རྗེས་དྲན་དབྱངས་ཀྱི་འབོད་པ།

རྫ་ཤུལ་བློ་བཟང་།

གྲུབ་པའི་རྟགས་མཚན་གྱིས་འགྲོ་བའི་ཁ་ལོ་བསྒྱུར་ཅིང་། །
མཁས་པའི་ལེགས་བཤད་ཀྱིས་ཕས་རྒོལ་རྩ་ནས་འཇོམས་པ། །
རིགས་ལམ་གསེར་སྐུད་ཀྱིས་སླས་པའི་གླེགས་བམ་དཀར་པོ། །
ཐུབ་བསྟན་ལུང་རྟོགས་ཀྱི་བསྟན་པའི་མཛེས་རྒྱན་གཅིག་པུ། །
གཉུག་སེམས་ཉམས་མགུར་ཞིག་ལེན་གྱིན་གང་ན་བཞུགས་ཡོད། །
གདུང་བའི་འབོད་པ་འདི་ཐོས་བསམ་བདག་ཡིད་ལྷ་མཆོག །

ཀླུ་སྒྲུབ་ཡབ་སྲས་ཀྱི་གདམས་ཟབ་ཐུགས་ལ་སྙལ་བའི། །
མ་བཅོས་ཐོལ་བྱུང་གིས་རྡོལ་བའི་དབྱངས་ཀྱི་མེ་ཏོག །
གང་ཤར་རང་གྲོལ་གྱི་གཟུགས་སྐུ་མཐོང་གྲོལ་ཆེན་མོ། །
གདོད་མའི་ཆོས་ཉིད་ཀྱི་གདངས་སུ་བཞེད་པ་བདེན་ནམ། །
དད་པའི་མཆོད་སྟེགས་ཀྱི་རྩེ་ན་ཁད་ཀྱིས་བཞེངས་མཁན། །
གསོལ་འདེབས་འབུམ་ཕྲག་ཅིག་གང་གི་འཁྲིས་སུ་སྤུངས་ཡོད། །
འབོད་པ་རིང་མོ་ཡང་ངག་ནས་ཐོལ་གྱིས་བླངས་ཡོད། །

ཟོལ་མེད་བྱམས་བརྩེ་ཡིས་ཕྱུག་པའི་བརྩེ་བའི་མངའ་བདག །
སྒྱུ་འཕྲུལ་སྣ་ཚོགས་ཀྱིས་བསྐྱངས་བའི་མཛད་འཕྲིན་དཀར་པོ། །
སྲིད་གསུམ་སྐྱེ་དགུ་ཡི་གཙུག་ན་མཐོན་པར་བསྒྲེངས་གདའ། །
འཆི་མེད་དགའ་ཚལ་ན་བཞུགས་པའི་གསེར་མདོག་ཉི་གཞོན། །
དད་པའི་གུར་ཁང་ན་འཚེར་བའི་བྱང་དཀར་སྨེ་བདུན། །
བྱམས་བརྩེའི་ཕྱག་ཟུང་གིས་སླར་ཡང་བསྐྱང་ན་བསམ་སོང་། །
གདམས་ངག་སྙན་མོ་དག་ཡང་བསྐྱར་ཐོས་སྙིང་མོས་སོང་། །
བསོད་ནམས་གཟི་དཔལ་གྱི་གཟུགས་སྐུ་མཐོང་བར་སྤྲོ་བས། །
རང་སེམས་རིག་པ་ཡི་ངོས་ནས་ཞལ་གཟིགས་གནོངས་ཤོག །

 

འགྲོ་བའི་བསོད་ནམས་ཀྱི་དབུ་འཕང་དམའ་རྒྱུ་མང་སོང་། །
གཟུགས་སྐུ་ཆོས་དབྱིངས་སུ་ཐིམ་པ་དངོས་ནས་སྔ་སོང་། །
མིག་ཆུའི་བཞུར་རྒྱུན་འདི་གཙང་བོའི་རླབས་དང་འདྲེས་ཀྱང་། །
སྐྱེས་བུ་ཁྱུ་མཆོག་ཁྱེད་སླར་ཡང་མཇལ་ཐབས་དཀའ་སོང་། །
རླུང་བུ་འཇམ་པོ་འདི་ཐུགས་ཀྱི་ཡོན་ཏན་སེམས་ནས། །
སྦྲང་ཆར་ཟིལ་མ་ཡང་གསུང་གི་བདུད་རྩིར་བསྒོམས་ཏེ། །
ཉི་ཟླའི་སྙན་ཚིག་གི་གདམས་པ་ཡང་ཡང་མཇལ་བཞིན། །
དང་བའི་མཁན་དབྱིངས་སུ་འཚེར་བའི་སྨིན་དྲུག་རི་མོ། །

འོད་ཟེར་དཀར་པོ་ཞིག་ནམ་མཁའི་དབྱིངས་སུ་ཐིམ་སོང་། །
གསེར་མདོག་ཉི་གཞོན་ཡང་ནུབ་རིའི་རྩེ་ནས་བརྒལ་སོང་། །
གདུང་བའི་སྐྱོ་མགུར་གྱི་ཁྲོད་དུ་ལུས་པའི་བདག་ཅག །
སྣང་སྟོང་ཉམས་མགུར་དེ་སྨྲེང་བའི་དཔུང་རོགས་ཡིན་སོང་། །
མིག་ཆུ་ཕྲེང་བ་ཡང་གཙང་བོར་འདྲེས་ཚུལ་གླེང་ཡོད། །
ཚོར་བའི་གཟུགས་བརྙན་དེའི་ཁ་དོག་འགྱུར་ཚུལ་བཤད་ཡོད། །

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།