༧སྐྱབས་མགོན་༧ས་སྐྱ་༧གོང་མ་ཁྲི་འཛིན་རིན་པོ་ཆེས་གསུང་ངག་ལམ་འབྲས་གནང་བའི་སྐབས་སུ་བཀའ་སློབ།

འདོན་པ་འདོན་ཐབས།

སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་འདོད་དེ་ངེས་པར་དུ་དགོས་ཀྱི་ཡོད་རེད། ང་ཚོ་དུས་རྒྱུན་དུ་ཆོས་ཀྱི་བྱ་བ་གང་དང་གང་བྱས་ན་ཡང་། དཔེར་ན་ཆོ་ག་འདྲ་འདོན་པའི་སྐབས་སུ་ཡང་ཆོ་གའི་དངོས་གཞི་ཚིག་གི་དོན་དག་ཡག་པོ་མ་ཤེས་པ་དམིགས་པ་ཡག་པོ་བྱེད་མ་ཐུབ་ན་ཡང་། ཡིན་ན་ཡང་ཆོ་ག་འདོན་པའི་སྔོན་ལ་སེམས་བསྐྱེད་ཡག་པོ་ཞིག་བརྒྱུད་ལ་སྐྱེས་དགོས་པ་ཞེ་དྲག་གལ་ཆེན་པོ་རེད། དེ་བཞིན་དུ་གྲོང་ཆོག་ལ་འགྲོ་བའི་སྐབས་སུ་ཐོག་མ་ལ་ཀུན་སློང་བཟང་པོ་གསལ་བཏབ་དགོས་པ། དེའི་ཐོག་ནས་ཚིག་གི་དོན་དག་མི་ཤེས་པ་ཡིན་ན་ཡང་ཚིག་དེ་སྒྲ་དག་སྒྲོས་གསུམ་གྱི་ཐོག་ནས་འདོན་ནས་མཐར་བསྔོ་བ་ཡང་དག་པའི་རྒྱས་བཏབ་དགོས་པ་ཤིན་ཏུ་གལ་ཆེན་པོ་ཡིན་པ་རེད། བྱུང་ན་ཆོ་གའི་དངོས་གཞི་ཚིག་དེ་ཚོ་ལ་ཚིག་དོན་རྗེས་དྲན་དོན་དག་དེ་རྗེས་སུ་དྲན་པའི་སྒོ་ནས་འདོན་དགོས་ཀྱི་ཡོད་རེད། དེ་མ་བྱུང་ན་ཡང་སྔོན་ལ་ཀུན་སློང་བཟང་པོ་གསལ་བཏབ་དགོས་པ་དང་། བར་དུ་ཚིག་དེ་སྒྲ་དག་སྒྲོས་པོ་ཡག་པོ་འདོན་དགོས་པ། ཆོ་གའི་སྔགས་བསག་པའི་སྐབས་སུ་ཡིན་ན་ཡང་མ་ཆད་པ་ཡག་པོ་བྱས་ནས་འདོན་དགོས་པ། དེ་ག་ནང་བཞིན་ཆོ་ག་འདོན་པའི་སྐབས་སུ་ཡང་ངག་འཆལ་གྱི་ཚིག་མ་བརྗོད་པ། དོན་མེད་ཀྱི་གཏམ་མ་བཤད་པ།དེ་འདྲ་བྱེད་དགོས་པ་གལ་ཆེན་པོ་རེད། གང་ཡིན་ཟེར་ན།སྤྱིར་ངག་འཆལ་ཟེར་བ་དེ་ངག་གི་མི་དགེ་བ་བཞི་པ་དེ་རེད། ངག་འཆལ་ནང་ནས་ཀྱང་ཉེས་པ་ཆེ་བ་དེ་དཔེར་ན་ཆོ་གོ་འདོན་པའི་སྐབས་ལ་སོ་སོ་ཡང་ཆོ་གའི་ཚིག་ཆ་ཚང་འདོན་པ་ལ་བར་ཆད་ཡོང་བ་དང་ཅད་ལྷག་ཤོར་བ། གཞན་ཆོ་ག་འདོན་པ་ལ་ཡང་བར་ཆད་བྱེད་པ།མདོར་ན་རང་ཡང་ཚིག་ཆད་གཞན་ཡང་ཚིག་ཆད་དུ་བཅུག་པ་བྱེད་པ་ཡིན་པས། ངག་འཆལ་གྱི་ནང་ནས་ཀྱང་ཆོ་ག་འདོན་པའི་སྐབས་སུ་ཆོ་ག་དང་མ་འབྲེལ་བ་སྐད་ཆ་བཟང་ངན་གང་ཡིན་ན་ཡང་བཤད་པ་ཡིན་ན་ཉེས་པ་ཡོད་རེད། དེ་ནང་བཞིན་སྔགས་བསགས་པའི་སྐབས་སུ་ཡང་སྔགས་མ་བསགས་པ་གཅིག་གིས་གཅིག་ལ་ངག་འཆལ་གྱི་གཏམ་བརྗོད་པ་དེ་ཡང་ཉེས་པ་ཆེན་པོ་ཡོད་པ་གསུངས་ཀྱི་ཡོད་རེད། གང་ལྟར་ཡང་ཀུན་སློང་བཟང་པོའི་སྒོ་ནས་དམིགས་པ་ཡག་པོ་མ་བྱས་ན་ཡང་འདོན་ཡ་དེ་ཚོ་ཧུར་ཐག་བྱས་ནས་འདོན། མཐར་བསྔོ་བ་བཟང་པོ་རྒྱས་བཏབ་དགོས་པ་གལ་ཆེན་པོ་ཡིན་གསུང་གི་ཡོད་རེད། དེ་ག་ནང་བཞིན་གཞུང་ལུགས་རྒྱ་ཆེན་པོ་སློབ་སྦྱོང་པའི་སྐབས་ལ་ཡང་ཉེན་རེ་ཉེན་རེའི་སློབ་སྦྱོང་ཡག་པོ་ཡོང་བ་ཙམ་དང་། ལོ་ཡི་ཡིག་རྒྱུག་འཕྲད་པ་ཙམ་མ་ཡིན་པ། དེ་ག་ནང་བཞིན་སློབ་སྦྱོང་བྱེད་ནས་མ་འོངས་པ་ལ་ཆོས་སྟོན་མཁན་གྱི་དགེ་བའི་བཤེས་གཉེན་ཆགས་ཀྱི་རེད་བསམ་པ་བྱས་པ་ཡིན་ན། སྤྱིར་བཏང་དེ་ལྟ་བུ་བསམ་པ་བཟང་པོ་རེད་དེ། ཡིན་ན་ཡང་ཐེག་ཆེན་གང་ཟག་གི་བསམ་པ་ཚད་དང་ལྡན་པ་ཆགས་ཐུབ་ཀྱི་ཡོད་མ་རེད། ཐེག་ཆེན་གང་ཟག་གི་བསམ་པ་དེ་དཔེ་ཆ་སྦྱོང་ནས་མི་བརྒྱ་ཕྲག་འགའ་ཞིག་ལ་ཆོས་བཤད་དགོས་བསམ་པ་དེ་མ་ཡིན་པ། ཐེག་ཆེན་གང་ཟག་གི་ཀུན་སློང་དེ་ཆོས་སྦྱོང་ནས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་འདོན་གྱི་བསམ་བློ་སྐྱེ་དགོས་པ་གལ་ཆེན་པོ་རེད། མདོར་ན་ཆོས་ཀྱི་བྱ་བ་གང་དང་གང་བྱས་ན་ཡང་ངེས་འབྱུང་དང་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་རྩིས་ཟིན་པའི་ཐོག་ནས་བྱེད་དགོས་པ་དེ་གལ་ཆེན་པོ་ཡིན་པ། མཐའ་བསྔོ་བའི་རྒྱས་བཏབ་བྱེད་དགོས་པ་གལ་ཆེན་པོ་ཡིན་གསུངས་ཡོད་རེད།

འདན་མའི་ལྷ་མདའ། ༢༠༡༧ ༠༤ ༠༣

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*