ས་སྐྱ་༸གོང་མས་བོད་ཀྱི་དགོན་སྡེ་ཁག་ལ་སྩོལ་བའི་བཀའ་སློབ།

༸ས་སྐྱ་༸གོང་མ་ཁྲི་ཆེན་རིན་པོ་ཆེ་༸ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་༷པོ་མཆོག་ལ་ཨ་མདོ་བླ་མ་གྲགས་པ་བཟང་བོས་ཞུས་ངོར་བསྩལ་བའི་བཀའ་སློབ་འོད་སྡེར་འཁོར་ལོའི་ནང་ནས་ཡིག་ཐོག་ཏུ་ཕབ་པ་བཞུགས་སོ།།

ད་རེས་འདིར་ང་ཚོའི་ཕ་ཡུལ་བོད་གངས་ཅན་གྱི་ལྗོངས་སུ་བཞུགས་པའི་རང་ལུགས་འཛིན་པའི་མཁན་པོ་བླ་སྤྲུལ། སློབ་གཉེར་བ། དགོན་པའི་ལས་བྱེད་པ།  དེ་བཞིན་དུ། དགེ་འདུན་འདུས་ཚོགས། གང་ན་སུ་བཞུགས་ཚང་མར་ཞུ་རྒྱུ་ལ། ད་རེས་བརྙན་འཕྲིན་འཁོར་ཐག་འདི་བརྒྱུད་ནས་ཚང་མར་སྙིང་ནས་མཛའ་བརྩེའི་འཚམ་འདྲི་དང་འབྲེལ་བའི་ཐོག་ནས་བཀྲ་ཤིས་པའི་སྨོན་ཚིག་ཞུ་རྒྱུ་དང་། དེ་ནས་རང་རང་སོ་སོའི་ལུང་བའི་ནང་གི་དགོན་པ་ཁག་ལ་དེ་རིང་ཁ་སང་ཕྱིའི་ཉམས་གསོ་གནང་བ་རེད། ནང་གི་སྐུ་གསུང་ཐུགས་རྟེན་གསར་བཞེངས་གནང་བ་རེད། དགེ་འདུན་གྱི་སྡེ་གསར་དུ་བཙུགས་པ་རེད། བསླབ་པ་སློབ་གཉེར་གནང་བ་རེད། དེ་བཞིན་དུ་ཆོས་སྤྱོད་ཀྱི་ཕྱག་ལས་གནང་བ་སོགས་གང་སྤྱིའི་ཐད་ནས་ཡར་རྒྱས་འགྲོ་ཡི་ཡོད་པ་དེ་ཚོ་གོ་ཐོས་བྱུང་བས་ཧ་ཅང་གི་དགའ་བོ་བྱུང་།

           ད་དུང་ཡིན་ན་ཡང་། ང་རང་ཚོ། འགྲོ་ལ་བདེ་སྐྱིད་འབྱུང་བའི་སྒོ་གཅིག་པུ། །ཀུན་མཁྱེན་རྒྱལ་བའི་བསྟན་པ་རིན་པོ་ཆེ། །ཡུལ་དུས་གནས་སྐབས་ཀུན་ཏུ་མི་ཉམས་པར། །ཕྱོགས་མཐར་དར་ཞིང་རྒྱས་པར་མཛད་དུ་གསོལ། །ཞེས་གསུངས་པ་ནང་བཞིན། འགྲོ་བ་ལྷ་དང་བཅས་པའི་ཕན་བདེ་མ་ལུས་པ་འབྱུང་བའི་གཞི་རྩ་དེ་སངས་རྒྱས་ཀྱི་བསྟན་པ་འདི་ཡིན་པ་རེད། དེ་ལྟ་བུའི་སངས་རྒྱས་ཀྱི་བསྟན་པ་དེ་ཐོག་མར་རྒྱ་གར་འཕགས་པའི་ཡུལ་དུ་བྱུང་ནས། རིམ་བཞིན་ལུང་བ་མང་བོའི་ནང་ལ་དར་ཁྱབ་བྱུང་ཡོད་པ་རེད། དེའི་ནང་ནས་ཀྱང་ང་རང་ཚོའི་བོད་གངས་ཅན་གྱི་ལྗོངས་སུ་དར་བ་ནི་ཐེག་པ་ཆེ་ཆུང་། མདོ་སྔགས། ཐུན་མོང་རིག་གནས་དང་བཅས་པ་ཆ་ཚང་བ། སྤུས་དག་པ། མཁས་པའི་རྣམ་དཔྱོད། གྲུབ་པའི་ངོ་མཚར། གང་གི་ཆ་ནས་བཤད་ཀྱང་འགྲན་གྱི་དོ་མེད་པ་དེ་ལྟ་བུ་ཞིག་བྱུང་ཡོད་པ་རེད། དེ་ལྟའི་བསྟན་པ་རིན་པོ་ཆེ་འདི། འགྲོ་བ་ཐམས་ཅད་ཀྱི་ཕན་བདེ་མ་ལུས་པ་འབྱུང་བའི་གཞི་རྩ་ཡིན་དུས། ཕྱོགས་ཐམས་ཅད་ནས་མི་ཉམས་གོང་འཕེལ། ཉམས་པ་སོར་ཆུད་དགོས་པ་དེ་ཤིན་ཏུ་ནས་ཀྱང་གལ་ཆེན་པོ་རེད། བསྟན་པའི་རྩ་བ་དེ་ཡང་དགེ་འདུན་གྱི་སྡེ་ལ་རག་ལས་ཀྱི་ཡོད་དུས། གཙོ་ཆེ་ཤོས་དགེ་འདུན་གྱི་སྡེ་རྒྱས་ཐབས། དེ་ཡང་ན་བཟའ་གྲྭ་ཆས་བཞེས་པ་ཙམ་མ་ཡིན་པར། དངོས་གནས། ཚུལ་ཁྲིམས་ངུར་སྨྲིག་གོས་མཆོག་གཙང་མ་ལ། །བསླབ་གསུམ་རིན་ཆེན་རྒྱན་གྱི་མཛེས་པར་ཤོག །ཅེས་གསུངས་པ་ནང་བཞིན། རང་རྒྱུད་བསླབ་པ་གསུམ་གྱིས་ཕྱུག་པ་གཅིག་དགོས་པ་དེ་གལ་ཆེན་པོ་འདུག །བྱས་ཙང་དེ་འདྲ་ཡིན་དུས། དགེ་འདུན་པ་ཚང་མ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ནས།  རང་རང་གི་ཁས་བླངས་པའི་སྡོམ་པ་དམ་ཚིག་ཐམས་ཅད་ཁ་ཙམ་ཚིག་ཙམ་མ་ཡིན་པར་དངོས་གནས་དྲང་གནས་ཀྱི་རྣམ་པར་དག་པ་ཞིག་སྲུང་དགོས་པ་དེ་དཔེ་མི་སྲིད་པའི་གལ་ཆེན་པོ་རེད། དེའི་ནང་ནས་ཀྱང་བསྟན་པའི་རྩ་བ་དམ་པའི་ཆོས་འདུལ་བ་རེད། དེས་ན་རང་རང་སོ་སོའི་དགེ་ཚུལ་སློང་གི་སྡོམ་པ་ཞུས་པ་དེ་གལ་ཆེན་པོ་ཡིན་དུས། དེ་འདྲ་ཡིན་དུས་ཙ་ནས། སྔོན་མེས་ཀྱི་ལོ་ཙཱ་བ་རྣམས་ཀྱི་གསུང་རྒྱུན་ལ་ཡང་བསྟན་པའི་རྩ་བ་ཡིན་པས་འདུལ་བ་སློབས། ཞེས་གསུངས་པ་རེད། རྣལ་འབྱོར་བ་རྟོགས་པ་མཐོན་པོ་དེ་འདྲ་མང་བོ་ཡོད་པ་ཡིན་ན་ཡང་། ངུར་སྨྲིག་གི་གོས་གྱོན་པའི་དགེ་འདུན་གྱི་སྡེ་མེད་ན། བསྟན་པ་རྣལ་མ་ཞིག་མི་འོང་ཞེས་གསུངས་ཡོད་པས། རབ་བྱུང་གི་སྡེ་གཙང་མ་དགོས་པ་དེ་ཧ་ཅང་གི་གལ་ཆེན་པོ་འདུག །དེ་དག་དམ་པའི་ཆོས་འདུལ་བ་ནས་བཤད་པ་ནང་བཞིན་བྱས་ནས་གང་ཐུབ་ཐུབ་གནང་དགོས་ཤིང་། དེ་ཡང་ཕྱི་ལོག་གི་འདྲ་ཆགས་ཆགས་ཙམ་མ་ཡིན་པར་དངོས་གནས་རང་རང་སོ་སོ་ལ་ཞུ་དག་བྱེད་དགོས་པ་རེད། མིའི་ངོར་འདྲ་ཆགས་བྱེད་པ་དེ་ལས་སླ་བོ་རེད།  ཡིན་ན་ཡང་བླ་མ་དཀོན་མཆོག་གི་དབུ་སྐོར་ཞུ་ཐུབ་ཀྱི་ཡོད་པ་མ་རེད། ང་རང་ཚོས་ངོ་ལྐོག་གང་འདྲ་ཞིག་བྱས་པ་ཡིན་ན་ཡང་། ཀུན་ཏུ་ཐོགས་མེད་གཟིགས་པར་མངའ། །ཞེས་གསུངས་པ་ནང་བཞིན་ང་རང་ཚོས་གང་འདྲ་ཞིག་བྱས་པ་ཡིན་ན་ཡང་། དེ་ཇི་ལྟ་བ་བཞིན་དུ་མཁྱེན་འགྲོ་ཡི་ཡོད་པ་རེད། དེས་ན་བླ་མ་དཀོན་མཆོག་གི་ཐུགས་དང་མ་ཁྲེལ་བ་ཞིག་དང་། རང་གིས་རང་ལ་ཞུ་དག་གཏོང་རྒྱུ་ཡོད་པ་ཞིག །བཏང་ཐུབ་པ་ཞིག་ཡིན་པའི་ཐོག་ནས་སྡོམ་པ་བསྲུང་རྒྱུ་དེ་གལ་ཆེན་པོ་རེད་འདུག །དེ་ནང་ནས་འདུལ་བའི་གཞུང་གི་སོ་སོར་ཐར་བའི་སྡོམ་པ་བསྲུང་རྒྱུ་དེ་དཔེ་མི་སྲིད་པའི་གལ་ཆེན་པོ་རེད། དེ་ལས་ཀྱང་རབ་བྱུང་གཙང་མ་དགོས་པ་དེ་དངོས་གནས་གལ་ཆེན་པོ་རེད། སྔོན་ཡིན་ན་ང་རང་ཚོ་སོ་སོའི་དགོན་པའི་ནང་ཡག་པོ་བྱས་ནས་བསྡད་པ་ཡིན་ན། སོ་སོར་ཕན་ཡོན་ཡོང་གི་ཡོད་པ་མ་གཏོགས། བསྟན་པ་སྤྱི་ལ་དེ་ཙམ་གྱི་ཕན་གནོད་ཡོང་གི་ཡོད་པ་མ་རེད། དེ་རིང་ཁ་སང་འཛམ་བུ་གླིང་མི་འདྲ་བ་ཆགས་ཡོད་པས། དཔེར་ན། གྲྭ་བ་གཅིག་གིས་སྡོམ་པ་ཡག་པོ་བསྲུང་བ་དང་། བསླབ་པ་སློབ་གཉེར་ཡག་པོ་མཛད་པ་ཡིན་ན། བསྟན་པ་སྤྱིའི་མཚན་ལ་སྐུལ་འདེད་ཡོང་བ་དང་། ཡང་གྲྭ་བ་གཅིག་གིས་སྤྱོད་ལམ་སྡུག་ཆགས་བྱས་པ་ཡིན་ན། བསྟན་པ་སྤྱི་ལ་མཚན་ཞབས་ཡོང་གི་འདུག  །འཛམ་བུ་གླིང་ལ་ཆོས་ལ་དད་པ་བྱེད་མཁན་ཡང་མང་བོ་ཡོད་པ་རེད། དད་པ་མི་བྱེད་མཁན་ཡང་མང་བོ་ཡོད་པ་རེད། དེ་འདྲ་ཡིན་དུས། ཁ་ཤས་ཆོས་ལ་དད་པ་ལོག་པ་དང་། ཆོས་ལ་སྐྱོན་དུ་མཐོང་བ་དེ་འདྲ་ཆགས་པ་ཡིན་ན། བསྟན་པ་སྤྱི་ལ་དཔེ་མི་སྲིད་པའི་སྐྱོན་ཆེན་པོ་རེད། དེས་ན་དེ་འདྲར་མ་སོང་བ་དངོས་གནས་སོ་སོས་རྣམ་པར་དག་པ་ཞིག་བྱས་པ་ཡིན་ན། ང་ཚོའི་དཔེ་ཆའི་ནང་གསུངས་པ་ནང་བཞིན། སྤྱོད་པ་འདུལ་བ་དང་མཐུན་པ། སྒོམ་པ་མདོ་སྡེ་དང་མཐུན་པ། བཤད་པ་མངོན་པ་དང་མཐུན་པ།  གསང་སྔགས་རྒྱུད་སྡེ་དང་མཐུན་པ། ཞེས་གསུངས་པ་དེ་བཞིན་ཡོང་རྒྱུ་དང་།  སུ་དང་སུ་ཡིན་ཡང་།  དང་བ་འདྲེན་པ་གཅིག་དང་།  ཡིད་འཕྲོག་པ་གཅིག་མ་གཏོགས་སྐྱོན་བརྗོད་བྱེད་ས་གཅིག་ཆགས་རྒྱུ་ཡོད་པ་མ་རེད། སོ་སོས་ཡག་པོ་མ་བྱས་ན། སྐྱོན་མང་བོ་ཞིག་འཛུགས་མི་ཡོང་གི་ཡོད་པས། ཆོས་གང་བྱས་པ་དེ་དངོས་གནས་རྣམ་པར་དག་པ་ཞིག་དང་། སྤུས་དག་པ་ཞིག་བྱེད་དགོས་པ་དེ་ཤིན་ཏུ་གལ་ཆེན་པོ་རེད།

                དེ་ནས་སྤྱིར་བཏང་སངས་རྒྱས་ཀྱི་བསྟན་པ་འདི། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་དོ། །ཞེས་གསུངས་པས། སངས་རྒྱས་ཀྱི་བསྟན་པ་ཟེར་བ་དེ། ང་རང་ཚོའི་བསྟན་འཛིན་དགེ་འདུན་པ་གཅིག་ནས་གཉིས་སུ་བགྲངས་པའི་ཐུགས་རྒྱུད་ན་བཞུགས་པའི་ལུང་རྟོགས་ཀྱི་བསྟན་པ་དེ་བསྟན་པ་དངོས་གནས་དེ་ཡིན་པ་རེད། དེས་ན་གང་འདྲ་བྱེད་དགོས་རེད་ཟེར་ན། ཁོ་རང་གི་ནང་དུ། དེ་འཛིན་བྱེད་པ་སྨྲ་བྱེད་དང་། །སྒྲུབ་པར་བྱེད་པ་ཁོ་ན་ཡིན། །ཞེས་གསུངས་པ་ནང་བཞིན། ལུང་རྟོགས་གཉིས་ཀྱིས་འདུས་པའི་བསྟན་པ་འདི། བཤད་སྒྲུབ་གཉིས་ཀྱི་སྒོ་ནས་འཛིན་དགོས་པར་གསུངས་པ་རེད། སྤྱིར་བཏང་ཀློག་པ་ཐོས་བསམ་གྱི་འཁོར་ལོ།  སྤོང་བ་བསམ་གཏན་གྱི་འཁོར་ལོ། བྱ་བ་ལས་ཀྱི་འཁོར་ལོ་ཞེས་ཡོད་པ་རེད། ཡིན་ན་ཡང་། གཙོ་བོ་དེ་ཐོས་བསམ་སྒོམ་གསུམ་བྱེད་རྒྱུ་དེ་གང་ལྟར་ཀློག་པ་ཐོས་བསམ་གྱི་འཁོར་ལོ་དང་། སྤོང་བ་བསམ་གཏན་གྱི་འཁོར་ལོ་གཉིས་ཀྱི་ཐོག་ནས་ལམ་བགྲོད་དགོས་ཀྱི་ཡོད་པ་རེད། བྱས་ཙང་། གང་ལྟར་དགེ་འདུན་པ་ཚོས་གཙོ་ཆེ་ཤོས་སྡོམ་པ་དམ་ཚིག་ཡག་པོ་བསྲུང་རྒྱུ་དེ་དཔེ་མི་སྲིད་པའི་གལ་ཆེན་པོ་རེད། དེ་ཡང་ཕྱི་སོ་སོར་ཐར་པའི་སྡོམ་པ་དང་། ནང་བྱང་ཆུབ་སེམས་ཀྱི་སྡོམ་པ།  གསང་བ་རིག་འཛིན་སྔགས་ཀྱི་སྡོམ་པ་སྟེ། གང་ལྟར་སྡོམ་པ་གསུམ་ཆར་ཡ་བྲལ་དུ་མ་སོང་བ། ཕྱི་རུ་ཉན་ཐོས་སྤྱོད་པས་བཟུང་། །ནང་དུ་བསྡུས་པའི་དོན་ལ་དགའ། །གསུངས་པ་བཞིན་སྡོམ་པ་གསུམ་ཆར་ཡ་བྲལ་དུ་མ་སོང་བ་ཆ་ཚང་བ་ཞིག་བསྲུང་ཐུབ་པ་བྱུང་བ་ཡིན་ན།ལམ་གྱི་གཞི་རྟེན་ལྟ་བུ་དེ་ཡག་པོ་ཞིག་ཆགས་ཀྱི་ཡོད་པ་རེད། གཞི་རྟེན་དེ་ཡག་པོ་ཆགས་པ་ཡིན་ན། དེ་ལ་བརྟེན་ནས་སྐུ་ཡོན་གང་སྤྱིའི་ཐད་ནས་ཡར་རྒྱས་གོང་འཕེལ་དུ་འགྲོ་རྒྱུའི་གཞི་ཚུགས་པ་རེད། སྤྱིར་བཏང་ཚང་མས་ཡག་པོ་གནང་གི་ཡོད་པ་རེད། ད་དུང་ཡིན་ན་ཡང་། གལ་པོ་ཆེ་ལ་ནན་ཏན་ཟེར་བ་ནང་བཞིན།  གཙོ་བོ་རབ་ཏུ་བྱུང་ཚར་བའི་རྗེས་ལ། གང་ལྟར་སྡོམ་པ་ཡག་པོ་བསྲུང་རྒྱུ་དང་། བསླབ་པ་སློབ་གཉེར་ཡག་པོ་བྱེད་རྒྱུ་དེ་གཉིས་དཔེ་མི་སྲིད་པའི་གལ་ཆེན་པོ་རེད་འདུག

               དེ་རིང་ཁ་སང་གོ་ཐོས་ལ། དགེ་འདུན་པ་གཞོན་གྲས་མང་བོ་ཞིག་དང་བོ་གྲྭ་བ་བྱས་པ་ཡིན་ན་ཡང་། ག་ལེར་ག་ལེར་དགོན་པ་ནས་མར་ཐོན་འགྲོ་མཁན་དེ་འདྲ་མང་བོ་ཡོང་གི་འདུག་ཅེས་གོ་ཐོས་བྱུང་། དེ་ནོར་འཁྲུལ་ཆེན་པོ་རེད། གང་ཡིན་ཟེར་ན། ང་རང་ཚོར་མི་ལུས་ཐོབ་ཁག་པོ། དེ་ནང་ནས་ཀྱང་ཆོས་ལྡན་གྱི་མི་ལུས་ཟེར་བ་དེ་ཤིན་ཏུ་ཐོབ་ཁག་པོ་ཡིན་པས། དེ་འདྲའི་ཆོས་ལྡན་གྱི་མི་ལུས་ཐོབ་ཚར་བའི་རྗེས་ལ། རབ་ཏུ་བྱུང་ནས་དངོས་གནས་སངས་རྒྱས་ཀྱི་སྲས་ཆགས། སངས་རྒྱས་ཀྱི་འཁོར་ནང་མའི་གྲས་སུ་ཚུད་ཚར་དུས། ཡང་གཞི་ནས་མར་ཕྱིར་འཐེན་རྒྱབ་པ་ཡིན་ན་དཔེ་མི་སྲིད་པའི་ནོར་འཁྲུལ་ཆེན་པོ་རེད། དེས་ན་དེའི་རིགས་རྩ་བ་ནས་བྱེད་རྒྱུ་ཡོད་པ་མ་རེད། རབ་ཏུ་བྱུང་ཚར་དུས་རབ་ཏུ་བྱུང་བ་ལ་བརྟེན་ནས་སྐྱེ་བ་གཏན་གྱི་བདེ་བ་ཐོབ་རྒྱུ་ཞིག་དང་། ཚེ་འདི་ལ་ཡིན་ན་ཡང་དང་བ་འདྲེན་པ་ཞིག །སོ་སོ་ལ་འདི་ཕྱི་གཉིས་ཡོད་ཟེར་བ་དེ་ཡོང་གི་ཡོད་པ་རེད། དེ་ལྟར་མ་བྱས་ན་འདི་ཕྱི་གཉིས་མེད་ཟེར་བ་དེ་ཆགས་རྒྱུ་རེད། སུ་དང་སུ་ཡིན་ཡང་རང་རང་སོ་སོ་ཡག་པོ་ཞིག་འབྱུང་ན་བསམ་པ་མ་གཏོགས། སྡུག་པོ་ཞིག་བྱེད་བསམ་པ་སུ་ལ་ཡང་ཡོད་ཀྱི་མ་རེད། ཡག་པོ་ཞིག་བྱེད་བསམ་ན། ཆོས་སྒྲུབ་རྒྱུ་དེ་གལ་ཆེན་པོ་རེད། གཏན་གྱི་བདེ་བ་དེ་ཆོས་ལ་བརྟེན་ནས་ཐོབ་དགོས་ཀྱི་ཡོད་པ་རེད། ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་དེ་ཆོས་ཉམས་ལེན་བྱས་ནས་སྒྲུབ་དགོས་ཀྱི་ཡོད་པ་རེད། དེ་བྱེད་པའང་སྤྱིར་བཏང་གང་ཟག་སུ་ཡིན་ཡང་སྒྲུབ་ཐུབ་ཀྱི་ཡོད་པ་རེད། ཡིན་ན་ཡང་རབ་ཏུ་བྱུང་བ་རྣམས་དཀྱིལ་འཁོར་ནང་མའི་གྲས་སུ་ཚུད་ཡོད་དུས། དེ་ཡང་ཤིན་ཏུ་འཐོབ་ཁག་པོ་རེད། དེ་ཐོབ་པ་བསྐལ་བ་བཟང་བོ་རེད།  ཡང་དེ་ནས་མར་ཐོན་པ་སོགས་གང་བྱུང་མང་བྱུང་བྱེད་བསྡད་པ་ཡིན་ན།  སྐྱོན་དང་ནོར་འཁྲུལ་ཆེན་པོ་རེད། དེས་ན་རབ་ཏུ་བྱུང་ཚར་བའི་རྗེས་ལ། འཕྲལ་གྱི་འདུ་འཛིན་ལྟ་བུ་ལ་དབུ་མ་འཁོར་བ།  གང་ལྟར་བདེ་བ་ནས་བདེ་བའི་ལམ་དུ་འགྲོ་རྒྱུ་ཡིན་དུས། དེ་ལ་སྐྱེ་བ་གཏན་གྱི་བདེ་བ་ཐོབ་རྒྱུའི་དགོངས་པ་བཞེས་ནས། རབ་བྱུང་མཐའ་འཁྱོངས་པ་ཞིག་བྱེད་རྒྱུ་དེ་དཔེ་མི་སྲིད་པའི་གལ་ཆེན་པོ་རེད་འདུག

                        ལོ་གཞོན་པ་རིག་པ་ཡག་པོ་ཡོད་མཁན་དེ་འདྲ་ཡིན་ན་གཞུང་ལུགས་རྒྱ་ཆེན་པོ་སློབ་སྦྱོང་བྱེད་དགོས་པ་རེད། དེ་ཡང་དབུ་ཚད་ལ་སོགས་པའི་གཞུང་ལུགས་རྒྱ་ཆེན་པོ་ལ་སློབ་སྦྱོང་བྱས་ནས་བསྟན་པ་རྒྱ་ཆེ་ས་ནས་འཛིན་ཐུབ་པའི་འགན་ཁུར་རྒྱུ་དེ་ཤིན་ཏུ་གལ་ཆེན་པོ་རེད། གང་ཡིན་ཟེར་ན། གཞུང་རྒྱ་ཆེན་པོ་ལ་སློབ་གཉེར་བྱེད་པ་དེ་མ་འོངས་པར་སོ་སོའི་ཉམས་ལེན་བྱེད་པ་ཡིན་ན་ཡང་གཞན་དང་འདྲ་ས་མེད་ལ། དེ་བཞིན་བསྟན་པ་སྤྱིའི་བྱ་བ་བྱེད་པ་དང་། འགྲོ་བའི་དོན་བྱེད་པ་ཡིན་ན་ཡང་འདྲ་ས་ཡོད་པ་མ་རེད། གཞུང་ལུགས་རྒྱ་ཆེན་པོ་ལ་སློབ་གཉེར་བྱས་པ་དེ་ཡང་གང་སར་འགོ་བཙུགས་ཙམ་བཙུགས་ཙམ་བྱས་པ་དེ་འདྲ་མ་ཡིན་པར། གང་དང་གང་བྱས་པ་ཡིན་ཡང་མཐའ་འཁྱོངས་པ་ཞིག་བྱེད་རྒྱུ་དེ་གལ་ཆེན་རེད། དེ་མ་གཏོགས། བློ་ངན་བྱེད་པ་མང་ན་ཡང་། །རྒྱུ་སྐར་བཞིན་དུ་གསལ་མི་ནུས། །ཞེས་གསུངས་པ་རེད། དེས་ན་ཆ་མ་ཚང་བ་མང་བོ་ཤེས་ན་ཡང་དེས་དེ་ཙམ་གྱི་ཕན་པ་ཡོད་པ་མ་རེད། མདོ་ཡིན་ཡང་འདྲ། སྔགས་ཡིན་ཡང་འདྲ། ཆོ་ག་ཡིན་ན་ཡང་འདྲ། རིག་གནས་ཡིན་ན་ཡང་འདྲ། གང་ལྟར་གང་ལ་སློབ་སྦྱོང་བྱས་པ་དེ་མཐའ་འཁྱོངས་པ་ཞིག་བྱེད་ཐུབ་པ་ཡིན་ན། དངོས་གནས་དྲང་གནས་རང་གཞན་ཚང་མར་ཕན་ཐོག་རྒྱ་ཆེན་པོ་ཞིག་ཡོད་རྒྱུ་རེད།  དེ་ལྟར་ཡིན་དུས་སློབ་སྦྱོང་བྱེད་དགོས་པ་རེད། ཡང་རིག་པ་དེ་ཙམ་མེད་མཁན། ལོ་ཡང་ཅུང་ཡར་སླེབས་པ་དེ་འདྲ་ཡིན་ན། གཞུང་རྒྱ་ཆེན་པོ་ལ་སློབ་གཉེར་བྱེད་མ་ཐུབ་ཀྱང་རང་རང་སོ་སོའི་སྐབས་བབ་ཀྱི་སློབ་སྦྱོང་བྱེད་རྒྱུ་དང་། ཉམས་ལེན་གང་ཐུབ་བྱེད་རྒྱུ་རེད། ཡིན་ན་ཡང་ཆོ་ག་འདོན་ཤེས་པ་ཙམ་དང་།  ཚིག་སྐྱོར་ཤེས་པ་ཙམ་མ་ཡིན་པར། དེའི་རྣམ་བཤད་དང་།འགྲེལ་བ། ལྷན་ཐབས་ལ་སོགས་པར་སློབ་སྦྱོང་བྱས་ནས། གང་ལྟར་ཉམས་ལེན་བྱེད་པ་དེ་དོན་ཤེས་ནས་ཉམས་ལེན་བྱས་པ་ཡིན་ན་ཁེ་ཆེན་པོ་ཡོད་པ་རེད། དེ་ལྟར་ཡིན་དུས། གང་ལྟར་འདིར་གལ་ཆེ་ཤོས་གཅིག་ཞུ་རྒྱུ་ལ། སྡོམ་པ་དམ་ཚིག་བསྲུང་དགོས་པ་དེ་དཔེ་མི་སྲིད་པའི་གལ་ཆེན་པོ་རེད། དེའི་ཐོག་ལ་བསླབ་པ་སློབ་གཉེར་མཛད་དགོས་པ་དེ་ཡང་གལ་ཆེན་པོ་རེད་འདུག །བསླབ་པ་སློབ་གཉེར་བྱས་ཚར་བའི་རྗེས་ལ། སློབ་གཉེར་བྱས་པའི་མཐར་ཐུག་གི་འབབ་ས་འདྲ་བོ་དེ་གང་འདྲ་ཞིག་ཏུ་བབ་དགོས་པ་རེད་ཟེར་ན། དེ་ཉམས་ལེན་བྱེད་རྒྱུ་དེ་རེད། ཆོས་གང་སློབ་སྦྱོང་བྱས་པ་དེ། སྤྱིར་བཏང་གི་ཤེས་བྱ་སློབ་སྦྱོང་བྱས་པ་འདྲ་བོ་དེ་འདྲ་མ་རེད། གང་གི་དོན་དུ་སློབ་སྦྱོང་བྱེད་དགོས་པ་རེད་ཟེར་ན། དེ་ནི་སོ་སོའི་ཉམས་ལེན་གྱིས་ཆེད་དུ་དང་། སངས་རྒྱས་ཀྱི་ཆོས་གང་དང་གང་གསུངས་པ་དེ་ཐམས་ཅད་རང་གི་སེམས་རྒྱུད་འདུལ་བྱེད་དང་། ཉམས་ལེན་བྱེད་རྒྱུའི་ཆེད་དུ་གསུངས་པ་རེད། དེས་ན་གང་སློབ་སྦྱོང་བྱས་པ་དེ་ཚོ་ཐོས་དོན་རྒྱུད་ལ་སྦྱར་ནས་ཉམས་ལེན་བྱེད་རྒྱུ་སྟེ། ཚུལ་གནས་ཐོས་དང་བསམ་གཏན་པས། །སྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཞེས་གསུངས་པ་ནང་བཞིན། གཞི་ཚུལ་ཁྲིམས་རྣམ་པར་དག་པ་ལ་གནས་པའི་ཐོག་ནས། ཐོས་བསམ་སྒོམ་གསུམ་གྱི་གོ་རིམ། རིམ་པ་བཞིན་འགྲོ་དགོས་པ་དེ་ཐེག་པ་ཆེ་ཆུང་མདོ་སྔགས་ཚང་མའི་བསྟན་པ་སྤྱིའི་སྒྲོམ་ལྟ་བུ་རེད། ཉམས་ལེན་གྱི་འདྲིལ་ས་གཙོ་བོ་དེ་སྔགས་ཀྱི་ཉམས་ལེན་གྱི་ཐོག་ལ་རེད།  གང་ཡིན་ཟེར་ན། ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་པའི་  གདམས་པ་དེ་གསང་སྔགས་རྡོ་རྗེ་ཐེག་པ། དེའི་ནང་ནས་ཀྱང་སྔགས་བླ་མེད་ཀྱི་གཞུང་ལ་མ་གཏོགས་ཡོད་པ་མ་རེད། དེས་ན་སྔགས་བླ་མེད་ཀྱི་གཞུང་ལ་ཉམས་ལེན་བྱེད་པ་སྟེ།  མཚམས་བསྙེན་སྒྲུབ་བམ་སྒྲུབ་པ་ཉམས་ལེན་བྱས་ན། གང་ལྟར་རིམ་བཞིན་བགྲོད་ཐུབ་པ་གཅིག་འབྱུང་བ་རེད། སོ་སོའི་ངོས་ནས་ཡག་པོ་ཞིག་བྱས་པ་ཡིན་ན། རང་བཞིན་གྱིས་ཆོས་བཞིན་དུ་བྱས་པ་ཡིན་ན། ཆར་བཞིན་དུ་འབབ་ཅེས་པ་ལྟ་བུ་རེད། དེས་ན་སོ་སོའི་ཉམས་ལེན་ཡག་པོ་ཞིག་བྱས་པ་ཡིན་ན། ཀུན་གྱི་བསྔགས་པ་དང་། ཀུན་གྱིས་བཀུར་བ་ཡོང་གི་རེད། དེ་ལྟར་ཡིན་དུས། རང་དོན་ཡིན་ན་ཡང་རེད། གཞན་གྱི་དོན་ཡིན་ན་ཡང་རེད། རང་གཞན་དོན་གཉིས་ལྷུན་གྲུབ་ཡོང་གི་ཡོད་པ་ཡིན་པས། ཚང་མས་དེ་བཞིན་དུ་ཐུགས་ལ་འཇགས་པ་གནང་རོགས་ཞུ་རྒྱུ་དང་། ད་དུང་ང་རང་ཚོས་བསྟན་པ་དང་དགོན་པ་སླར་གསོ་གནང་རྒྱུ་དང་། བཤད་སྒྲུབ་ཀྱི་སྡེ་གསར་དུ་འཛུགས་རྒྱུ་དེ་ཚོའི་ཐོག་ལ་དཔལ་འབྱོར་གྱིས་རྒྱབ་རྟེན་མེད་ཐབས་མེད་པ་རེད། དེ་ཡིན་དུས། དཔལ་འབྱོར་འདུ་བསྒྲུབ་བྱེད་དགོས་པ་དེ་ཡང་ལ་ཆེན་པོ་རེད། ཡིན་ན་ཡང་སྐབས་རེ་ང་རང་ཚོས་དཔལ་འབྱོར་བསྡུ་རུབ་བྱེད་རྒྱུ་དེ་ཧ་ཅང་གི་གལ་ཆེན་པོ་ཆགས་ནས། བསྟན་པ་ལས་ཀྱང་དཔལ་འབྱོར་བསྡུ་རུབ་བྱེད་རྒྱུ་གལ་ཆེན་པོ་ཆགས་ཤིང་། སྐབས་རེ་དཔལ་འབྱོར་བསྡུ་རུབ་ཀྱི་ཆེད་དུ་བསྟན་པ་ཡང་བློས་གཏོང་གི་ཡོད་པའི་བཟོ་འདྲ་བོ་ཡོང་གྲབ་ཡོང་གྲབ་བྱེད་ཀྱི་ཡོད་པ་རེད། དེ་འདྲ་བྱས་པ་ཡིན་ན་རྩ་བ་ནས་འགྲིག་གི་མ་རེད། ང་ཚོས་བསྟན་པ་སླར་གསོ་བྱེད་ རྒྱུ་དེ། གཙོ་ཆེ་ཤོས་སངས་རྒྱས་ཀྱི་བསྟན་པ་རྩ་ཆེན་རེད། རང་གཞན་ཐམས་ཅད་ཀྱི་ཕན་བདེ་མ་ལུས་པའི་འབྱུང་རྩ་སངས་རྒྱས་ཀྱི་བསྟན་པ་རེད་ཅེས། ཁ་ནས་བཤད་པ་ཙམ་མ་ཡིན་པར་དོན་དངོས་ཀྱི་ཐོག་ལའང་ཡིན་པ་རེད། དེ་ཡིན་པའི་རྒྱུ་མཚན་གང་རེད་ཟེར་ན། དེ་རིང་ཁ་སང་ཕྱི་རྒྱལ་གྱི་ཕྱི་དངོས་པོའི་ཡར་རྒྱས་ཆེན་པོ་ཕྱིན་ཡོད་པའི་ལུང་བ་དེ་ཚོར་ཡིན་ན་ཡང་། སྤྱིར་ཆོས་ཟེར་བ་འདི་མི་སྤྱི་ལ་དགོས་རྒྱུ་གལ་ཆེན་པོ་ཡིན་པ་དང་། དེའི་ནང་ནས་ཀྱང་འཛམ་གླིང་ལ་ཆོས་མང་བོ་ཡོད་པ་རེད་དེ།ནང་བ་སངས་རྒྱས་པའི་ཆོས་ང་རང་ཚོ་བོད་ཀྱི་ནང་ལ་དར་བའི་ཆོས་དེ་གཞུང་གཙང་མ་དང་། སྤུས་དག་པོ། རྩ་ཆེན་པོ་རེད་ཟེར་བ་ཙམ་མ་ཡིན་པར།  རིག་པའི་ལམ་ནས་དྲངས་ཏེ་བསྒྲུབས་ཡོད་པ་ཞིག་ཡིན་དུས། ཕྱི་ཚན་རིག་ལ་ཡར་རྒྱས་ཆེན་པོ་ཕྱིན་ཡོད་པའི་མི་དེ་ཚོ་ཡིན་ན་ཡང་། ནང་པའི་ཆོས་འདི་གཞན་དང་མི་འདྲ་བ་ཞིག་ཡོད་པ་མཐོང་ནས་དད་པ་དང་། དག་སྣང་། དོན་གཉེར། ཉམས་ཞིབ་བྱེད་མཁན་ཉིན་རེ་ནས་ཉིན་རེ་བཞིན་མང་དུ་འགྲོ་ཡི་ཡོད་པ་རེད། དེས་ན་ཕྱི་ཕྱོགས་ཀྱི་མི་ཚོས་ཀྱང་དེ་ཙམ་གྱི་དོ་སྣང་བྱེད་དུས། ང་རང་ཚོ་ཡིན་ན་གཞན་ལ་སྐྱབས་འཇུག་ཞུ་མི་དགོས་པར། ང་རང་ཚོའི་སྔོན་བྱོན་གྱི་ཆོས་རྒྱལ་རྣམས་རེད། དེ་ག་ནང་བཞིན་ལོ་པཎ་རྣམས་ཀྱི་ཐུགས་རྗེའི་བཀའ་དྲིན་ལ་བརྟེན་ནས། བོད་ལ་དངོས་གནས་དྲང་གནས་ཀྱི་བསྟན་པ་རྣམ་པར་དག་པ་ཞིག་ཡོད་པ་འདི་བསྲུང་སྐྱོབ། མི་ཉམས་གོང་འཕེལ། ཉམས་པ་སོར་ཆུད་བྱེད་དགོས་པ་དེ་དཔེ་མི་སྲིད་པའི་གལ་ཆེན་པོ་རེད། དེ་བྱེད་པ་ལ་དཔལ་འབྱོར་གྱི་བསྡུ་རུབ་བྱེད་པ་དེ་ཆོས་དང་མཐུན་པ་ཞིག་དགོས་པ་རེད་མ་གཏོགས། ཆོས་དང་མི་མཐུན་པའི་དཔལ་འབྱོར་གྱི་བསྡུ་རུབ་རྒྱ་ཆེན་པོ་ཞིག་བྱས་པ་ཡིན་ན་ཡང་བསྟན་པ་སྤེལ་རྒྱུའི་ཆ་རྐྱེན་དུ་ཆགས་ཀྱི་ཡོད་པ་མ་རེད། དེ་བསྟན་པ་བཤིག་རྒྱུའི་ཆ་རྐྱེན་དུ་འགྱུར་གྱི་ཡོད་པ་རེད། དེ་ལྟར་ན་བསྟན་པ་བཤིག་གི་ཡོད་པ་རེད་མ་གཏོགས་བསྟན་པ་གསོ་ཡི་ཡོད་པ་མ་རེད། དེས་ན། གོ་མ་ལོག་པར་བྱ་བ་གང་དང་གང་ཡིན་ན་ཡང་ཆོས་དང་མཐུན་པ་ཞིག་དགོས་རྒྱུ་དེ་དཔེ་མི་སྲིད་པའི་གལ་ཆེན་པོ་འདུག །ད་དགེ་འདུན་པ་ཚོ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ནས་གཙོ་བོ་དགོན་པའི་ནང་དུ་བཞུགས་པའི་ཐོག །སྒྲིག་ལམ་ཀུན་སྤྱོད་བསྲུང་རྒྱུ་དང་། བསླབ་པ་སློབ་གཉེར་གནང་རྒྱུ། མཚམས་བསྙེན་སྒྲུབ་བྱེད་རྒྱུ། གོང་དུ་ཞུས་པ་བཞིན་གཙོ་བོ་ཉམས་ལེན་བྱེད་ས་དེ་གསང་སྔགས་དང་འབྲེལ་ནས་འགྲོ་ཡི་ཡོད་དུས། ཆོ་ག་ཕྱག་ལེན་གྱི་རིམ་པ་དེ་ཚོ་ཡང་གལ་ཆེན་པོ་རེད་འདུག །དེ་དག་ཀྱང་གང་བྱུང་བྱུང་ལྟ་བུ་མ་ཡིན་པར། རྒྱུད་དང་སྔོན་བྱོན་བླ་མ་གོང་མ་རྣམས་ཀྱི་གསུང་དང་མཐུན་པ། གདན་ས་ཆེ་ས་རེད། རང་རང་གི་ཁུངས་གཏུགས་ས་འདྲ་པོ་གང་དུ་ཡིན་ཡང་།དེ་དག་གི་སྔོན་བྱོན་བླ་མ་གོང་མས་མཛད་པ་ཇི་ལྟར་ཡོད་པ་བཞིན་གང་བྱུང་མང་བྱུང་མ་ཡིན་པར་ཆོ་ག་ཕྱག་ལེན་རྣམས་སྤུས་དག་པ།  ཚད་དང་ལྡན་པ་ཞིག་དགོས་པ་དེ་གལ་ཆེན་པོ་རེད་འདུག །གང་ལྟར་བསྟན་པ་མི་ཉམས་གོང་འཕེལ་དང་། ཉམས་པ་སོར་ཆུད་དགོས་པ། དེའི་ནང་ནས་གལ་ཆེ་ཤོས་ཤིག་ལ་ཚང་མས་ཐུགས་མཐུན་ཁྲིམས་གཙང་དགོས་རྒྱུ་དེ་དཔེ་མི་སྲིད་པའི་གལ་ཆེན་པོ་རེད། གང་ཡིན་ཟེར་ན། ང་ཚོ་ཚང་མར་དམིགས་ཡུལ་གཅིག་མ་གཏོགས་ཡོད་པ་མ་རེད། དམིགས་ཡུལ་གཅིག་པུ་དེ་གང་རེད་ཟེར་ན། སངས་རྒྱས་ཀྱི་བསྟན་པ་རྒྱས་པ་ཞིག་དང་འགྲོ་བ་ཐམས་ཅད་ལ་ཕན་བདེ་བསྐྲུན་རྒྱུ་གཅིག་ལ་ཚང་མས་ཞལ་ནས་སྨོན་ལམ་གསུང་གི་ཡོད་པ་རེད། ཞལ་ནས་གསུངས་པ་ནང་བཞིན་ཁོག་ནས་དེ་བཞིན་དུ་དྲན་པའི་སྒོ་ནས་ལག་ལེན་ལྟར་དགོས་ཀྱི་ཡོད་པ་རེད། རེ་འགའ་རྒན་གཞོན་ཕན་ཚུན་བར་ལ་ཅུང་ཟད་མི་བདེ་བ་ཡོང་སྲིད་ནའང་ཚང་མའི་དམིགས་ཡུལ་གཅིག་ཡིན་དུས་ཐུགས་མཐུན་ཁྲིམས་གཙང་གནང་དགོས་རྒྱུ་དེ་གལ་ཆེན་པོ་རེད་འདུག །དགོན་པའི་ནང་དུ་ཐུགས་མཐུན་ཁྲིམས་གཙང་མ་བྱུང་བ་ཡིན་ན། ང་ཚོའི་ཆོས་ཕྱོགས་ནས་བྱས་པ་ཡིན་ན། དམ་ཚིག་གཙང་མ་མེད་ན། འབད་བརྩོན་ག་ཚོད་བྱས་ཀྱང་ཉམས་དང་རྟོགས་པ་མི་སྐྱེ་བ་དང་། ས་ལམ་རིམ་བཞིན་གོང་ནས་གོང་དུ་འགྲོ་བ་དཀའ་ལས་ཁག་པོ་རེད། དམ་ཚིག་གཙང་མ་ཡོད་པ་ཡིན་ན། ཉམས་དང་རྟོགས་པ་སྐྱེ་བ་དང་ས་ལམ་གྱི་རིམ་པ་བགྲོད་རྒྱུ་ལ་ཡང་ཁྱད་པར་ཡོད་པ་རེད། དེས་ན་ཚང་མས་ཐུགས་མཐུན་ཁྲིམས་གཙང་གནང་དགོས་པ་དེ་གལ་ཆེན་པོ་རེད་འདུག །དགོན་པ་གཅིག་གི་ནང་ཡིན་ན་ཡང་། དགེ་འདུན་བགྲེས་གཞོན་ག་རེ་ཡིན་ན་ཡང་འདྲ། བླ་མ་དང་དགེ་འདུན་པའི་བར་ལ་ཡིན་ན་ཡང་འདྲ། དགེ་རྒན་དང་དགེ་ཕྲུག་གི་བར་ལ་ཡིན་ན་ ཡང་འདྲ། དགོན་པ་ཕན་ཚུན་བར་ལ་ཡིན་ན་ཡང་འདྲ། ཚང་མ་ཐུགས་མཐུན་དམ་གཙང་དགོས་པ་དེ་དཔེ་མི་སྲིད་པའི་གལ་ཆེན་པོ་རེད་འདུག །དེ་དང་ཕྱོགས་མཚུངས་ཀྱི་ང་རང་ཚོ་བོད་གངས་ཅན་གྱི་ལྗོངས་སུ་དར་བའི་ས་དགེ་བཀའ་རྙིང་གི་གྲུབ་མཐའ་མི་འདྲ་བ་ཡོད་པ་དེ་ཚོ་ཚང་མའི་རྩ་བའི་འབྱུང་ཁུངས་སྟོན་པ་ཐུགས་རྗེ་ཅན་གཅིག་གི་བདག་རྐྱེན་ཐུགས་རྗེ་ལས་བྱུང་བ་ཤ་སྟག་རེད། ཚང་མའི་མགོ་སེམས་བསྐྱེད་ནས་མདོ་སྔགས་ཟུང་འབྲེལ་གྱི་ལམ་ཉམས་སུ་ལེན་ཚུལ་དང་། མཐའ་མངོན་པར་རྫོགས་པའི་སངས་རྒྱས་ཀྱི་འབྲས་བུ་ཐོབ་རྒྱུ་ལ་ཁྱད་པར་རྩ་བ་ནས་ཡོད་པ་མ་རེད། བརྒྱུད་པ་རིམ་པའི་ཐོག་མ་ཆུ་མགོ་གངས་ལ་ཐུག་ས་རྒྱ་གར་འཕགས་པའི་ཡུལ་གྱི་པཎ་གྲུབ་དེ་ཚོ་རེད། ཁྱད་པར་ག་རེ་ཡོད་པ་རེད་ཟེར་ན། བར་དུ་བརྒྱུད་པའི་རིམ་པ་ཡོང་སའི་ལོ་ཙཱ་བའི་ཁྱད་པར་ཅུང་ཟད་མི་འདྲ་བ་ཏོག་ཙམ་ཡོང་བ་དེ་རེད། ཡིན་ན་ཡང་གདུལ་བྱ་སོ་སོའི་ངོ་ལ་ལྷ་འགའ་ཞིག་ཞི་བ་དང་། འགའ་ཞིག་དྲག་པོ། འགའ་ཞིག་ཞལ་ཕྱག་མང་པོ། འགའ་ཞིག་ཞལ་གཅིག་ཕྱག་གཉིས་པ་སོགས་འདྲ་མིན་ཡོད་པ་དེ་ནང་བཞིན། གདུལ་བྱའི་ངོ་ལ་བརྒྱུད་པའི་རིམ་པ་མི་འདྲ་བ་ཅུང་ཟད་བྱུང་བ་རེད། རྩལ་བཏོན་ཕྱོགས་ཀྱི་ཐོག་ནས་ཅུང་ཟད་མི་འདྲ་བ། འགའ་ཞིག་གིས་བཤད་པ་རྩལ་དུ་བཏོན་པ་དང་། འགའ་ཞིག་གིས་སྒྲུབ་པ་རྩལ་དུ་བཏོན་པ་ཙམ་ཡོད་པ་མ་གཏོགས། རྩ་བའི་ཆ་ནས་སྟོན་པ་ཐུགས་རྗེ་ཅན་གཅིག་གི་བདག་རྐྱེན་ཕྲིན་ལས་ལས་བྱུང་བ་ཤ་སྟག་རེད། དེ་ལྟར་ཡིན་དུས་ཆོས་བརྒྱུད་ཚང་མ་ལ་ཐུགས་མཐུན་དམ་གཙང་ཡོང་རྒྱུ་དང་། ཆོས་བརྒྱུད་ཚང་མ་ལ་དད་པ་དག་སྣང་བྱེད་རྒྱུ་དེ་གལ་ཆེན་པོ་རེད། ཡིན་ན་ཡང་མི་གཅིག་གི་ཆོས་བརྒྱུད་ཚང་མ་ཉམས་ལེན་བྱེད་རྒྱུ་ཟེར་བ་དེ་དཀའ་ལས་ཁག་པོ་མ་ཟད། རང་རང་སོ་སོའི་ཆོས་ལུགས་ཆ་ཚང་བའམ་ཐམས་ཅད་ཉམས་སུ་ལེན་རྒྱུ་དེ་ཡང་ཁག་པོ་རེད། དེ་འདྲ་ཡིན་དུས་མི་གཅིག་གི་ཆོས་བརྒྱུད་ཚང་མ་ཉམས་སུ་ལེན་པ་དེ་ཡོང་གི་མ་རེད། ཡིན་ན་ཡང་རང་རང་སོ་སོའི་ཆོས་བརྒྱུད་ཀྱི་ཆོ་ག་ག་རེ་ཡིན་ཡང་ལས་དང་སྨོན་ལམ་གྱི་འབྲེལ་བ། མེ་ཏོག་གང་ལ་འཕོག་པའི་ལྷ་སྐལ་དེ་ཉིད་རྩ་བར་བཟུང་ནས། ཆོས་བརྒྱུད་ཐམས་ཅད་ལ་དད་པ་དག་སྣང་བྱེད་རྒྱུ་དེ་དཔེ་མི་སྲིད་པའི་གལ་ཆེན་པོ་རེད། དཔེར་ན་སྔོན་བྱོན་པའི་སྐྱེས་ཆེན་རྣམས་དང་། ཕྱིས་སུ་བྱོན་པའི་འཇམ་དབྱངས་མཁྱེན་བརྩེ་དབང་པོ་རེད། འཇམ་མགོན་བློ་གཏེར་དབང་པོ་རེད། འཇམ་མགོན་བློ་གྲོས་མཐའ་ཡས་རེད། གཏེར་ཆེན་མཆོག་གྱུར་གླིང་པ་རེད། ཁོང་རྣམ་པས་དངོས་གནས་རིས་སུ་མ་ཕྱེ་བའི་བསྟན་པ་ལ་ཐུགས་ཁུར་ཆེན་པོ་བཞེས་ནས། རིས་སུ་མ་ཕྱེ་བའི་བསྟན་པ་ཚང་མའི་གདམས་པ་ཉམས་ལེན་ཐམས་ཅད་ཕྱོགས་གཅིག་ཏུ་བསྒྲིགས་གནང་བ་དང་། གཞན་ལ་འཆད་སྤེལ་གནང་བ་སོགས་གང་སྤྱིའི་ཐད་ནས་དངོས་གནས་བཀའ་དྲིན་བསམ་གྱིས་མི་ཁྱབ་པ། ཟ་མ་དང་མ་སོང་ན། ཟས་ཆོག་ཆོག །འཐུང་ཆོག་ཆོག་བྱས་ཏེ་མར་གནང་ཡོད་པ་དེ་འདྲའི་རྗེས་སུ་བསླབ་ནས་རིས་སུ་མ་ཕྱེ་བའི་བསྟན་པ་ཚང་མ་ལ་དད་པ་དང་དག་སྣང་། ཐུགས་མཐུན་དམ་གཙང་གནང་རྒྱུ་དེ་གལ་ཆེན་པོ་འདུག །གོང་ནས་ཞུས་པ་ནང་བཞིན་དགེ་འདུན་པ་རྣམས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ནས་དགོན་པའི་ནང་ལ་བཞུགས་མཁན་ཚོས། གཙོ་བོ་ཆོས་ཕྱོགས་ལ་ཉམས་ལེན་གནང་བ་རེད་མ་གཏོགས། སྤྱིར་བྱ་བ་ལས་ཀྱི་འཁོར་ལོ་གསུངས་ཡོད་ན་ཡང་། ཆོས་ཕྱོགས་ལ་ཕྱག་ལས་གནང་བ་མ་གཏོགས། དེ་མིན་གྱི་བྱ་བ་གང་ཡང་ཡོད་པ་མ་ཡིན། དགེ་འདུན་པ་རྣམས་དོན་ཉུང་བ། བྱ་བ་ཉུང་བ། དེས་ན་གཙོ་བོ་འདུལ་བ་ཉམས་ལེན་གནང་རྒྱུ་དང་། དེ་བཞིན་བསྟན་པ་སྤེལ་རྒྱུའི་ཆ་རྐྱེན་བསྒྲུབ་པའི་ཆེད་དུ་ཆོས་དང་མཐུན་པའི་བྱ་བ་ག་རེ་གནང་དགོས་ཡོད་ཀྱང་། གང་ལ་གང་འོས་སྐབས་བབ་སོ་སོར་དགོངས་པ་བཞེས་ནས་གནང་རྒྱུ་མ་གཏོགས། དེ་མིན་གྱི་བྱ་བ་མང་པོ་བྱས་ན་ཡག་པོ་ཡོད་པ་མ་རེད། གཙོ་བོ་རང་རང་སོ་སོའི་ཆོས་ཀྱི་ཉམས་ལེན་དེ་དངོས་གནས་ཚད་ལོན་པ་ཞིག་དང་། སྤུས་དག་པ་ཞིག་དགོས་པ་རེད། གཙུག་ལག་ཁང་བཞེངས་རྒྱུ་རེད། སྐུ་གསུང་ཐུགས་བརྟེན་བཞེངས་རྒྱུ་རེད། དེ་བཞིན་ཕྱག་རྒྱ་ཆོས་སྤྱོད་སྦྱོང་རྒྱུ་རེད། དེ་ཚོ་སྤྱིར་བཏང་གི་བསྟན་པ་སྤེལ་རྒྱུའི་ཆ་རྐྱེན་གལ་ཆེན་པོ་རེད་དེ། གཙུག་ལག་ཁང་བཞེངས་པ་གཅིག་པུས་བསྟན་པ་འཛིན་ཐུབ་ཀྱི་ཡོད་པ་མ་རེད། སྐུ་གསུང་ཐུགས་རྟེན་བཞེངས་པ་གཅིག་པུས་བསྟན་པ་འཛིན་ཐུབ་ཀྱི་ཡོད་པ་མ་རེད། བསྟན་པ་དེ་དགེ་འདུན་པ་གཅིག་ནས་གཉིས་སུ་བགྲངས་པས་སྡོམ་པ་བསྲུང་རྒྱུ་དང་། ཆོས་སྤྱོད་ཉམས་ལེན་བྱེད་པ། ཐོས་བསམ་སྒོམ་གསུམ་བྱེད་པ་དེ་དག་བསྟན་པ་ངོ་མ་དེ་ཡིན་པ་རེད། དེས་ན་གལ་ཆེ་ཆུང་དེར་གོ་ལོག་ནས། ཚང་མས་ཕྱིའི་སྤྲོས་པ་བྱེད་རྒྱུ་དེ་གལ་ཆེ་ཤོས་འདྲ་པོ་ཆགས། གཙོ་ཆེ་བའི་བསྟན་པ་དངོས་གནས་དེ་མེད་པར་ཆགས་པའི་ཉེན་ཁ་ཡོད་པ་རེད། དེ་འདྲ་ཡིན་དུས། གལ་ཆེ་ཆུང་དེ་གོ་མ་ལོག་པ་གཅིག་དང་། ང་རང་ཚོ་སོ་སོའི་རྒྱུད་ལ་བསྟན་པ་རྣམ་པར་དག་པ་དེ་གང་ཐུབ་ཐུབ་དང་། གང་སྤུས་དག་དག་གཅིག་ཡོང་རྒྱུ་ལ་ཚང་མས་འབད་བརྩོན་གནང་བ་ཡིན་ན། དེ་ལ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་རྣམས་ཀྱིས་ཀྱང་རང་བཞིན་གྱིས་སྡོང་གྲོགས་དང་ཕྲིན་ལས་གནང་གི་རེད། སོ་སོའི་བྱེད་རྒྱུ་དེ་ཡག་པོ་མ་བྱས་པར། ད་དུང་ལྷ་མཁའ་འགྲོ་ཆོས་སྐྱོང་རྣམས་ཀྱིས་བསྲུང་སྐྱོང་གནང་གི་མི་འདུག་ཅེས་བཤད་སྡད་པ་ཡིན་ན་ཡོང་རྒྱུ་ཡོད་པ་མ་རེད། སོ་སོས་ཆོས་རྣམ་པར་དག་པ་ཞིག་བྱས་པ་ཡིན་ན། ཆོས་བཞིན་སྒྲུབ་པར་བྱེད་པའི་གང་ཟག་ལ། ། བར་ཆད་བསྲུང་ཞིང་སྐྱོང་བར་ཞལ་བཞེས་པའི། །ཞེས་གསུངས་པ་ནང་བཞིན། ཆོས་བཞིན་སྒྲུབ་པར་བྱེད་མཁན་ཡིན་ན། ཕྲིན་བཅོལ་སོགས་དེ་ཙམ་མང་བོ་གཏོང་རྒྱུ་མ་བྱུང་ཡང་། ཆོས་བཞིན་སྒྲུབ་མཁན་གྱི་གང་ཟག་ལ་ཆོས་སྐྱོང་སྲུང་མ་རྣམས་ཀྱིས་ཀྱང་དུས་དང་རྣམ་པ་ཀུན་ཏུ་ཕྲིན་ལས་དང་། སྡོང་གྲོགས་གནང་དང་གནང་བཞིན་པ་ཡིན་པ་རེད། ད་ལྟའི་དུས་སྐབས་འདི། དུས་སྐབས་གཞན་དང་མི་འདྲ་བ་ཞིག་ཆག་ཡོད་པ་རེད། གང་ཡིན་ཟེར་ན། སོ་སོས་ཡག་པོ་བྱས་པ་ཡིན་ན། སོ་སོ་གཅིག་པུའི་མི་ཚད་སངས་རྒྱས་ཀྱི་བསྟན་པ་སྤྱི་ལ་ཡང་ཕན་ཐོག་རྒྱ་ཆེན་པོ་ཡོང་བ་དང་། སངས་རྒྱས་ཀྱི་བསྟན་པ་གཅིག་གི་མཚན་ལ་ཡང་སྐུལ་འདེད་ཡོང་ཐུབ་གྱི་ཡོད་པ་རེད། སོ་སོས་ཡག་པོ་མ་བྱས་པ་ཡིན་ན། སངས་རྒྱས་ཀྱི་བསྟན་པ་གཅིག་གི་མཚན་སྙན་མེད་མཛད་པ་དང་། སངས་རྒྱས་ཀྱི་བསྟན་པ་ལ་གནོད་པ་ཞིག་ཆགས་ཀྱི་ཡོད་པ་རེད། དེ་ལྟར་ཡིན་དུས། ཚང་མས་དེ་འདྲའི་དགེ་མཚན་དང་ཉེས་དམིགས་ལ་དགོངས་པ་བཞེས་ནས། ཉེས་དམིགས་མི་གསོག་པ་དང་། དགེ་མཚན་ཐོན་རྒྱུ་གཅིག་ལ་ཀུན་གྱི་དགོངས་པ་བཞེས་ནས་ཐུགས་ཁུར་རྒྱ་མི་ཆུང་བ་ཞིག་གནང་རོགས་ཞེས་ཞུ་རྒྱུ་ཡིན། ང་ཚོ་རྒྱ་གར་དུ་ཡོད་མཁན་ཚོ་དང་། ཕྱི་རྒྱལ་དུ་ཡོད་མཁན་ཚོས་ཀྱང་། གང་ཐུབ་ཐུབ་ཀྱི་བསྟན་པ་སྤེལ་རྒྱུར་འབད་བརྩོན་བྱེད་ཀྱི་ཡོད།ཡིན་ན་ཡང་གཙོ་བོ་ང་རང་ཚོའི་ཕ་ཡུལ་བོད་གངས་ཅན་གྱི་ལྗོངས་དེ་ཆུ་མིག་གམ་ཆུ་མགོ་ལྟ་བུ་ཡོད་ས་དེ་རེད། སོ་སོའི་ཕ་ཡུལ་རེད། དེ་འདྲ་ཡིན་དུས། གཙོ་བོ་བསྟན་པ་སྤེལ་ས་དེ་སོ་སོའི་ཕ་ཡུལ་རེད། དེར་ཡར་རྒྱས་འགྲོ་དགོས་ཀྱི་རེད་ཅེས་ངས་རྒྱུན་དུ་བཤད་ཀྱི་ཡོད། བཤད་པ་ཙམ་དུ་མ་ཟད་བསམ་བློའི་ཐོག་ནས་ཀྱང་ནུས་པ་འདྲིལ་ས་དེ་ང་རང་ཚོའི་ཕ་ཡུལ་བོད་རང་ལ་ཡར་རྒྱས་གོང་འཕེལ་ཡོང་བ་ཞིག་དང་། ལུང་པར་བདེ་སྐྱིད་ཡོང་བ་གཅིག །བསྟན་པ་དར་བཞིན་རྒྱས་པ་ཡོང་བ་གཅིག་གི་དམིགས་ཡུལ་གྱི་བསམ་པ་བཟང་པོ་དེ་བྱེད་ཀྱིན་ཡོད། དེ་འདྲ་ཡིན་དུས། དེར་བཞུགས་ཚང་མས་ཐུགས་ཁུར་རྒྱ་མི་ཆུང་བ་གནང་རོགས་ཞེས་ཞུ་རྒྱུ་དང་། ང་རང་ཚོའི་ངོས་ནས་ཀྱང་དེར་བཞུགས་ཐམས་ཅད་ཀྱི་སྐུ་བགེགས་བར་ཆད་རིང་དུ་ཞི་ནས་མཐུན་རྐྱེན་ལེགས་ཚོགས་གོང་འཕེལ། སངས་རྒྱས་བསྟན་པ་ཕྱོགས་ཀུན་ནས་དར་བ་དང་། འགྲོ་ཀུན་བདེ་སྐྱིད་ཀྱི་དཔལ་ལ་སྤྱོད་པའི་སྨོན་ལམ་ཞུ་ཡ་ཡོད། ཐུགས་རྗེ་ཆེ།

 

   ༸ས་སྐྱའི་ཁྲི་རབས་ཞེ་གཅིག་པ་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་༸ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་ཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་མཆོག་ལ་ཨ་མདོ་བླ་མ་གྲགས་པ་བཟང་པོས་ཞུས་ངོར་སྩལ་བའི་བཀའ་སློབ་འདི་ནི། ས་སྐྱ་ཀུན་དགའ་བསྟན་འཛིན་དུ་འབོད་པས་འོད་སྡེར་འཁོར་ལོའི་ནང་ནས་ཡིག་ཐོག་ཏུ་ཕབ་པའོ།།

གསེར་ཐང་རྩོམ་རིག་དགའ་ཚལ་གྱི་འཕྲིན་སྟེགས་ལས་བཏུས།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*