ཆབ་མདོ། འོད་འཛིན་མ།
ཞེ་སེམས་ཀ༵་ནས་དག་པའི་བྱམས་ལྡན་གྱི་མ་མ།།
དབུ་སྐྲའི་ཁ༵་དོག་འགྱུར་བའི་ལུས་ངག་གི་བདག་མོ།།
བཞིན་ཞལ་ག༵་ལེར་འཛུམ་པའི་ཡ་ཁོག་གི་གཉེར་མ།།
བུ་ངན་ང༵་ལ་གནང་བའི་བརྩེ་འདང་གི་ལེགས་སྐྱེས།།
འཁོར་བའི་ཅ༵་ཅོར་སུན་ཡང་བློས་གཏོང་ནི་མི་ཐུབ།།
དགའ་སྡུག་ཆ༵་འཇོག་བྲལ་བའི་མི་ཚོགས་ཀྱི་ཁྲོད་དུ།།
ལུས་སེམས་ཇ༵་ཡུན་ཙམ་ལ་དལ་ལོང་རང་མེད་པའི།།
མ་ཁྱོད་ཉ༵་གང་ཟླ་བའི་ཉིན་སྲིབ་ནས་དྲན་བྱུང་།།
ཚ་ཤིང་ཏ༵་ལའི་ལོ་མའི་གྲུབ་གཟུགས་ཀྱི་འོག་ནས།།
བརྩེ་བའི་ཐ༵་སྙད་མཐའ་དག་ང་རང་ལ་བཀོལ་ཏེ།།
འདས་མ་ད༵་གསུམ་དམར་ཆུང་སྙིང་དབུས་སུ་སྦྲུམ་མཁན།།
སེམས་ཁྲལ་ན༵་ཟུག་ལྕི་བའི་མ་རྒན་ལས་སུ་ཡོད།།
གསེར་གྱི་པ༵་ཏྲ་ལྟ་བུའི་ཡ་རབས་ཀྱི་སྤྱོད་བཟང་།།
རིན་ཅན་ཕ༵་ནོར་འདྲ་བའི་ཟས་གོས་ཀྱི་རྩེ་གྲས།།
དཀར་དཀར་བ༵་མོ་ལྟ་བུའི་ནང་སེམས་ཀྱི་ཞལ་གསུང་།།
བྱམས་ལྡན་མ༵་ལོ་ཁོ་ནས་རང་རྒྱུད་ལ་གནང་ཡོད།།
ཡུམ་ཆེན་ཙ༵་རུ་ཡོད་དུས་བཀའ་དྲིན་ནི་མ་ཚོར།།
དགའ་སྡུག་ཚ་༵གྲང་ལྕི་ཡང་མཉམ་འགྲོག་ནི་མ་ཁོམ།།
འཁོར་བའི་ཛ་༵དྲག་ཀློང་ན་འོ་བརྒྱལ་རང་ཆེ་བའི།།
ཨ་མ་ཝ་༵ལེ་ཝ་ལེར་ཡིད་ཡུལ་ལ་འཁོར་བྱུང་།།
ཐབས་ཆགས་ཞ༵་ལྷམ་རལ་བའི་ནང་ཁུད་དུ་འཚོ་ཞིང་།།
སྟབས་བདེའི་ཟ༵་གོས་བརྟེན་ལ་སུན་སྣང་ཡང་མེད་པར།།
འཇིག་རྟེན་འ༵་འུར་གྲོང་ན་མངོན་ཆུང་གིས་གསོན་པའི།།
ཨ་མ་ཡ༵་ཆུང་མེ་ཏོག་སྐད་ཅིག་གིས་བགྲེས་སོང་།།
བྱམས་བརྩེའི་ར༵་མདའ་སྦྲན་ལ་མཚམས་འཇོག་ནི་མི་བྱ།།
འཁོར་བའི་ལ༵་ཐུར་འགྲིམ་ལ་གོམ་ཆུང་ནི་མི་ལྷོད།།
ལུས་ཀྱི་ཤ༵་རུས་ཟད་པའི་འཇིག་རྟེན་གྱི་བགྲེས་མོ།།
ས་མཐའི་ས༵་མཐའ་ཞིག་ནས་དྲན་གདུང་གིས་མནར་སོང་།།
འདི་ལྟར་ཧ༵་ཅང་དྲན་པའི་ལོ་ཟླ་ཡི་གསེབ་ནས།།
དྲིན་ཆེན་ཨ༵་མ་བདེ་མིན་དུས་ཀུན་ཏུ་ཐོས་མོད།།
འགྲམ་པ་འགྲམ་པར་སྦྱར་བའི་ལས་སྐལ་དེ་ཉུང་ཞིང་།།
མི་རྟག་འཁོར་བ་བསམ་ན་མཇལ་འདོད་ཀྱིས་གདུང་ཡོང་།།


དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།
You must be logged in to post a comment.