ཉམས་རྒུད་ཁྲོད་ཀྱི་ཕ་སྐད་མ་ཡིག

རྩོམ་པ་པོ། བདེ་ཆེན་ངག་གྲོལ།

༡༽

ཕྱི་ནང་འཁོར་བའི་རྟེན་འབྲེལ་རྟོགས་པའི་འོད་གསལ་ལྷ་ཡི་གཉུག་གཤིས་ཀློང་། །
ངག་རིག་ཚིག་གི་མེ་ཏོག་ལྡེམ་འདྲ་སོར་རྩེའི་པི་ཝང་སིལ་སིལ་དཀྲོལ། །
ངག་དབང་ལྷ་མོ་སྐུ་བཞིའི་ས་རུ་གདོད་མའི་རྒྱལ་སར་ཕྱིན་པ་མོས། །
སྙན་པར་སྨྲ་བ་ངག་རིག་ཚིག་གི་སྤྲིན་གྱི་མེ་ཏོག་སྙིལ་བར་མཛོད། །

༢༽

དེང་དུས་མི་ཡི་སྤྱོད་ཚུལ་ཁྲོད་ནས་མི་རིཊ་ཤིག་གི་ཉམས་རྒུད་ཡོ༵ད། །
ཕ་དང་ཨ་མའི་བྱམས་བརྩེའི་དབར་ན་ཁྱིམ་ཚང་ཞིག་གི་ཉམས་རྒུད་ཡོ༵ད། །
མི་ཚེ་ཕྲ་མོའི་བདེ་སྡུག་ཀློང་ན་སྐད་དང་ཡི་གེ་ཉམས་རྒུད་ཡོ༵ད། །
ཆོ་མེད་བུ་ཡི་རིགས་རུས་བཙོང་བའི་ང་དང་མེས་པོའི་ཉམས་རྒུད་ཡོ༵ད། །

༣༽

མི་ཚོགས་འདུས་པའི་ཁྲོམ་ཆེན་འདི་ནས་རང་སྐད་བཙོང་བའི་མི་རིགས་འདིས། །
ཕ་དང་མེས་པོའི་སྐད་ཡིག་འདི་ཡང་རྩ་མེད་གཏོང་བའི་ཉན་བརྡ་ཡོད། །
ཤེས་མདོག་བྱེད་ནས་དག་མ་དག་ལས་གཞན་སྐད་ཅུང་ཙམ་སྨྲ་ལ་དགའ། །
དེང་དུས་མི་ཡི་སྤྱོད་ཚུལ་འདི་ཡིས་སྲོལ་རྒྱུན་ཟེར་བ་ཡིད་ལ་མེད། །

༤༽

དེང་སང་འདི་ན་ཕལ་བའི་མི་ཡི་ཕལ་ཚུལ་སྟོན་པའི་དུས་ཤིག་ན། །
ཕ་སྐད་བརྗེད་པའི་ཕ་དང་ཨ་མའི་རུས་པ་དཀར་པོ་ས་ལ་ཐིམ། །
ང་ཚོ་འདི་ན་འཚོ་བ་རོལ་ཡང་འཚོ་བའི་དྲོད་ཁུལ་ཡེ་ནས་མེད། །
འུ་ཚོས་བླ་གནས་སྲོག་གི་པང་ན་སྲོག་གི་ཨ་ཐང་ཆད་ལ་རན། །

༥༽

རང་སྐད་བོར་བའི་ཨ་མའི་པང་ན་འུ་འཚོ་འཚོ་བའི་དགའ་བདེ་ག༵ང་། །
ཁྱིམ་ཚང་ཞིག་གི་གཞིས་ཀ་དེ་རུ་སྐད་དང་ཡི་གེ་ཐ་སྙད་ག༵ང་། །
དེང་དུས་འདི་རུ་བོད་དང་བོད་མིའི་ཕ་སྐད་གཙང་མའི་གླེང་མོ་ག༵ང་། །
མི་རིགས་འདུས་པའི་ཁྲོམ་ཆེན་དེ་རུ་འུ་ཚོས་སྐད་ཡིག་ཉམས་བཞིན་འདུག །

༦༽

བྱིས་པའི་དུས་ནས་རང་སྐད་མི་བཤད་གཞན་སྐད་རེ་བྱུང་སྨྲ་ལ་དགའ། །
ཁྱིམ་ཚང་དེ་རུ་བུ་དང་བུ་མོའི་གོམས་ཁ་སྒྱུར་ནས་རྒྱ་སྐད་བཤད། །
ཕ་དང་ཨ་མའི་སློབ་གསོ་མེད་པ་གཞན་སྐད་ཐ་ཐོལ་སྨྲ་ལ་དགའ། །
མི་རིགས་འདི་ཡི་སྐད་དང་རིགས་གཞུང་སྔ་སྲོལ་བུ་ཡིས་དོར་བཞིན་འདུག །

༧༽

འཁྱམས་པོའི་མི་ཡིས་སྤྱི་ཚོགས་ཁྲོད་དུ་མི་རིགས་ཤིག་གི་བརྩེ་མདངས་བོར། །
རང་སྐད་མི་འཛིན་སེམས་པའི་ཟུངས་ཁྲག་དེང་དུས་འདི་ནས་ཕྱི་རུ་ཤོར། །
ཕ་དང་ཨ་མའི་རང་སྐད་གཙང་མ་རྒྱ་གྲོང་དཀྱིལ་ནས་ཕྱི་རུ་གཏོང་། །
འུ་ཚོ་འདི་ན་མི་རིགས་ཤིག་གི་སྲོག་གི་ཨ་ཐང་ཅི་ཡང་སྦྲན། །

༨༽

འུ་ཚོའི་བླ་གནས་འཚོ་བའི་ཀློང་ན་སྲོག་གི་ཚེ་འབར་མར་མེ་འདི། །
འུ་འཚོ་འདི་ནས་མི་རབས་ཕྲེང་བའི་སྔོན་སྲོལ་བུ་ཡི་འཛིན་བཞིན་དུ། །
འུ་ཚོའི་སྐད་ཡིག་ལོ་རབས་ཕྲག་བརྒྱའི་དུས་བཞི་སྐྱོད་པའི་ཤུགས་འགྲོས་འོག །
སྐད་དང་རིགས་གཞུང་མི་རིགས་ཤིག་གི་སྲོག་གི་པང་ཅི་དགར་འཁྱུད། །

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།