ས་སྐྱ་པཎ་ཆེན་གྱི་རྣམ་ཐར་དད་པའི་མེ་ལོང་ཞེས་བྱ་བ་བཞུགས་སོ།

དཔལ་ས་སྐྱའི་དོན་གྱི་མཁས་དབང་དམ་པ་མཁན་ཆེན་སྐལ་ལྡན་ཚེ་རིང་མཆོག་གིས་མཛེས་ཕུ་ལྔ་རིག་བཤད་གྲྭ་ཆེན་མོ་རུ་འཇམ་མགོན་བླ་མའི་དུས་ཆེན་ཁྱད་པར་ཅན་ཉིན་གསུངས།

དེ་ཡང་སྤྱིར་ནང་པ་སངས་རྒྱས་པ་ཡིན་ཀྱང་མིན་ཀྱང་རང་རང་གི་ཆོས་ལུགས་གྲུབ་མཐའ་གང་ཡིན་ནའང་སོ་སོའི་སྟོན་པ་དང་སོ་སོའི་གྲུབ་མཐའ་འཛིན་པ་གང་ཟག་དེ་ཚོར་སོ་སོར་དང་བསྟུན་པའི་ཡོན་ཏན་གྱི་ཁྱད་པར་རེ་བཤད་རྒྱུ་ཡོད་དང་ཡོད་ཀྱིན་རེད་ལ་ཁྱད་པར་དུའང་བོད་གངས་ཅན་གྱི་ལྗོངས་ལྟ་བུར་ས་དགེ་བཀའ་རྙིང་གི་གྲུབ་མཐའ་ཆེན་པོ་བཞིའམ་བོན་དང་བཅས་ཡོད་རེད། དེ་ཚོ་ཡིན་ནའང་རང་རང་གི་བསྟན་པ་འཛིན་པའི་སྐྱེས་བུ་སོ་སོའི་ཕྱི་ནང་གསང་བའི་རྣམ་ཐར་དང་བསྟན་འཛིན་གཞན་ལས་ཁྱད་པར་དུ་འཕགས་པའི་ཚུལ་རེ་བཤད་རྒྱུ་ཡོད་དང་ཡོད་བཞིན་པ་རེད། དེ་དག་ཐམས་ཅད་ཀྱང་དོན་དང་མཐུན་པ།དོན་ལ་གནས་པ།བསྔགས་པར་འོས་པ།ཡིན་དང་ཡིན་གྱི་རང་བཞིན་རེད། དེ་ནས་ང་ཚོ་༧དཔལྡན་ས་སྐྱ་པ་ལ་སྤྱིར་བཏང་མཁས་པ་དང་གྲུབ་པ་ནམ་མཁའི་སྐར་ཚོགས་ལ་འདྲེན་པ་བསམ་གྱིས་མི་ཁྱབ་པ་ཞིག་བྱོན་ཡོད་ཀྱང་། དེའི་ནང་ནས་ཉི་མ་དང་ཟླ་བའི་འོད་ཟེར་ལྟར་ལྷམ་མེ་ལྷན་ནེ་ལྷང་ངེར་གསལ་བ་དེ་ནི་༧ཆོས་རྗེ་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ་ཡིན་པར་རང་བསྟོད་ཙམ་མིན་ཏེ་ང་ཚོའི་འཛམ་གླིང་གོ་ལ་ཡོངས་ལ་གྲགས་ཤིང་ཚད་མས་གྲུབ་པ་ཞིག་རེད།དེས་ན་དེ་རིང་བསོད་ནམས་ཚད་མེད་པའི་འཇུག་ངོགས་ཡིན་པས་ངས་ཀྱང་དད་སྤྲོ་ཆེན་པོས་ཁྱེད་རྣམ་པར་ཆོས་རྗེ་ས་སྐྱ་པཎྜི་ཏའི་རྣམ་ཐར་བོད་ཀྱི་མཁས་པ་གཞན་ན་མེད་པའི་ཐུན་མིན་གྱི་ཁྱད་ཆོས་ཁ་ཤས་ཤིག་གློ་བུར་དུ་ཞུ་བསམས་བྱུང་། དེ་ལ་རང་གིས་གྲལ་སྒྲིག་ལྟ་བུ་གང་ཡང་མ་བྱུང་བས་ཚིག་ལ་སྙན་ཆ་དང་དོན་གྱི་གོ་བ་ཟབ་ཅིང་གོ་རིམ་ལྷོད་འཇགས་ཆེར་འོང་གི་མ་རེད། ཡིན་ནའང་བློ་ལ་ངེས་པའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཁ་ཤས་ཤིག་དུས་ཆེན་ཁྱད་པར་ཅན་གྱི་ཉིན་ཞུ་འདོད་བྱུང་། དེ་ཡིན་དུས་སྤྱིར་བཏང་གི་ཆོས་ཀྱི་རྗེ་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ་མཆོག་ནི་མི་ནས་མིར་གྱུར་པའི་སྐྱེ་བ་ཉི་ཤུ་རྩ་ལྔའམ་རྩ་བདུན་གྱི་བར་དུ་རྗེ་བཙུན་འཇམ་དཔལ་དབྱངས་ཀྱིས་རྗེས་སུ་བཟུང་ཞིང་པཎྜི་ཏ་ཤ་སྟག་གི་སྐྱེ་བར་བཞེས་ཏེ་སྐུ་ཚེ་འདི་ལ་ཕྱི་ནང་རིག་གནས་དང་བཅས་པ་ཐམས་ཅད་ཀྱང་ལན་རེའམ་ཟུང་རེར་གཟིགས་ཤིང་གསན་པ་ཙམ་གྱིས་ཤེས་བྱའི་གནས་མ་ལུས་པ་ཁོང་དུ་ཆུད་ནས་འཆད་རྩོད་རྩོམ་གསུམ་དང་།མཁྱེན་བརྩེ་ནུས་གསུམ་སོགས་བསམ་གྱིས་མི་ཁྱབ་པས་སྤྱིར་རིགས་དྲུག་གི་འགྲོ་བ་མ་ལུས་པ་དང་། ཁྱད་པར་དུ་ང་རང་ཚོའི་བོད་གངས་ཅན་ལྗོངས་ན་མཁས་གྲུབ་གཞན་སུས་ཀྱང་འགྲན་མི་ནུས་པའི་ཐོག་ད་ལྟར་དངོས་སུ་མཐོང་བཞིན་པའི་ཕྲིན་ལས་རྒྱ་ཆེན་མཛད་མཁན་དེ་རེད། དེའང་ཆོས་རྗེ་ཉིད་ཀྱིས་ཞལ་ནས་ཀྱང་། སྐྱེ་བ་གཞན་དུ་སྦྱངས་པ་དང་།།མཁས་པ་དུ་མར་བསྟེན་པ་དང་། །རྣམ་པར་དཔྱོད་པའི་བློ་གྲོས་ཀྱིས།།ཤེས་བྱ་ཀུན་ལ་འཇིགས་མེད་ཐོབ།།ཅེས་དང་། སྐྱེ་བ་སྐྱེ་བ་རྣམས་སུ་ཡང་དང་ཡང་།།མཁས་པ་མཁས་པའི་ཚོགས་ལ་སྔོན་སྦྱངས་པས།།ཚེ་འདིར་ལན་རེ་ཟུང་རེ་ཐོས་ཙམ་གྱིས། །གཞུང་ལུགས་ཀུན་ཤེས་ཀུན་དགའ་རྒྱལ་མཚན་དཔལ།། ཞེས་དང་། སྒྲ་པ་ང་ཡིན་རྟོག་གེ་པ་ང་སྨྲ་བ་ངན་འཇོམས་ང་འདྲ་མེད། །སྡེབ་སྦྱོར་ང་མཁས་སྙན་ངག་ང་ཉིད་མངོན་བརྗོད་འཆད་ལ་འགྲན་མེད་ང་། །དུས་སྦྱོར་ངས་ཤེས་ཕྱི་ནང་ཀུན་རིག་རྣམ་དཔྱོད་བློ་གྲོས་མཚུངས་མེད་ང་། །དེ་འདྲ་གང་ཡིན་ས་སྐྱ་པ་སྟེ་མཁས་པ་གཞན་དག་གཟུགས་བརྙན་ཡིན། །ཞེས་གསུངས་ཏེ་མི་འཇིགས་པའི་སྒྲ་ཆེན་པོར་བསྒྲགས་པ་རེད།

༡༽ དེ་ལྟར་ཡིན་པས་ཆོས་རྗེའི་ཐུན་མིན་གྱི་ཡོན་ཏན་ནང་ནས་ཐོག་མའམ་དོན་ཚན་དང་པོ་ཞུ་བ་གང་ཡིན་ཞེ་ན། སྤྱིར་པཎྜི་ཏ་ཞེས་པ་དེ་རིག་པའི་གནས་ལྔར་མཁས་པའི་མཁས་པ་ཆེན་པོའི་མཚན་ཏེ་རྒྱ་གར་འཕགས་ཡུལ་དུ་རྒྱན་དྲུག་མཆོག་གཉིས་དང་རྨད་བྱུང་གི་སློབ་དཔོན་གཉིས་སོགས་དེ་དག་རེད། ཆོས་ཀྱི་རྗེ་ས་སྐྱ་པཎྜི་ཏ་ནི་བོད་གངས་ཅན་ཀྱི་ལྗོངས་སུ་པཎྜི་ཏ་ཞེས་པའི་མཚན་ཐོག་མར་བཞེས་མཁན་རེད། དེ་ནི་བོད་ཀྱི་མཁས་པ་གཞན་ལ་མེད་པའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཡིན།དེའང་ཁ་ཆེ་པཎ་ཆེན་འཁོར་དང་བཅས་བོད་དུ་ཕེབས་པའི་སྐབས་སུ་ཆོས་རྗེས་ཚད་མ་རྣམ་ངེས་གསན་པའི་ཚེར་དཔེ་བོད་ཡིག་གཟིགས་ནས་ཀློག་དུས་རྒྱ་གར་སཾ་སྐྲྀ་ཏའི་སྐད་ཀྱིས་བཀླགས་མཛད་པས་ཁ་ཆེ་པཎ་ཆེན་གྱིས་འདི་ནི་ངེས་པར་པཎྜི་ཏ་ཞིག་གོ། ཞེས་གསུངས་ཏེ་པཎ་ཆུང་འཁོར་བཅས་ཀྱི་དྲུང་དུ་ཆོས་རྗེ་ལ་པཎྜི་ཏའི་མཚན་གསོལ་ཞིང་ཁྲི་སྟོན་གྱི་མཛད་སྒོ་གནང་བ་དེ་ནས་བཟུང་པཎྜི་ཏའི་མཚན་ཆགས་པར་རེད། ཡང་ཆོས་རྗེ་ཉིད་ཀྱིས། རྒྱ་ཀློག་དང་བོད་ཀློག་མ་བསླབས་པར་སྔ་མོ་ནས་ཤེས་ཀྱང་དེ་གཉིས་གང་སྔོན་དུ་ཤེས་པར་མི་དྲན་ནོ། ། ཞེས་གསུངས་པ་ལྟ་བུ་ཚད་མའི་དཔེ་བོད་དཔེ་གཟིགས་ནས་རྒྱ་སྐད་དུ་བཀླགས་པས་པཎྜི་ཏའི་མཚན་གསོལ་བ་རེད། དེ་ནི་བོད་ཀྱི་མཁས་པ་གཞན་ན་མེད་པའི་ཐུན་མིན་གྱི་ཁྱད་ཆོས་ཤིག་རེད།

༢༽ དོན་ཚན་གཉིས་པ་ཞུ་བསམས་པ་ནི། ད་ལྟར་བོད་ཀྱི་བཅུ་ཕྲག་རིག་པ་ཞེས་པའི་སྲོལ་འབྱེད་དེ་ཆོས་རྗེ་ས་སྐྱ་པཎྜི་ཏ་རེད། དེའང་བོད་ཀྱི་མཁས་པ་གཞན་ལ་མེད་པའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཡིན། ག་འདྲ་རེད་ཅེ་ན།སྤྱིར་བཏང་གི་བཟོ་དང་གསོ་བ་སྒྲ་དང་ཚད་མ་ནང་དོན་རིག་པ་སོགས་དེ་ཚོ་སྔོན་ནས་བོད་དུ་དར་བ་རེད།ཡིན་ནའང་ཆོས་རྗེ་མ་བྱོན་སྔོན་ལ་རིག་པའི་གནས་བཅུ་ཞེས་པའི་ཐ་སྙད་དང་རིག་པའི་གནས་བཅུ་ཡོངས་རྫོགས་འཆད་ཉན་དང་ལག་ལེན་མེད་ལ་ཆོས་རྗེ་ས་སྐྱ་པཎྜི་ཏས་རིག་པའི་གནས་སྔོན་རྒྱ་གར་ནས་མ་བསྒྱུར་བ་རྣམས་གསར་དུ་བསྒྱུར་ཏེ་རང་གིས་སྡེབ་སྦྱོར་སོགས་གསར་དུ་གཏོད་ནས་རིག་གནས་ཆེ་བ་ལྔ་དང་ཆུང་བ་ལྔ་ཞེས་པའི་ཐ་སྙད་སོ་སོར་ཕྱེས་ཏེ་མདོར་ན་བཅུ་ཕྲག་རིག་པ་ཞེས་པའི་སྲོལ་དེ་ཆོས་རྗེས་ཐོག་མར་གཏོད་པར་རེད། ད་ལྟར་བོད་ལ་བཅུ་ཕྲག་རིག་པ་ཞེས་པའི་ཐུན་མོང་དང་ཐུན་མིན་གྱི་རིག་གནས་ལ་འཆད་ཉན་དང་ལག་ལེན་བྱེད་རྒྱུ་ཡོད་པ་དེ་ཆོས་རྗེ་ས་པཎ་ཁོ་ནའི་སྐུ་དྲིན་ཡིན་པས་དེའང་བོད་ཀྱི་མཁས་པ་གཞན་ལ་མེད་པའི་ཐུན་མིན་གྱི་ཁྱད་ཆོས་རེད། ༨-༤༠

༣༽ ཁྱད་ཆོས་ཀྱི་དོན་ཚན་གསུམ་པ་དེ་གང་ཡིན་ཞེ་ན། རྒྱ་གར་གྱི་གཞུང་རང་སྟོབས་ཀྱིས་བོད་ཀྱི་སྐད་ཡིག་ཏུ་སྒྱུར་མཛད་མཁན་དེ་ཆོས་རྗེ་ས་སྐྱ་པཎྜི་ཏ་རེད།དེ་ནི་བོད་ཀྱི་ལོ་ཙཱ་སོགས་མཁས་པ་གཞན་ལ་མེད་པའི་ཁྱད་ཆོས་ཡིན། སྤྱིར་བཏང་བསྟན་པ་སྔར་དར་དང་ཕྱི་དར་གྱི་སྐབས་སུ་ལོ་ཙཱ་བ་མང་པོས་རྒྱ་ཆོས་བོད་དུ་བསྒྱུར་བ་རེད།དེ་དག་གིས་རྒྱ་ཆོས་བོད་དུ་བསྒྱུར་བའི་སྐབས་སུ་བོད་ཀྱི་ལོ་ཙཱ་བའི་ངོར་བྱས་ཏེ་རྒྱ་གར་གྱི་པཎྜི་ཏ་ཞིག་ལ་ལྟོས་ནས་བསྒྱུར་དགོས་ལ་ཆོས་རྗེས་རྒྱ་གཞུང་བོད་དུ་བསྒྱུར་བའི་ཚེར་རྒྱ་གར་གྱི་པཎྜི་ཏ་གཞན་ལ་མ་ལྟོས་པར་རང་སྟོབས་ཀྱིས་བསྒྱུར་མཛད་པས་དེ་ནི་བོད་ཀྱི་མཁས་གྲུབ་གཞན་ལ་མེད་པའི་ཐུན་མིན་གྱི་ཁྱད་ཆོས་སམ་ཡོན་ཏན་ཡིན།

༤༽ དོན་ཚན་བཞི་པ་ནི་སྤྱིར་ཆོས་རྗེ་མ་བྱོན་སྔོན་ལ་ཚད་མ་རྣམ་ངེས་སོགས་བོད་དུ་ཚད་མ་མང་པོ་དར་ཡོད་རེད།ཡིན་ནའང་ཚད་མ་རྣམ་འགྲེལ་གྱི་གཞུང་དེར་འཆད་ཉན་མཐར་ཕྱིན་པ་ཞིག་མ་བྱུང་བ་རེད།ཆོས་རྗེ་ས་སྐྱ་པཎྜི་ཏས་ཚད་མ་རྣམ་འགྲེལ་གྱི་གཞུང་དེ་བོད་སྐད་དུ་བསྒྱུར་ཏེ་འཆད་ཉན་མཛད་པར་བརྟེན་ནས་ད་ལྟར་བོད་ཀྱི་ས་དགེ་བཀའ་རྙིང་གི་གྲུབ་མཐའ་སྨྲ་བ་ཐམས་ཅད་ལ་ཐུན་མོང་དུ་འཆན་ཉན་གྱིས་ཁྱབ་པར་གྱུར་ཏེ་ང་ཚོས་ཀྱང་ཚད་མ་རྣམ་འགྲེལ་ལ་འཆད་ཉན་མཐར་ཕྱིན་བྱེད་རྒྱུ་ཡོད་པ་དེའང་ཆོས་རྗེ་ས་པཎ་ཁོ་ནའི་སྐུ་དྲིན་ཡིན་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཀྱང་ཡིན།

༥༽ ཡང་དོན་ཚན་ལྔ་པའི་ཁྱད་ཆོས་ཞུ་འདོད་པ་ནི།ཆོས་རྗེ་ས་སྐྱ་པཎྜི་ཏས་ཚད་མ་སྡེ་བདུན་མདོ་དང་བཅས་པའི་དགོངས་པ་གོང་འོག་བསྡེབས་ནས་འཆད་པའི་ཚད་མ་རིགས་པའི་གཏེར་ཞེས་བྱ་བའི་བསྟན་བཅོས་ཆེན་པོ་དེ་མཛད་ནས་ཚད་མ་རིགས་པའི་གཏེར་དེ་ཁ་ཆེ་པཎ་ཆེན་འཁོར་དང་བཅས་པས་རྒྱ་སྐད་དུ་བསྒྱུར་ཏེ་རྒྱ་གར་གྱི་གནས་སུའང་ཚད་མ་རིགས་གཏེར་གྱི་འཆད་ཉན་དེ་དར་སོང་བར་རེད།

དེ་ནི་བོད་དུ་སྔོན་ཆད་མ་བྱུང་བའི་ཐུན་མིན་གྱི་ཁྱད་ཆོས་ཡིན། ཆོས་རྗེའི་ཞལ་ནས་ཀྱང་། རྒྱ་ཆོས་བོད་དུ་བསྒྱུར་བ་མང་མོད་ཀྱང་།།བོད་ཆོས་རྒྱ་རུ་བསྒྱུར་བར་ཁོ་བོ་ཙམ།།ཞེས་གསུངས་པ་ལྟ་བུ་རེད། དེ་འདྲ་ཡིན་དུས་བོད་ཀྱི་གཞུང་རྒྱ་གར་གྱི་སྐད་དུ་བསྒྱུར་ཏེ་འཆད་ཉན་གྱི་ཚུལ་དུ་དར་སོང་བ་དེ་ནི་ཆོས་རྗེ་ས་སྐྱ་པཎྜི་ཏའི་ཚད་མ་རིགས་གཏེར་ཁོ་ན་རེད། དེ་ནི་བོད་ཀྱི་མཁས་པ་གཞན་ན་མེད་པའི་ཐུན་མིན་གྱི་ཁྱད་ཆོས་ཡིན།

༦༽ དེ་ནས་དོན་ཚན་དྲུག་པ་ཞུ་བ་ནི། ཚད་མ་རིགས་པའི་གཏེར་རྒྱ་སྐད་དུ་བསྒྱུར་ཟིན་པའི་ཚེ་ན་མུ་སྟེགས་འཕྲོག་བྱེད་དགའ་བོ་འཁོར་དང་བཅས་པས་རྒྱ་གར་ཤར་ནུབ་ཀུན་ཏུ་ནང་པའི་མཁས་པ་དང་པཎྜི་ཏ་མང་པོ་ལ་རྩད་ཅིང་རྒོལ་བས་ཚར་བཅད་དེ་ནང་པའི་བསྟན་པ་ཉམས་ནས་ཚད་མ་རིགས་གཏེར་གྱི་གཞུང་དེ་མཐོང་བའི་ཚེར་ད་བོད་ལའང་ཆོས་རྗེ་ས་པཎ་ཟེར་བ་འདི་འདྲའི་མཁས་པ་ཞིག་འདུག་ལ་འདི་ཉིད་ཚར་བཅད་དེ་ནང་པའི་བསྟན་པ་ལ་རྨ་འབྱིན་པར་བྱའོ།

སྙམ་དུ་བསམས་ཏེ་ཆོས་རྗེ་ས་པཎ་དང་རྩོད་པའི་ཆེད་དུ་རྒྱ་གར་ནས་འཁོར་དང་བཅས་པ་འོང་བའི་ཚེ་ན་རྒྱ་གར་གྱི་ས་མཚམས་མང་ཡུལ་སྐྱིད་གྲོང་ཞེས་པར་ཕེབས་པ་རེད། ཆོས་རྗེའང་ཕར་རྩོད་པའི་ཆེད་དུ་སོང་སྟེ་མུ་སྟེགས་འཕྲོག་བྱེད་དགའ་བོ་དང་རྩོད་པ་བྱས་པས་མཐར་མཁས་གྲུབ་གཉིས་ཀས་མུ་སྟེགས་འཕྲོག་བྱེད་དགའ་བོ་འཁོར་བཅས་ཚར་བཅད་དེ་ནང་པའི་བསྟན་པར་རབ་ཏུ་བྱུང་བ་མཛད་པ་རེད།དེ་ནི་ཆོས་རྗེའི་ཐུན་མིན་གྱི་རྣམ་ཐར་རེད། སྤྱིར་བཏང་བོད་ནང་ཁུལ་དུ་གྲུབ་མཐའ་སོ་སོར་དང་མཁས་པ་དག་ཕན་ཚུན་རྩོད་པའི་བགྲོ་གླེང་བྱས་པར་མང་དུ་བྱུང་ཡོད་རེད། ཡིན་ནའང་བོད་ཀྱི་མཁས་པས་ཕྱི་རོལ་མུ་སྟེགས་པའི་སྟོན་པ་ཚར་བཅད་ནས་ནང་པའི་བསྟན་པ་ལ་བཅུག་པ་དེ་ནི་ཆོས་རྗེ་ས་སྐྱ་པཎྜི་ཏ་ཁོ་ན་རེད། འདི་ལ་བསམས་པས་ཆོས་རྗེ་ས་པཎ་དེ་ལེགས་པར་སྦྱར་བ་སཾ་སྐྲྀ་ཏ་ལྷའི་སྐད་དེ་ཧ་ཅང་མཁས་པ་ཡིན་པར་གྲུབ་རེད། མུ་སྟེགས་དང་རྩོད་པ་ཉིན་དེ་ཙམ་མཛད་པ་ལ་འཕྲོག་བྱེད་དགའ་བོས་བོད་ཀྱི་སྐད་ཡིག་ནི་མི་ཤེས། ཆོས་རྗེ་ཉིད་ཀྱིས་སྐད་བསྒྱུར་ལ་མ་ལྟོས་པར་སཾ་སྐྲྀ་ཏའི་སྐད་ཀྱི་སྒོ་ནས་རྩོད་པར་བྱས་ཏེ་ཚར་བཅད་པ་ཡིན་དུས་འདི་ནི་བསམ་གྱིས་མི་ཁྱབ་པའི་ཐུན་མིན་གྱི་ཡོན་ཏན་ནམ་ཁྱད་ཆོས་རེད།

༧༽ དེ་ནས་ཆོས་རྗེའི་ཐུན་མོང་མིན་པའི་ཡོན་ཏན་གྱི་དོན་ཚན་བདུན་པ་ནི།

སྤྱིར་བཏང་རྒྱ་གར་འཕགས་ཡུལ་དུ་སྟོན་པ་སངས་རྒྱས་ཀྱི་བསྟན་པ་དེར་བཀའ་ཡི་བསྡུ་བ་དང་པོ་དང་གཉིས་པ་གསུམ་པ་ཞེས་བཀའ་བསྡུ་རིམ་པ་གསུམ་བྱུང་བ་རེད། དེ་ནས་བོད་གངས་ཅན་གྱི་ལྗོངས་ན་ཆོས་རྗེ་ས་སྐྱ་པཎྜི་ཏས་སྡོམ་པ་གསུམ་གྱི་རབ་ཏུ་དབྱེ་བའི་བསྟན་བཅོས་ཆེན་མོ་དེ་མཛད་ནས་སྤྱིར་ཐེག་པ་ཆེ་ཆུང་ཐམས་ཅད་དང་ཁྱད་པར་དུ་གསང་སྔགས་རྡོ་རྗེ་ཐེག་པའི་བསྟན་པར་ཕྱིན་ཅི་ལོག་ཏུ་གྱུར་པ་ཐམས་ཅད་ཚར་བཅད་ཅིང་སུན་ཕྱུང་སྟེ་བསྟན་པ་དག་ཐེར་མཛད་པའི་བཀའ་བསྡུ་བཞི་པར་གྲགས་པ་དེ་སྡོམ་པ་གསུམ་གྱི་རབ་ཏུ་དབྱེ་བའི་བསྟན་བཅོས་རེད། དེའང་བོད་ཀྱི་མཁས་གྲུབ་གཞན་ལ་མེད་པའི་ཐུན་མིན་གྱི་ཁྱད་ཆོས་ཡིན། 」

 

༨༽ དེའི་འོག་ཏུ་དོན་ཚན་བརྒྱད་པ་ནི། ཆོས་རྗེ་ས་པཎ་དགུང་གྲངས་༦༣ ལ་སླེབས་པའི་ཚེར་ཧོར་སེ་ཆེན་གྱི་ཚ་བོ་གོ་དན་རྒྱལ་པོས་ཧོར་ཡུལ་དུ་སྤྱན་དྲངས་པ་རེད། དེ་ཡང་ཧོར་གྱི་༼དོལ་གདའ་ནག་པོ་༽དེ་ཕོ་ཉ་མངགས་ནས་བོད་ལ་གདན་འདྲེན་འོས་པ་སུ་འདུག་བལྟས་པའི་ཚེ་ན་དོལ་གདས་གོང་བ་དཔོན་ལ་ཞུས་པར་སྡེ་ནི་བཀའ་གདམས་པ་ཆེ། ༼ངོ་སྲུང་སྟག་ལུང་མཁས། དཔལ་འབྱོར་འབྲི་གུང་ཆེ། ཆོས་ནི་ས་སྐྱ་པ་མཁས་ཞེས་ཞུས་པས་ས་སྐྱ་པཎྜི་ཏ་ཧོར་ཡུལ་དུ་གདན་དྲངས་པ་རེད། ཁོང་གདན་དྲངས་ནས་སྐད་ཡིག་དང་མི་རིགས་མི་གཅིག་པའི་གནས་སུ་ཐོག་མར་ཐེག་པ་ཆེན་པོའི་ཆོས་དར་ཞིང་རྒྱས་པར་མཛད་པ་རེད།དེ་ནི་བོད་ཀྱི་མཁས་པ་གཞན་ལ་མེད་པའི་ཐུན་མིན་གྱི་ཁྱད་ཆོས་ཡིན། ཆོས་རྗེ་མ་བྱོན་སྔོན་བོད་ཀྱི་བླ་མ་ཁ་ཤས་ཧོར་ཡུལ་དུ་ཕེབས་པ་ཡོད་རེད་དེ་ཡིན་ནའང་ཆོས་ཀྱི་སྐུ་རིང་ཙམ་མ་གཏོགས་སྤྱིར་བཏང་ཐེག་པ་ཆེན་པོའི་ཆོས་གཞུང་ལག་ལེན་དང་བཅས་དར་མེད་པ་རེད།

དེ་ལྟར་ཡིན་དུས་མི་རིགས་དང་སྐད་རིགས་མི་གཅིག་པའི་ས་གནས་སུ་ཐེག་པ་ཆེན་པོའི་ཆོས་དར་བ་མཛད་པ་དེ་ནི་ཆོས་རྗེའི་ཐུན་མོང་མིན་པའི་ཁྱད་ཆོས་ཡིན།

༩༽ དེ་ནས་དོན་མཚན་དགུ་པ་ནི། ཆོས་རྗེ་ས་སྐྱ་པཎྜི་ཏ་ཧོར་ཡུལ་དུ་ཕེབས་ནས་ཧོར་རམ་སོག་ལ་ཡི་གེ་མེད་པར་ཡི་གེ་གསར་རྩོམ་བྱས་པ་རེད། ད་ལྟར་འགྲོ་མགོན་ཆོས་རྒྱལ་འཕགས་པས་ཧོར་ཡིག་གསར་རྩོམ་མཛད་ཅེས་པ་དེ་ཧོར་ཡིག་གྲུ་བཞི་མ་དེ་རེད། ཆོས་རྗེ་ས་པཎ་གྱིས་ཡི་གེ་གསར་དུ་བརྩམས་པ་དེ་སོག་པོའི་ཡི་གེ་ད་ལྟར་སྤྱོད་བཞིན་པ་དེར་བསྒྱུར་བཅོས་ཅུང་བྱས་པ་རེད་མ་གཏོགས་ཆོས་རྗེས་བརྩམས་པའི་སོག་ཡིག་༼སྟག་ཤད་མ་ཟེར་བ་དེ་རེད།དེའང་བོད་ཀྱི་མཁས་པ་གཞན་ལ་མེད་པའི་ཐུན་མིན་གྱི་ཁྱད་ཆོས་ཡིན།འདི་ནི་བསམ་གྱིས་མི་ཁྱབ་པའི་ཡོན་ཏན་ཏེ།དཔེར་ན་ང་ཚོའི་བོད་ཡིག་གསར་རྩོམ་བྱེད་མཁན་དེ་ཐོན་མི་སཾ་བྷོ་ཊ་ཡིན་མིན་ལ་རྩོད་གཞི་དང་བཅས་པ་རེད་དེ་ཕལ་ཆེ་བས་ཐོན་མི་སཾ་བྷོ་ཊས་ང་ཚོའི་བོད་ཡིག་གསར་རྩོམ་མཛད་པ་རེད་ཅེས་བཞེད་ལ་དེ་ཡིན་ཡང་ཡིན་རྒྱུ་རེད། ཡིན་ནའང་དེ་ནི་རང་གི་མི་རིགས་ཀྱིས་རང་མི་རིགས་ལ་ཡི་གེ་གསར་དུ་བརྩམས་པ་རེད།དེ་ཁྱད་པར་དུ་འཕགས་པའི་ཡོན་ཏན་ཡིན་ན་ཡང་ཆོས་རྗེ་ས་སྐྱ་པཎྜི་ཏས་སོག་ཡིག་གསར་རྩོམ་བྱས་པ་ལ་ལྟོས་ན་དེ་ཙམ་ཧ་ལས་དགོས་པ་ཞིག་མ་རེད། གང་རེད་ཅེ་ན།ཆོས་རྗེས་མི་རིགས་གཞན་གྱི་ཡི་གེ་གསར་དུ་རྩོམ་པ་དེ་ནི་ཧ་ལས་པ་བསམ་གྱིས་མི་ཁྱབ་པ་ཞིག་ཏེ།ཡི་གེ་གསར་རྩོམ་བྱས་པའི་ཚེར་མི་རིགས་དེའི་སྐད་དང་ཐ་སྙད་ཡོངས་སུ་རྫོགས་པ་དེ་ཡི་གེ་དེའི་ཁོངས་སུ་བསྡུས་ཏེ་བརྩམས་པ་ཞིག་ཡིན་པས་ཡི་གེའི་གཟུགས་ཙམ་མིན་པ་སྐད་དང་ཐ་སྙད་ཡོངས་རྫོགས་རྗོད་བྱེད་རུང་བ་ཐམས་ཅད་ཀྱི་ནུས་པ་ཞིག་དགོས་ལ་དེ་ནི་ཧ་ལས་པའི་ཆོས་རྗེའི་ཐུན་མོང་མ་ཡིན་པའི་ཡོན་ཏན་ཡིན།

༡༠༽དེའི་ཐོག་ཏུ་དོན་མཚན་བཅུ་པར་ང་རང་ཚོའི་བོད་ལ་བཀའ་དྲིན་ཆེ་བའི་དབང་དུ་བྱས་ནའང་ཆོས་རྗེ་ས་པཎ་དེ་བོད་ཀྱི་མཁས་གྲུབ་གཞན་ལ་མེད་པའི་ཐུན་མིན་གྱི་མཛད་འཕྲིན་མངའ་བ་ཞིག་རེད། གང་ཡིན་ཞེ་ན།ཆོས་རྗེ་ས་སྐྱ་པཎྜི་ཏ་དེ་ཧོར་ཡུལ་དུ་མ་ཕེབས་ན་ང་རང་ཚོའི་བོད་ཐམས་ཅད་ལོ་བདུན་བརྒྱའི་སྔོན་ནས་ཧོར་རམ་སོག་པོའི་དབང་བསྒྱུར་དུ་སོང་བ་རེད།གལ་སྲིད་དེ་རུ་སོང་བ་ཡིན་ན་ད་ལྟར་རང་ཚོའི་མི་རིགས་འདིའི་ཡུལ་སྲོལ་གོམས་གཤིས་སྐད་ཡིག ཆོས་དང་རིག་གཞུང་ཆ་ཚང་བར་གནས་ཐུབ་མེད་པར་མངོན་སུམ་ཚད་མས་གྲུབ་པ་ལྟ་བུ་རེད། དཔེར་ན་ད་ལྟར་ལོ་ལྔ་བཅུ་ལྷག་གི་རིང་མི་རིགས་གཞན་གྱི་དབང་བསྒྱུར་འོག་ཏུ་ཐེབས་པ་ལ་རང་ཚོའི་ཆོས་དང་རིག་གནས། ཡུལ་སྲོལ་གོམས་གཤིས་རྣམས་ག་འདྲ་ཞིག་གིས་ཉམས་ཆགས་སུ་འགྲོ་དང་འགྲོ་གིན་པ་འདུག འདི་ལྟ་བུར་ཆག་བཞག་པ་ཡིན་ན་ལོ་༧༠༠ཁ་ལྷག་གི་རིང་མི་རིགས་གཞན་གྱི་དབང་བསྒྱུར་དུ་སོང་ན་བོད་ཟེར་བའི་ཆོས་དང་རིག་གནས་ཐུན་མོང་མིན་པའི་ཡུལ་སྲོལ་གོམས་གཤིས་དེ་ཚོ་གནས་ཐུབ་མིན་དེ་ད་ལྟའི་གནས་ཚུལ་ལ་དཔག་ན་ཤེས་ཐུབ་པ་རེད། དེས་ན་ཆོས་རྗེ་ས་པཎ་མཆོག་ནི་བོད་ཀྱི་ཆོས་དང་རིག་གཞུང་མི་རིགས་དེ་ལ་བསམས་ན་བོད་ཀྱི་མཁས་པ་གཞན་ལ་མེད་པའི་ཐུན་མོང་མིན་པའི་བཀའ་དྲིན་གྱི་མཛད་འཕྲིན་མངའ་བ་དེ་ལྟ་བུ་ཞིག་བསམ་ཆོག་པ་རེད། དེ་ནི་ཆོས་རྗེའི་ཐུན་མིན་མཛད་འཕྲིན་གྱི་དོན་ཚན་བཅུ་པ་ཡིན།

༡༡༽ དེ་ནས་དོན་ཚན་བཅུ་གཅིག་པ་ནི། རྟེན་འབྲེལ་གྱི་དབང་དུ་བྱས་ན་ཆོས་རྗེ་ས་སྐྱ་པཎ་ཆེན་ནི་དབུའི་གཙུག་གཏོར་དང་།ཞབས་ལ་འཁོར་ལོ།སྨིན་མཚམས་ཀྱི་མཛོད་སྤུ་ལ་སོགས་པ་དག་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཡིན་པའི་རྟགས་མཚན་ཏེ།

མཚན་དང་དཔེ་བྱད་ཀྱིས་སྐུར་བརྒྱན་པ་དེ་ནི་བོད་ཀྱི་མཁས་པ་གཞན་ལ་མེད་པའི་ཐུན་མིན་གྱི་ཁྱད་ཆོས་ཡིན། དེ་ཡིན་དུས་དེ་རིང་ཆོས་རྗེ་ས་སྐྱ་པཎྜི་ཏའི་དུས་ཆེན་ཁྱད་པར་ཅན་གྱི་སྐབས་སུ་བསོད་ནམས་ཚད་མེད་པའི་འཇུག་ངོགས་ཡིན་པར་བསམས་ཏེ་ཆོས་རྗེ་འཇམ་མགོན་བླ་མའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དོན་ཚན་བཅུ་གཅིག་ཙམ་ཞིག་ང་རང་གིས་བློ་ལ་ངེས་ཚོད་དུ་བྱས་ཤིང་ཞུས་པ་ཡིན་པས་ཚང་མས་ཐུགས་འཇགས་གནང་བར་ཞུ། ཞེས་གསུངས་སོ།། །།

གང་གི་སློབ་བུ་དམན་པ་སེང་གེ་རྒྱལ་མཚན་གྱིས་སྒྲ་ཕབ་ལས་ཇི་བཞིན་བཤུས་ཏེ་དད་གུས་མཆོད་པའི་དོད་དུ་འཇམ་མགོན་བླ་མའི་འདས་མཆོད་ཉིན་ཡི་གེར་ཕབས་གྲུབ་པར་བྱས་སོ།།

སླར་སྨྲས་པ།

ཐོ༵ས་པའི་བློ་གྲོས་རབ་རྒྱས་འཇམ་དབྱངས་ཆེན་པོ་མི་གཟུགས་བྱོན།།

བས༵མ་པའི་སྒྲོ་འདོགས་རབ་ཆོད་བསྟན་པའི་ཁུར་ཆེན་ས་པཎ་རྗེ།།

སྒོ༵མ་པའི་ཉམས་རྟོགས་རབ་རྫོགས་མཚན་དཔེའི་གཟི་བྱིན་འོད་སྟོང་འབར།།

ས་སྐྱའི་པཎ་ཆེན་དམ་པ་འཇམ་མགོན་བླ་མ་རྗེས་སུ་དྲན།།

འཆ༵ད་ཚེར་ལེགས་བཤད་རྨད་བྱུང་གཏེར་གྱི་བུམ་པས་ཡོངས་གང་བ།།

རྩོ༵ད་པས་ཕས་རྒོལ་ཟིལ་གནོན་ཀུན་གྱི་གཙུག་ན་ནམ་ཡང་རྒྱལ།།

རྩོམ་པའི་ཡང་རྩེར་སོན་ཏེ་མཁས་བླུན་ཀུན་གྱིས་རྟག་ཏུ་བསྔགས།།

ས་སྐྱའི་པཎ་ཆེན་དམ་པ་འཇམ་མགོན་བླ་མ་རྗེས་སུ་དྲན།།

མཁྱེ༵ན་པའི་དཀྱིལ་འཁོར་རབ་རྒྱས་ཤེས་བྱའི་གནས་ཀུན་ཐུགས་སུ་ཆུད།།

བ༵རྩེ་བའི་ཐུགས་རྗེས་འགྲོ་རྣམས་རྟག་ཏུ་ཉམ་ངའི་གནས་ལས་བསྐྱབས།།

ནུ༵ས་མཐུ་བསམ་མི་ཁྱབ་པས་གདུལ་བྱའི་མུན་པ་ཀུན་བསལ་བ།།

ས་སྐྱའི་པཎ་ཆེན་དམ་པ་འཇམ་མགོན་བླ་མ་རྗེས་སུ་དྲན།།

ཀུན་དགའ་རྒྱལ་མཚན་མཆོག་ལ།།

ཀུན་ཏུ་དད་པས་མཆོད་དོ།།

ཀུན་གྱིས་གསོལ་མཆོད་འབད་པས།།

ཀུན་ཀྱང་རྫོགས་བྱང་ཐོབ་ཤོག།

—–ཡི་གེ་པས་བྲིས།

དགེའོ།། དགེའོ།། དགེའོ།། །།

དཔྱད་མཆན། 2

    • དགེ་བཤེས་ལགས། བཀའ་དྲིན་ཆེ། གཟིགས་ཞིབ་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ། མུ་མཐུད་ནས་ཞིབ་བརྟག་དང་མ་དག་པ་རྣམས་དག་ཐེར་གནང་རོགས།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*