དེ་བཞིན་གཤེགས་པ་དྲི་མ་མེད་པའི་དཔལ་ལ་བསྟོད་པ།

འཇིག་རྟེན་སྐྱོང་བ་ཚོགས་ལས་རྣམ་པར་རྒྱལ་བ་དེ་བཞིན་གཤེགས་པ་དྲི་མ་མེད་པའི་དཔལ་ལ་བསྟོད་པ་མ་དད་པ་རྣམ་པར་འཇོམས་ཤིང་དད་པའི་གནས་སྟོན་པ་ཞེས་བྱ་བ།

རྩོམ་པ་པོ། སྟག་ལྗོངས་འཆི་མེད།

ཐིག་ལེ་དྲུག་པ་རྣ་བ་བརྒྱད་པ་དང་། །སྤྲིན་ལ་ཞོན་སོགས་གྲགས་པའི་མུ་ཁྱུད་ཅན། །

འཇིག་རྟེན་གསུམ་ན་རྒྱུ་བའི་ལེགས་བྲེས་ཚོགས། །མཐུ་དང་སྤྱོད་པ་ཡོད་དམ་མེད་ཀྱང་རུང་། །

རྟོག་དཔྱོད་བློ་ཡིས་ཞིབ་ཞིབ་མི་བགྱིད་དེ། །དེ་དག་གིས་ཀྱང་སོ་སོའི་ཆ་ལུགས་རྣམས། །

བཞི་མདོའི་རྩྭ་བཞིན་འདོར་བ་བྱས་ནས་ནི། །ཁྱེད་ཀྱི་རྗེས་སུ་འཚང་བ་འདི་ཁོ་ནས། །

ངེད་ཅག་ཤིན་ཏུ་དད་པའི་གནས་དྲངས་ནས། །གྲོང་ཁྱེར་གསུམ་རྩེགས་འཇོམས་པར་ཡ་མ་མཚན། །

འཐབ་དཀའི་རིགས་རྣམས་བརླག་པར་སེམས་མ་དད། །མདུང་ཐུང་ཐོགས་པའི་སྤྱོད་པ་མ་སྤྱད་པར། །

དགྲ་ཡི་མདུན་ན་བྱམས་པའི་གོ་ཆ་ཅན། །གཉེན་ལ་ལྷག་པར་བརྩེ་བ་གཏན་སྤང་པའི། །

རིགས་དྲུག་འགྲོ་རྣམས་བློ་རྩེ་གཅིག་ཉིད་ཀྱིས། །བདེ་བར་འགོད་པ་མཛད་པའི་ཁྱེད་ལ་དད། །

ངོ་ཚ་སྤང་ཞིང་ལྷག་པར་གཏུམ་པ་དང་། །སྙིང་བརྩེ་མེད་པར་སྲོགས་ཆགས་འཇོམས་པའི་དབང་། །

འཇིག་རྟེན་གཞན་གྱི་སྟོན་པ་དེ་དག་ཀྱང་། །མཐོང་ནས་སླར་ཡང་གློ་བ་ཁྱེད་ལ་དགའ། །

དེ་ལྟར་ཁྱེད་ཀྱི་ཞབས་ཟུང་པདྨའི་ཕོན། །འཇིག་རྟེན་སྐྱོང་བ་ཚོགས་ཀྱི་འཆང་འགྱུར་པས། །

དགེ་ལེགས་ཕུན་ཚོགས་གཟུགས་སུ་གྲུབ་གྱུར་ན། །ལྷ་ཡི་གྲོང་ཀྱང་རྫོགས་པར་མི་འགྱུར་རམ། །

བསམ་གཏན་ཆུང་ངུ་ཙམ་ལ་རྟེན་ནས་ནི། །འཇིག་རྟེན་གཡོ་བ་བྱས་པའི་གྲུབ་པའི་ཁྱུ། །

དེ་དག་རྣམས་ཀྱང་ཁེངས་པ་ཞི་གྱུར་ནས། །ཡན་ལག་མཆོག་གིས་འདུད་པ་མ་ལགས་སམ། །

རལ་བ་འཆང་ཞིང་དབྱུགས་པ་ཐོགས་པ་ཡི། །རྟོག་གེ་ངན་པའི་རྒོལ་བ་མ་ལུས་པ། །

རབ་ཏུ་བཏུལ་བར་མཛད་པའི་གྲགས་པ་ཡང་། །འཕགས་བོད་མཁས་པའི་ཚོགས་ཀྱི་རྣ་བར་སྙན། །

ཚངས་པའི་འཇིག་རྟེན་འགུལ་འགུལ་བྱས་པ་ཡི། །ས་སྐྱོང་ཚོགས་རྣམས་རབ་ཏུ་ཕམ་མཛད་པའི། །

སྙིང་རྗེའི་སྣུམ་དང་བྲལ་བའི་དཔུང་ལས་སྐྱེས། །ཡང་དག་ལེགས་པའི་ལམ་དུ་བཀོད་པ་མཛེས། །

ཡོད་མེད་མཐའ་རྣམ་པར་མ་འདྲེས་པའི། །དྲི་མེད་གསུང་གིས་འདོམས་པ་དེ་དག་ཀྱང་། །

ཁྱེད་གཅིག་ཁོ་ནས་སྟོན་པར་ནུས་པ་ལས། །གཞན་དག་སུ་ཞིག་འགྲན་དུ་མ་ལགས་སོ། །

དེ་ལྟར་བསྟོད་པས་དགེ་ཚོགས་ཟླ་བའི་འོད། །བདག་ཡིད་ཆུ་སྐྱེས་ཚལ་དང་མི་བྲལ་བར། །

འཇིག་རྟེན་མགོན་ཁྱེད་བཞུགས་པའི་ཁང་བཟང་དེར། །བགྲོད་པའི་ཐེམ་སྐས་རིམ་པར་འགྱུར་བར་ཤོག །

དེ་ལྟར་ཆོས་ཀྱི་རྗེ་ཆེན་པོར་བསྟོད་པ་མ་དད་པ་རྣམ་པར་འཇོམས་ཤིང་དད་པའི་གནས་སྟོན་པ་ཞེས་པ་འདི་ནི་ཤར་སྨར་ཁམས་པའི་ཡུལ་དུ་ལྷ་འདུས་རྣམ་པར་སྣང་མཛད་ཅེས་འཇིག་རྟེན་ན་བྱིན་རླབས་ཅན་ཞེས་བཞུགས་པ་དེ་དང་ཉེ་བའི་སར་སྟག་གི་ལྗོངས་ཞེས་པའི་གྲོང་དུ་སྐྱེས་པའི་རིག་པ་སྨྲ་བའི་མགྲིན་པ་ཅུང་ལྡན་པ་འཆི་མེད་ཀྱིས་ནུབ་ཕྱོགས་ཡུ་རོབ་ཀྱི་རྒྱལ་ཁབ་ཨོའུ་སེ་ཋེ་རེ་ཡ་ནས་བྲིས་པ་དགེ །

རྩོམ་སྒྲིག་པ་སྟག་ལྗོངས་འཆི་མེད། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་སྟག་ལྗོངས་འཆི་མེད་ལགས་ནི་འཕྲིན་ཕྲན་ནམ་སྨྱུག་མིང་ལ་སྨར་འཐོར་རླུང་ལགས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*