞིག

ྋམཁན་ཆེན་ཨ་པད་རིན་པོ་ཆེས་མཛད།

༡༽རིག་པའི་གནས་ལྔ་ལ་ཤིན་ཏུ་མཁས་པས་ཁ་ཆེ་མཁན་པོ་དཔོན་སློབ་རྣམས་ཀྱིས་མ་ཧཱ་པཎྜིཏའི་མཚན་གསོལ་བས་བོད་ཀྱི་པཎྜིཏ་དང་པོར་གྱུར་པ།
༢༽བོད་དུ་རྒྱ་གར་གྱི་མཁས་པ་རྣམས་ལ་ཡོངས་སུ་གྲགས་པའི་བཅུ་ཕྲག་རིག་པའི་སྲོལ་གསར་དུ་བཏོད་པ།  ཆོས་རྗེ་ཁུ་དབོན་གྱི་སློབ་བརྒྱུད་རྣམས་ཀྱིས་ཀྱང་རིག་པའི་གནས་དུ་མ་བསྒྱུར་ཞིང་འཆད་པས་བོད་ཡོངས་སུ་དར་རྒྱས་བྱུང་བ།
༣༽རྒྱ་གར་གྱི་པཎྜིཏ་ལ་མ་ལྟོས་པར་ལོ་ཙྭ་བས་ཆོས་བསྒྱུར་བའི་སྲོལ་བཏོད་པ།
༤༽བོད་ཀྱི་ཚད་མའི་སྲོལ་ལ་ཕྱི་རོལ་པའི་སྒྲོས་འདྲེས་པ་དང་།  རང་བློས་སྦྱར་བའི་སྐྱོན་རྣམས་བཀག་ནས་སྡེ་བདུན་མདོ་དང་བཅས་པའི་དོན་རྫོགས་པར་སྟོན་པ་ཚད་མ་རིགས་གཏེར་མཛད་པ།
༥༽ཚད་མ་རྣམ་འགྲེལ་རང་འགྲེལ་དང་བཅས་པ་བསྒྱུར་ནས་འཆད་ཉན་རྒྱུན་རིང་དུ་མཛད་པས་རྣམ་འགྲེལ་གྱི་བཤད་རྒྱུན་བོད་ཀྱི་གྲུབ་མཐའ་ཐམས་ཅད་ལ་དེང་སང་གི་བར་དུ་བྱུང་བ།
༦༽ཁ་ཆེ་པཎ་ཆེན་གྱི་འཁོར་རྣམས་ཀྱིས་ཚད་མ་རིགས་གཏེར་རྒྱ་གར་སྐད་དུ་བསྒྱུར་ནས་རྒྱ་གར་དུ་ཕེབས་པ་དེ་བོད་ཀྱི་བརྩོམ་ཆོས་རྒྱ་གར་དུ་བསྒྱུར་བ་དང་པོ་ཡིན་པ།
༧༽སོག་པོའི་ཡུལ་དུ་དམ་པའི་ཆོས་ཀྱི་སྲོལ་བཏོད་པས་ནང་ཆོས་དར་ཁྱབ་ཆེན་པོ་ཡོད་པའི་རྒྱལ་ཁབ་ཏུ་གྱུར་པ།
༨༽སོག་པོ་ཡི་གེ་གསར་དུ་བཟོས་ནས་ཡི་གེ་དེས་རྒྱ་བོད་ཀྱི་གསུང་རབ་དུ་མ་སོག་སྐད་དུ་བསྒྱུར་བ།
༩༽བོད་དུ་ཡོད་པའི་སངས་རྒྱས་ཀྱི་ཆོས་ཕྱི་ཡི་རྒྱལ་ཁབ་དུ་མ་ཁྱབ་སྤེལ་གྱི་སྲོལ་བཏོད་པ།
༡༠༽འཕྲོག་བྱེད་དགའ་བོ་ལ་སོགས་པའི་ཕྱི་རོལ་པའི་སྟོན་པ་དྲུག་རིགས་པས་ཚར་བཅད་ནས་སངས་རྒྱས་ཀྱི་བསྟན་པ་ལ་བཅུག་པ།
༡༡༽སྐུ་ལ་དབུ་ཡི་གཙུག་ཏོར་དང་སྨིན་མཚམས་ཀྱི་མཛོད་སྤུ་ལ་སོགས་པའི་མཚན་དཔེ་ཡོད་པ།
༡༢༽བོད་ཡུལ་དུ་ཇི་སྙེད་བྱུང་བའི་ཆོས་དང་ཆོས་མ་ཡིན་པ་རྣམ་པར་འབྱེད་པའི་བསྟན་བཅོས་སྡོམ་གསུམ་རབ་དབྱེ་མཛད་ནས་བཀའ་ཡི་བསྡུ་བ་བཞི་པ་མཛད་པ་རྣམས་སོ།།
ཤེས་བྱ་ཐམས་ཅད་གཟིགས་པའི་སྤྱན་ཡངས་པ། །
འགྲོ་ཀུན་དགེ་ལེགས་སྒྲུབ་པའི་ཐུགས་རྗེ་ཅན། །
བསམ་ཡས་ཕྲིན་ལས་མཛད་པའི་སྟོབས་མངའ་བ། །
འཇམ་མགོན་བླ་མའི་ཞབས་ལ་མགོས་ཕྱག་འཚལ། །

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*