འདར་གྲོང་མོ་ཆེ་དགོན།

འདར་གྲོང་མོ་ཆེ་དགོན།

མཚན་རྒྱས་པར། འདར་གྲོང་མོ་ཆེ་ཆོས་འཁོར་ཡང་རྩེ་ཞེས་ཞུ། བླ་མ་ཐང་སྟོང་ནས་ཟམ་པ་ཐོན་ཏེ་སྤྱི་ལེ་ཁ་ཤས་ཤིག་ལྷོ་ངོས་སུ་ད་ལྟའི་ལྷ་རྩེ་རྫོང་གནས་ཡུལ་དུ་སོང་ན་ལྷ་རྩེ་རྫོང་དུ་མ་སླེབས་ཙམ་གྱི་ཟམ་སྣེར་དགོན་དེ་མཇལ་བ་ཡིན། འདར་གྲང་མོ་ཆེ་ཞུ་བ་ནི་ཐོག་མར་གུ་རུ་རིན་པོ་ཆེ་གྲུམ་པ་གྱང་ཞེས་པར་སྲིན་པོ་དམ་འདོག་གནང་བར་ཕེབས་ཏེ་ཡག་རི་ཞེས་པའི་རྩེ་ནས་གཟིགས་པས་སྲིན་མོ་བྲོས་ཏེ་འདར་བ་གཟིགས་པས་འདར་ཞེས་པ་དེ་ལྟར་བྱུང་། དེ་ནས་འཆོལ་བོ་ཞེས་པ་སླེབས་སྐབས་སྲིན་མོས་མ་རྙིད་པར་འཚོལ་བ་གཟིགས་པས་འཚོལ་བོ་ཞེས་པ་དེ་ལྟར་བྱུང་། དེ་ནས་སྲིན་མོ་ཕྱི་རྒྱབ་ཅེས་པར་སླེབས་སྐབས་ཕྱི་ལྟད་སློག་པས་ཕྱི་རྒྱབ་ཅེས་པ་དེ་ལྟར་བྱུང་།དེ་ནས་གྱང་ཞེས་པར་སླེབས་སྐབས་སྲིན་མོ་དཀའ་སྟེ་གྱང་ཙམ་གྱང་ཙམ་ལས་འགྲོ་མ་ཐུབ་སྟབས་གྲུམ་པ་ཞེས་པ་དེ་ལྟར་བྱུང་། གྲུམ་པ་གྱང་དུ་སྲིན་མོ་དམ་འདོག་གནང་། ཡུལ་ལུང་སོ་སོར་མིན་དེ་ལྟར་ད་ལྟའང་འབོད་ཀྱི་ཡོད། ཐོག་མར་མཚར་ཆེན་བློ་གསལ་རྒྱ་མཚོས་འདར་སྟོད་རྣམ་རྒྱལ་སྟག་རྩེར་དགོན་ཞིག་ཕྱག་བཏབ་གནང་མཛད། འདར་གྲང་མོ་ཆེ་ད་ལྟའི་རྫོང་གི་སྨན་ཁང་ཡོད་སར་རྗེ་འབངས་ཉེར་ལྔའི་ནང་ཚན་རྨ་ཐོག་རིན་ཆེན་གྱི་གདན་ས་ཡིན་པ་ལ་རྗེས་སུ་དགོན་དེ་སྟོངས་རྗེས་མཚར་ཆེན་གྱི་དགོན་པ་གནས་དེར་སྤོས་གནང་བ་ནས་བཟུང་འདར་གྲང་མོ་ཆེ་ཞུ་བ་དེ་ལྟར་བྱུང་། དེ་ནས་རིམ་བཞིན་མང་ཐོས་ཀླུ་སྒྲུབ་རྒྱ་མཚོ་དང་། འཇམ་དབྱངས་མཁྱེན་བརྩེ་དབང་ཕྱུག་ མཁན་ཆེན་བསླབ་གསུམ་རྒྱལ་མཚན། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན་སོགས་དང་རྗེས་སུ་པཎ་ཆེན་ངག་དབང་ཆོས་གྲགས་ལ་སོགས་རིམ་པར་བྱོན་ཏེ་མཛད་པ་བསྐྱངས། སྔར་འདུ་ཁང་ཀ་བ་༢༥ནང་ཚར་ཆེན་གྱི་སྐུ་སྨར་གདུང་བཞུགས་པའི་གསེར་གདུང་དང་། གཙང་ཁང་སྦུག་མར་གསེར་ཟངས་ལས་གྲུབ་པའི་དུས་གསུམ་སངས་རྒྱས་དང་སྒྲོལ་མ་གསུང་བྱོན་མ། འདུ་ཁང་ཡང་སྟེང་ལམ་འབྲས་ལྷ་ཁང་ནང་གསེར་ཟངས་ཀྱི་ལམ་འབྲས་བླ་རྒྱུད། མགོན་ཁང་མེ་ཐུབ་མ་ཞེས་པའི་ནང་གུར་ལྷ་བརྒྱད་ལ་སོགས་རྟེན་གསུམ་ཁྱད་པར་ཅན་བཞུགས་སུ་གསོལ་བ་མཇལ་རྒྱུ་ཡོད་ལ་དགེ་འདུན་༦༠ལྷག་གིས་ཚར་ལུགས་ཀྱི་བཤད་སྒྲུབ་གཉིས་ལྡན་ཕྱག་བཞེས་མཛད་བཞེས་མཛད་པས་ཚར་ལུགས་ཀྱི་གདན་ས་ཞིག་དུ་གྱུར་བ་བཅས་ཡིན།

ད་ལྟ་སྔར་གྱི་དགག་དབྱེའི་གླིང་ཁ་ཡོད་སར་གསར་བཞེངས་གནང་བའི་ནང་སྨན་འདམ་ལས་གྲུབ་པའི་ཐུབ་དབང་གི་སྐྱ་བརྙན་གཙོ་བོར་གྱུར་པའི་ཚར་ཆེན་བློ་གསལ་རྒྱ་མཚོའི་དང་། རྣམ་སྣང་། གུ་རུ་རིན་པོ་ཆེ་ལ་སོགས་གསར་བཞེངས་གནང་བ་མཇལ་རྒྱུ་ཡོད།

ཡང་དགོན་དེ་ནས་ས་སྐྱའི་ཕྱོགས་སུ་སོང་ན་མཛེས་པ་དགོན་ཞེས་པ་དང་། འཛིམ་དགོན་ཞེས་པ་སོགས་བསྐྱར་བཞེངས་གནང་བ་མཇལ་རྒྱུ་ཡོད།།

བོད་དང་ཧི་མ་ལ་ཡ་ལོ་རྒྱུས་དྲ་བ་ལས་བཏུས།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*