མེ་ཆར། ནང་ཆེན།
༡
ས་སྲོད་ཀྱི་ཁོར་ཡུག་ནག་པོ་དེས།
རྒྱང་རིང་མིག་གི་མཐོང་ལམ་བཀག
མགོ་བོ་དགྱེ་ནས་བལྟས་དུས།
ཆུ་འཛིན་གྱི་གཟུགས་བརྙན་སྣ་ཚོགས་ནུབ་རི་མཐོན་པོའི་ཕྲག་ཏུ་ཉལ།
ཁུ་སིམ་སྣང་བས་ཟོས་པའི་དབེན་འཇགས་ཀྱི་མཚན་མོར།
སྐར་ཚོགས་ཀྱིས་མིག་ཟུང་དྲ་བས་བཅིངས་པའི་ནམ་མཁའ་ཁྲ་ཆིལ་དགུ་ཆིལ་ནས།
ཟླ་འོད་ཅིག་ག་ལེར་འཛུམ་གྱིས་གསལ་བས།
མཚན་མོའི་འདིའི་གཏམ་རྒྱུད་ལྷོད་ཀྱིས་བྲིས།
༢
ལྷིང་འཇགས་ཀྱི་མཚན་མོའི་ཞི་འཇམ་དག་ང་ལ་དབང་བའི་འཇིག་རྟེན་ཡིན་ལ།
ང་ལ་དབང་བའི་མཛེས་སྡུག་གི་བར་སྟོང་ཡིན།
དེ་ནི་རང་གི་ནང་སེམས་ལ་ཞི་བདེ་དང་བདེ་སྐྱིད་ཀྱི་འོད་སྣང་འཁྱིལ་བའི་དུས་ཚོད་ཅིག་ཡིན།
མཚན་མོར་བསིལ་རླུང་དལ་བུར་ལྡང་ཐེངས་རེར།
སྣོད་ཀྱི་འཇིག་རྟེན་ལྷིང་དུ་འཇགས་པས།
སྲིད་པའི་ངལ་དུབ་དག་ཐེངས་གཅིག་ལ་སངས།
ནང་བཅུད་ཀྱི་སེམས་ཅན་གཉིད་ལ་རོལ་བས།
འཁོར་བའི་སྡིག་སྒྲིབ་སྣ་ཚོགས་ལན་གཅིག་ལ་བཀྲུས།
༣
བསིལ་ཟེར་རྐང་པའི་འོད་ཞབས་ཀྱིས།
མུན་པའི་ར་རི་ཡོངས་སུ་འཁྱུད་དུས།
ལོ་ཟླའི་རླབས་ཕྲེང་གི་རི་མོ་སྣ་ཚོགས་དགུ་ཚིགས་སྐྱ་མོའི་ཕག་ནས་དགོད།
མཚན་མོ་དེའི་མཚར་སྡུག་གི་འགྱུ་བག་ཁྲོད།
ངས་དྲན་པ་དང་མིག་ཟུང་ནང་དུ་བསྡུ་དགོས་བྱུང་།
ལྷིང་འཇགས་ཀྱི་མཚན་ངོགས་སུ།
མི་ཚེའི་གླེགས་བམ་ནང་དུ་སྦས་པའི་གསང་བ་མཐའ་དག
ད་དུང་ས་མཐའ་ནས་ས་མཐར་ལུས།


དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།
You must be logged in to post a comment.