མེ་ཆར། ནང་ཆེན།
རབ་རིབ་སེམས་ཀྱིས་བྲིས་པའི་འཇིག་རྟེན་གྱི་གྲོང་ན། །
དགའ་སྡུག་འཚོ་བ་མདང་གི་རྨི་ལམ་དང་འདྲ་སྟེ། །
ལག་པའི་སོར་མོ་བཀུག་སྟེ་བརྩིས་ཤིག་རྒྱབ་ན། །
ལོ་ཟླ་མང་པོ་གར་སོང་འདིར་སོང་ནི་མ་ཤེས། །
ལང་ཚོ་མེ་ཏོག་བཞད་པའི་གོ་སྐབས་ནི་སྐད་ཅིག །
འཚོ་བའི་བདེ་དྲོད་འཐུང་བའི་ལས་སྐལ་ཡང་ཐུང་ཐུང་། །
སྲིད་པ་ཀྱག་ཀྱོག་ཅན་གྱི་ལམ་ཕྲན་ནི་དོག་མོ། །
དབང་མེད་ལས་ཀྱིས་བསྐྱལ་བའི་འཁོར་འདུས་ཀྱི་མགྲོན་པོ། །
ལོ་དང་ཟླ་བས་ཁྱེར་བའི་མཛེས་སྡུག་གི་རྨི་ལམ། །
སོས་མེད་སེམས་ཀྱི་ལོ་ཟླ་ག་ཙམ་ལ་རོལ་བ། །
རྫོགས་མཐའ་བྲལ་བའི་འཇིག་རྟེན་ཐོབ་ཤོར་གྱི་མི་ཚེ།།
དུས་བཞིའི་འགྲོས་ལ་འཁྱུད་པ་མི་མོ་ངའི་ལས་དབང། །
དུས་ཚོད་སྐར་ཆའི་བར་སྟོང་རེ་རེ་ཡི་ཁྲོད་ནས། །
དུས་ཀྱི་ཆོས་ཉིད་འབྲི་བར་ཧ་ཅང་ཞིག་མོས་དོན། །
རྒྱང་ལ་ཡལ་བའི་ལོ་ཟླའི་ངོ་གདོང་ལ་བསམ་ན། །
བརྗེད་མེད་དྲོད་ཀྱིས་ལྟེམས་པའི་བུམ་པ་དེ་ཡིན་ནོ། །
ལོ་ཟླའི་འགྲོས་དེ་བཟུང་ནས་བཀྱིག་རྒྱུ་ཡང་མ་བྱུང་། །
འདས་པའི་དོན་དེ་བསུབས་ནས་ཡལ་རྒྱུ་ཡང་མི་འདུག །
འཇིག་རྟེན་ཞེ་བློ་བདེ་བའི་ཏིང་འཛིན་རེ་བསྒོམས་ན། །
འདས་པའི་ལོ་ཟླ་ཟིན་པའི་ངེས་ཤེས་ཤིག་འདྲོང་ངམ། །
མི་ཚེ་གོམ་ཆུང་རེ་རེ་མདུན་ཕྱོགས་སུ་སྤོས་ཀྱང་། །
མཁའ་མཐའི་ཉི་མའི་ཟེར་མདངས་ནུབ་ཕྱོགས་སུ་ཡིབ་དུས། །
ཆོས་ཉིད་སྒྱུ་མའི་ཆོ་འཕྲུལ་སེམས་ཁོང་ལ་ལྷུང་དུས། །
རྨི་ལམ་ལྷག་མ་མྱོང་བའི་འཇིག་རྟེན་གྱི་སྟོང་འདང་། །
རེ་བ་སྟོང་གིས་ཁེངས་པའི་བགྲང་བྱ་ཡི་འཁོར་ལོ། །
སྟོང་བསམ་འཆར་གཞི་ཆེན་པོའི་ས་གཞི་ལ་བཀོད་ཀྱང་། །
ཕྱི་ནང་རྣམ་གཡེང་ལེ་ལོའི་འདུ་འགོད་ཀྱི་དབང་གིས། །
མ་འགྲུབ་མ་འཁྱོང་བར་ནས་ལོ་ཟླ་འདི་བཞུད་སོང་། །
དགའ་སྐྱོ་གླུ་རུ་ལེན་འདོད་འགོག་མེད་ཀྱི་གཙང་པོ། །
བདེ་སྡུག་དབྱངས་སུ་གྱེར་འདོད་རྟོག་པ་ཡི་རྦ་རླབས། །
ལྷིང་འཇགས་སྐར་ཚོགས་འཛུམ་པའི་འཁོར་ཡུག་གི་ཁྲོད་ནས། །
ལྕགས་སྨྱུག་ཕྲ་མོས་སྙན་ངག་ཐན་ཐུན་རེ་འབྲི་འདོད། །
ཡོད་ཡོད་ཚད་མར་འཛིན་པའི་འཇིག་རྟེན་གྱི་གྲོང་ནས། །
དོན་མིན་དོན་དུ་འཛིན་པའི་ཆོ་འཕྲུལ་ལ་ཞུགས་ཤིང་། །
ཆགས་སྡང་དགའ་སྐྱོའི་གཟེབ་ཏུ་ཡང་ཡང་དུ་ཚུད་པའི། །
ཀུན་རྫོབ་སྒྱུ་མའི་ཁམས་ནས་ཨ་ཐང་དེ་ཆད་སོང་། །


དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།
You must be logged in to post a comment.